Monday, April 23, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ།

ཀི་ལི་ཧྥོ་ཉའི་དབྱར་ཀའི་མཛེས་་ལྗོངས།
ཉིན་མོ་འདི་ནི་གཟའ་ཟླ་བའི་འཆར་ཅན་བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་མོ་དེ་ཡིན། ཞོགས་པ་ལངས་ནས་ཁ་འདོན་རྣམས་འགོ་འཛུགས་བྱས་དུས་དེ་རིང་ངོས་ཀྱི་རྙིང་མ་དང་བཀའ་བརྒྱུད་ཁ་འདོན་བེའུ་བུམ་གྱི་ཁྲོད་དུ་དགེ་ལུགས་པའི་རྡོ་རྗེ་འཇིགས་བྱེད་ཀྱང་འཚང་ཁ་རྒྱབ་ནས་སླེབས་འདུག དེ་ནི་སྔ་ལོར་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་མདུན་ནས་འཇིགས་བྱེད་དཔའ་གཅིག་གི་དབང་ཞུས་པའི་སྟབས་ཀྱིས་རེད། དགེ་ལུགས་པའི་གསར་ཆོག་རྒྱས་པ་དེ་འདྲ་མ་ལྕོག་ཀྱང་མཆོག་གླིང་གཏེར་གསར་འཇམ་དཔལ་ཕ་རོལ་རྒོལ་འཇོམས་རྡོ་རྗེའི་གསུང་བྱིན་རླབས་ཅན་དེ་ཉིད་ཀྱིས་འཐུས་པར་བྱས་ནས། ལར་ནི་དབང་ཞུ་བ་ལ་དགའ་ན་ཡང་ལེ་ལོ་ཅན་ང་ལ་ཁ་འདོན་རྒྱུ་ཇེ་མང་དུ་འགྲོ་བ་ལ་ཧ་ཅང་མཚེར་བས་ད་ནས་བཟུང་སྟེ་སྔར་ཐོབ་ཀྱི་དབང་དེས་ཆོག་ཤེས་པར་བྱ་དགོས་སྙམ། ཁ་འདོན་རྣམས་གྲུབ་པ་དང་ལྷན་འོག་ཤོད་ནང་དུ་བབས་ནས་ཞོགས་ཟས་སུ་བག་ལེབ་དང་སྒོ་ང་བཅས་ཟོས་ནས་ཕྱི་རོལ་དུ་རྐང་འགྲོས་སུ་ཆུ་ཚོད་གཅིག་ཙམ་སོང་ནས་ནང་དུ་འབྱོར། དེ་ནས་ཉིན་གུང་རྒྱབ་ནས་འཆར་ཅན་ལྟར་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་འཚོགས་ལ་སོང་བས་མི་གྲངས་ཉེར་ལྔ་ཙམ་གྱིས་ཚོགས་ཁང་ཕྱེད་ཀ་ཙམ་ཁེངས་སོང་། དེ་རིང་སྐད་བསྒྱུར་མེད་སྟབས་ངོས་ཀྱི་དབྱིན་ཇི་གོབ་ཏོ་དེ་སྐྱོན་ནས་ཁ་སང་ཉིན་གསུམ་གྱི་རིང་བྱེས་སོང་གི་ལོ་རྒྱུས་མདོར་བསྡུས་དང་སྦྲག་ནས་ཆོ་ག་བོད་ཀྱི་སྒྲ་གདངས་ཐོག་ནས་བཏོན་ཅིང་མདུན་བསྐྱེད་བསྡུ་ལྡངས་སྐབས་སུ་མཉམ་བཞག་སྐར་མ་ལྔ་ཙམ་བྱས་ནས་ཆོ་ག་མཐར་དབྱུངས། དེ་རིང་འདིར་ཞུགས་ཀྱི་འཚོགས་མི་རྣམས་ལ་ཁ་སང་གསུང་ཆོས་སྐབས་སུ་ཁུར་ཡོང་བའི་༧གོང་ས་མཆོག་གི་སྐུ་པར་རེ་ཕུལ་བས་ཧ་ཅང་དགའ་བོ་བྱས་སོང་། དེ་ནས་ཕན་ཚུན་གྱེས་བྲལ་གྱི་ཕྱག་རྒྱ་དང་། འཐམ་འཁྱུད། ལག་གཡུགས་སོགས་ཅི་རིགས་ཀྱིས་ཕེབས་རྫོང་བྱས་ནས་ནང་དུ་འབྱོར་ནས་དེ་རིང་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Sunday, April 22, 2012

ནང་དུ་འབྱོར་བའི་ཉིན་མོ།

ཉ་སྲོག་བླུ་བྱེད་བཞིན་པའི་སྐབས་སུ།
ཉིན་མོ་འདིར་ཆུ་ཚོད་བདུན་པའི་སྐབས་སུ་ལངས་ནས་ཞོགས་ཟས་ལ་རོལ་ཞིང་དེ་རིང་གི་ལས་ཀ་ནི་ངོས་ཀྱི་ཆོས་མཆེད་དམ་པ་སྐྱབས་རྗེ ཟིལ་དཀར་རིན་པོ་ཆེའི་ཆོས་ཚོགས་ནས་འདི་ནས་ཐག་མི་རིང་བ་ཞིག་གི་སར་ཡོད་པའི་རྒྱ་མཚོའི་འགྲམ་དུ་ཉ་ཚེ་ཐར་གཏང་རྒྱུ་དེ་ཡིན་པས་ང་ཚོ་ཚང་མ་དེར་སོང་། ཐེའུ་ཝན་དང་ཨ་རི་སོགས་གནས་པའི་རྒྱ་རིགས་འགའ་ཡིས་གྲ་བསྒྲིགས་ནང་བཞིན་ཉ་མང་པོ་ཞིག་སྲོག་བླུ་བྱེད་རྒྱུ་བྱུང་བས་ངོས་ཀྱང་ཧ་ཅང་དགའ་བོ་བྱུང་། འོད་དཔག་མེད་ཀྱི་མཚན་སྔགས་དང་མ་ཎི་སོགས་དབྱངས་རྟ་ལ་སྐྱོར་བཞིན་ཉ་རྣམས་རིམ་བཞིན་རྒྱ་མཚོའི་ནང་དུ་གཤོས། དེ་ནས་ཟ་ཁང་ཞིག་ནང་རིན་པོ་ཆེའི་སྐུ་འཁོར་རྣམས་དང་ལྷན་ཉིན་གུང་ཟ་མ་ལ་རོལ་བཞིན་ད་རེས་ཀྱི་གསུང་ཆོས་སྐབས་སུ་བཟང་པོའི་ཞོར་ལ་ཇ་ཆང་གི་དཔེ་ལྟར་དུ་ཆོས་གྲོགས་ཕན་ཚུན་མ་མཇལ་ཡུན་རིང་སོང་བ་རྣམས་མཇལ་ཞིང་ཕན་ཚུན་སྐྱིད་རབ་དང་ཡག་རབ་སོགས་ལུང་པ་གང་ཙམ་སྐྱིད་གཏམ་བཤད་རེས་བྱས་ཤིང་མཐར་ཕན་ཚུན་གྱེས་བྲལ་གྱི་ཕྱག་རྒྱ་དང་ཐོད་གཏུགས་སོགས་བྱས་ནས་འདུས་པའི་མཐའ་མ་བྲལ་བའི་ཆོས་ཉིད་ལྟར་རང་རང་སོ་སོའི་གནས་སུ་སོང་། ངོས་ཀྱང་ཨ་རིའི་གནས་སྡོད་རིན་པོ་ཆེའི་སློབ་མ་རྒྱ་རིགས་གཟའ་མི་གཉིས་ནས་ཟུར་དུ་ཡོད་པའི་གནམ་ཐང་དུ་བསྐྱལ་བྱུང་བས་སྤྱི་སྤྱོད་གནམ་གྲུ་མི་གྲངས་བཅུ་གཉིས་ཀྱི་ཤོང་ཚད་ཅན་ཞིག་ནང་དུ་ཞུགས་ནས་ཆུ་ཚོད་གཅིག་དང་སྐར་མ་བཞི་བཅུའི་སར་ཡོད་པའི་མོན་ཊེའི་རེའི་གནམ་ཐང་དུ་བདེ་འབྱོར་བྱུང་། གནམ་ཐང་རྒྱ་སྒོའི་འགྲམས་ནས་དད་ལྡན་མ་ཉི་ཧོང་མ་རྒན་སུ་སིན་ནས་ལག་ཏུ་ཁ་གཏགས་བཟུང་ནས་སྒུགས་འདུག དེ་ནས་ངེད་གཉིས་གཟའ་ཉི་མའི་འཆར་ཅན་གྱི་དགོངས་ཟས་ཤ་མེད་ཟ་ཁང་ཞིག་ནང་ནས་རྗེའུ་ཧྥུ་ནས་སྒུགས་ཡོད་སྟབས་དེར་སོང་ནས་ཤ་མེད་ཟ་མ་འགྲངས་ཚད་ཟོས་ནས་ནང་དུ་འབྱོར་ཞིང་ཉིན་གསུམ་རིང་གསུང་ཆོས་ཀྱི་སྔ་ལངས་ཉལ་ཕྱིའི་བྲེལ་ཟིང་གིས་དཀའ་ལས་ཁ་འདུག་སྟབས་ཉལ་སར་སོང་ནས་གཉིད་དུ་ཡུར།

Saturday, April 21, 2012

འཇིག་བྱེད་དངོས་བཞིའི་བཀའ་དབང་དང་། མི་མང་གཅིག་ཁྲི་ལྷག་ལ་བཀའ་སློབ་ཉིན་མོ།

ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་ལངས་ནས་སྐར་མ་སུམ་བཅུ་ཚམ་གྱི་སར་ཡོད་པའི་Long Beach Arena in the Long Beach Convention Center ཞེས་པའི་མི་མང་ཁྲི་གཅིག་ཙམ་ཤོང་ཚད་ཅན་གྱི་རྩེད་ཁང་ཆེན་པོ་ཞིག་གི་ནང་དུ་སྔ་དྲོ་ཆུ་ཚོད་བརྒྱད་པའི་སྐབས་སུ་དགའ་ལྡན་ཐུབ་བསྟན་དར་རྒྱས་གླིང་ནས་ཞི་ལྟར་གསོལ་འདེབས་ཞུས་པ་ལྟར་འཇིགས་བྱེད་ཀྱི་དངོས་བཞིའི་བཀའ་དབང་རིམ་བཞིན་རིགས་ལྔའི་དབང་ཆུ། ཅོད་པཎ། རྡོ་རྗེ། དྲིལ་བུ། མིང་དབང་བཅས་རྣམ་སྣང་། རིན་འབྱུང་། སྣང་མཐའ། དོན་འགྲུབ། མི་བསྐྱོད་པ། རིགས་ལྔའི་དབང་གིས་འགོ་འཛུགས་གནང་སོང་། དབང་གནང་བའི་སྐབས་སུ་དབང་དོན་རྣམས་གསེས་བཀྲོལ་གནང་ནས་མཐར་དབང་བཞི་པའི་སྐབས་སུ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་རང་གི་མྱོང་གོམས་རྟོགས་གསུམ་གྱིས་སྒོམས་དང་སྦྲགས་ནས་ངོ་སྤྲོད་གནང་སོང་བས་ལས་ངན་སྐལ་ཆད་རེ་ཟུང་ཡིན་ན་མ་གཏོགས་དབང་དོན་ཅིག་ཆར་དུ་ངོ་མ་འཕྲོད་ཀྱང་མཛུབ་མོ་རི་སྟོན་དཔེ་ལྟར་དུ་དབང་དོན་ལ་ངེས་ཤེས་ཀྱི་མོས་བློའི་བག་ཆགས་བཟང་པོ་རེ་མི་ཐེབས་མཁན་ཕལ་ཆེར་མེད་ཤས་ཆེ། རང་ཉིད་ལ་མཚོན་ན་བུམ་པ་ལག་ཏུ་བཟུང་མཁན་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཚད་ལྡན་ཞིག་མི་ཤེས་ཀྱང་། སོ་བྱང་སྔགས་གསུམ་གྱི་སྐབས་སུ་རྡོ་རྗེ་སློབ་དཔོན་གང་འདྲ་དགོས་མིན་དང་དེའི་མདུན་ནས་དབང་ཞུ་ཤེས་མཁན་གྱི་སློབ་མ་ཞིག་ཤེས་པས། དེ་སྔ་ཕན་ཆོད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སང་ཉིན་འཕྲོ་སྐྱང་གི་ཡིན།

Friday, April 20, 2012

འཇིག་བྱེད་སྟ་གོན་དབང་ཞུས་པའི་ཉིན་མོ།

རྡོ་རྗེ་འཇིགས་བྱེད།
ཉིན་མོ་འདི་ནི་ངོས་ལ་ལྟོས་ན་ཧ་ཅང་སྐལ་པ་བཟང་པོའི་ཉིན་མོ་ཞིག་ཡིན་རྒྱུ་མཚན་གང་ཡིན་ཞེ་ན་༡༩༩༨ ལོར་ས་ནག་པོ་དེ་འདོམ་ལ་འཇལ། སྤྲིན་དཀར་པོ་དེ་ཐོད་ལ་བཅིངས་ནས་། རྒྱབ་ཏུ་ཁྲེས་པོ་ཁུར། ལག་ཏུ་དབྱུགས་པ་ཐོགས་ནས་རྒྱ་གར་ཚ་བའི་ཁྲོད་དུ་ཡོང་རྒྱུའི་དམིགས་ཡུལ་ཉག་གཅིག་ནི་༧གོང་ས་སྐྱབས་མགོན་ཆེན་པོའི་ཞལ་མཇལ་གསུང་ཐོས་ཀྱི་རེ་བ་གཅིག་པུ་ཡིན་པས་དེ་སྔ་ཕན་ཆོད་རྒྱ་གར་སོགས་ནས་ཐག་ཉེ་རིང་ལ་མ་ལྟོས་པར་ས་གནས་གང་དུ་གསུང་ཆོས་གནང་ཀྱང་དེ་ཉིད་གལ་ཆེན་དུ་འཛིན་ནས་ཕལ་མོ་ཆེར་བཅར་གྱི་ཡོད། རང་ཉིད་ཀྱང་རྣམ་མཁྱེན་དོན་གཉེར་ཅན་གྱི་ཆོས་པའི་གཟུགས་བརྙན་ཅན་ཞིག་ཡིན་པའི་ངོས་ནས་ཀྱང་ལོ་ཟླ་སྦྲེལ་ནས་བཀའ་གདམས་པའི་གཏད་ས་བཞིའི་ཕུག་ནོར་དུ་བཅངས་ནས་འཇིག་རྟེན་ཡོངས་རྫོགས་བློས་གཏང་ནས་ཚེ་མཚམས་པ་ཞིག་བྱེད་མ་ཐུབ་ཀྱང་། འཁོར་བ་ལ་ངེས་འབྱུང་དང་། རྣམ་མཁྱེན་ལ་དོན་གཉེར་གྱི་བློ་སྐྱེ་བ་དང་མ་ཟད་གནས་སྐབས་སེམས་ལ་ཕན་ཐོག་ལ་ཁོང་གི་གསུང་ཆོས་ལས་ལྷག་པ་ཞིག་མི་འདུག 
ད་རེས་ཀྱང་གསུང་ཆོས་ལ་ཆེད་བཅར་བྱེད་ཐུབ་པ་དེ་ཧ་ཅང་བསྐལ་པ་བཟང་པོ་བྱུང་། དེ་ནས་ཉིན་གུང་ཆུ་ཚོད་བཅུ་གཅིག་ཙམ་ནས་འཚོགས་ཁང་ཆེན་པོ་ཞིག་གི་ནང་དུ་སྔ་ནས་ཐོ་འགོད་བྱས་པའི་བསྲུང་བྱའི་དམ་ཚིག་རྣམས་ཁས་ལེན་ཐུབ་མཁན་སྐྱ་སེར་མི་གྲངས་ཆིག་སྟོང་ལྔ་བརྒྱ་ཙམ་ལ་འཇིག་བྱེད་སྔོན་འགྲོ་སྟ་གོན་དང་སྦྲགས་གསུང་ཆོས་གནང་སོང་། ཉིན་རྒྱབ་ཆུ་ཚོད་ལྔ་པ་ཙམ་ནས་མཐའ་རྒྱས་སོང་། ང་ཚོ་བླ་གྲྭ་བཞི་པོ་ཡང་ཟིལ་དཀར་རིན་པོ་ཆེའི་ཆོས་ཚོགས་ནང་དུ་སོང་། ཟུར་དུ་ཡོད་པའི་ཐེའུ་ཝན་ཟ་ཁང་ཞིག་ནང་དུ་སོང་ནས་ཐུག་པ་འགྲངས་ཚད་འཐུང་། ནང་དུ་སོང་ནས་དེ་རིང་གི་ཉིན་མོ་དེ་བསྐལ་བཟང་དགའ་སྐྱིད་ཀྱིས་བསྐྱལ་ནས་ཉལ་སར་སོང་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་གཉིད་དུ་ཡུར། 

Thursday, April 19, 2012

སྐྱབས་མགོན་རིན་པོ་ཆེའི་གསུང་ཆོས་ཞུ་ལ་སོང་བའི་ཉིན་མོ།

མོན་ཏྲུའི་རེའི་གནམ་ཐང་ནས་བླངས་པའི་འདྲ་པར།
ཞོགས་པ་སྔ་མོར་ལངས་ནས་རང་གི་འདྲུད་འཐེན་འཁོར་སྒམ་དང་རྒྱབ་ཁུག་སོགས་དྲུད་མ་ཁུར་གྱིས་ཞབས་ཁང་ནང་དུ་སོང་བས་ངོས་ཀྱི་ཆོས་ཚོགས་ཀྱི་དྲུང་ཆེ་ཀིམ་ཆུ་ཚོད་བདུན་པའི་སྐབས་སུ་ཏག་ཏག་སླེབས་སོང་། དེ་རིང་ནི་ཆེས་དགའ་འོས་པ་ཞིག་ལ་༧གོང་ས་སྐྱབས་མགོན་ཆེན་པོའི་གསུང་ཆོས་ཀྱི་ཆེད་དུ་ལོ་སན་རྗེ་ལས་སུ་འགྲོ་རྒྱུའི་གོ་སྐབས་རགས་པ་དེ་ཡིན། དེ་ནས་ཀིམ་གྱི་རླངས་འཁོར་ནང་དུ་ཞུགས་ནས་ཐག་ཉེར་ཡོད་པའི་མོན་ཊོའི་རེའི་གནམ་ཐང་དུ་སོང་ནས་མི་གྲངས་བཅུ་གསུམ་ཙམ་གྱི་ཤོང་ཚད་ཅན་ཨ་རིའི་སྤྱི་སྤྱོད་གནམ་འགྲུ་ཆུང་ཆུང་ཞིག་ནང་དུ་ཞུགས་ནས་ཆུ་ཚོད་གཅིག་ལྷག་གི་མཁའ་ལམ་དུ་སོང་བས་གནམ་ཐང་གི་སྒོ་ཆེན་ཟུར་ནས་རྒྱ་རིགས་མི་གྲངས་བཞི་ཙམ་གྱིས་ལག་ཏུ་ཁ་གཏགས་བཟུང་ནས་སྒུགས་འདུག་པ་དེ་ནི་ཚོད་དཔག་བྱས་དུས་ངོས་ཀྱི་རིང་དུ་འགྲོགས་པའི་ཆོས་གྲོགས་སྐྱབས་རྗེ་ཟིལ་དཀར་རིན་པོ་ཆེའི་སློབ་མ་རྣམས་ཁོང་ནས་ང་བསུ་བ་ལ་གཏང་ཡོད་པ་ཤེས་བྱུང་། དེ་ནས་ང་ཚོ་རླངས་འཁོར་ནང་དུ་ཞུགས་ནས་ཆོས་ཚོགས་ཕྱོགས་སུ་ཕྱིན་པས་ལམ་བར་དུ་རླངས་འཁོར་གྱི་འཚང་ཁ་དང་ལམ་ནོར་ཁ་ཤས་ཐེབས་པའི་རྐྱེན་གྱིས་ཆོས་ཚོགས་སུ་ཆུ་ཚོད་བཅུ་གཉིས་སྐབས་སུ་གཞི་ནས་འབྱོར་སོང་། ཆོས་ཚོགས་སུ་ཐེ་ཝན་ནས་འབྱོར་བའི་རིན་པོ་ཆེའི་སློབ་མ་སུམ་བཅུ་ཙམ་གྱིས་ཉིན་གུང་ཟ་མ་ལ་སྒུག་འདུག ཉིན་གུང་ཟ་མ་ཟོས་ནས་རིན་པོ་ཆེ་དང་ལྷན་ཁམས་འདྲིའི་བཀའ་མོལ་གྲུབ་མཚམས་ངལ་གསོ་བྱས་ནས་བསྡད། དེ་ནས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་སེ་ར་ནས་ཡིན་པའི་དགེ་བཤེས་ཞིག་ཀྱང་འབྱོར་སོང་། དགོང་ཟས་སུ་ང་ཚོ་བོད་པའི་བླ་གྲྭ་བཞི་པོ་ཟུར་དུ་ཡོད་པའི་ཤ་བག་ལེབ་གཙོང་ས་རྒྱ་ནག་ཟ་ཁང་ཞིག་ཡོད་པ་དེར་སོང་ནས་ཤ་བག་ལེབ་འགྲངས་ཚད་ཟོས་ནས་ནང་དུ་འབྱོར་ཞིང་གནམ་གཤིས་བསིལ་དྲོད་འཚམས་པའི་ཆོས་ཚོགས་ཀྱི་ཕྱི་ཁྱམས་རྭ་བའི་མཚན་མོའི་གློག་སྒྲོན་གྱི་ནང་དུ་ཕན་ཚུན་སྔར་འདས་ཀྱི་སྐད་ཆ་རྣམས་གླེང་མོལ་བྱས་ནས་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། 
ཟིལ་དཀར་རིན་པོ་ཆེ་ནི་རྒྱ་གར་ལ་སྐུ་འཁྲུངས་ཤིང་སེ་ར་ནས་ཐོས་བསམ་སློབ་གཉེར་གནང་ནས་མདོ་སྔགས་རིག་གཞུང་དང་བཅས་པར་ཐོས་བསམ་དཔྱིས་ཕྱིན་པར་གནང་བའི་དགེ་བཤེས་ལྷ་རམས་པ་ཡིན་པ་མ་ཟད་ཁམས་ཁྲི་འདུ་ཉ་མཚོ་ཟིལ་དཀར་དགོན་པའི་བསྟན་བདག་སྤྲུལ་སྐུ་ཞིག་ཀྱང་ཡིན། རིན་པོ་ཆེ་ནི་ཕལ་ཆེར་ལོ་བཅུ་གྲངས་སྔོན་ནས་རྒྱ་གར་རྡ་རམ་ས་ནས་ངོ་ཤེས་དེ་ནས་བཟུང་ད་བར་དགེ་ལུགས་པའི་བླ་དགེ་རྣམས་ཀྱི་ནང་ནས་ངོས་ཀྱི་སེམས་ལ་འཕྲོད་ཤོས་དེ་ཡིན་ཟེར་ཀྱང་མི་ཆོག་རྒྱུ་གང་མེད། 

Friday, April 13, 2012

ཆོས་བཤད་བྱས་པའི་ཉིན་མོ།

ཡེ་ཤུའི་ལྷ་ཁང་ནང་དུ་ཆོས་བཤད་བྱེད་བཞིན་པ།
ཉིན་མོ་འདི་ནི་ཟླ་བ་གཅིག་ལྷག་སྔོན་ནས་ཁྱབ་བསྒྲགས་བྱས་པའི་ཡེ་ཤུའི་ལྷ་ཁང་ཞིག་ནང་དུ་ཆོས་བཤད་རྒྱུ་དེ་ཡིན། ཞོགས་ཟས་མདོར་བསྡུས་ཞིག་ལ་རོལ་ནས་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ལྷག་སོང་ནས་ནང་དུ་འབྱོར་ཞིང་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱང་ལྟ་ཞིག་བྱས་དུས། རྒྱ་ནག་ཀང་དུང་ཞིང་ཆེན་ནང་ནས་མི་མང་ཁྲི་ཚོ་མང་པོའི་ས་ཞིང་བདག་དབང་གི་རླུང་དམར་གྱི་འཐབ་རྩོད་དེ་དང་། བོད་མཚོ་སྔོན་ཞིང་ཆེན་དང་ཟི་ཁྲོན་ཞིང་ཆེན་གཉིས་ནས་མི་རིགས་རང་དབང་གི་འཐབ་རྩོད་ཀྱི་མེ་ལྕེ་དེ་གཉིས་གཅིག་ཕན་གཅིག་གྲོགས་སུ་སོང་ནས་ལྐོག་གཡོ་དང་ངན་ཇུས་གྱིས་ཟིན་པའི་རྒྱ་ནག་དམར་པོའི་རྩྭ་ཕུང་གི་སྲིད་ཇུས་དེ་མེ་རླུང་གཉིས་ཀྱི་བར་ན་མི་བརྟན་པར་ལྷབ་ལྷབ་དུ་འབར་བཞིན་པའི་སྐབས་རེད་འདུག ཉིན་གུང་ཟ་མ་ཞིག་ཟོས་ནས་ཆོས་བཤད་སར་སོང་བས་ངོས་ཀྱི་ཆོས་ཚོགས་ཀྱི་འགན་འཛིན་ཧའི་ཌིའི་དང་སློབ་མ་འགའ་ཡིས་གྲ་བསྒྲིགས་བྱེད་བཞིན་པའི་སྐབས་རེད་འདུག དེ་རིང་གི་དངོས་གཞིའི་ཆོས་བཤད་རུ་"Being in the here and now"ཞེས་པ་ཞིག་གི་བརྗོད་བྱ་དང་འབྲེལ་བ་ཡོད་པ་ཞིག་བཤད་དགོས་ཡོད། དེ་ནས་ཆུ་ཚོད་བདུན་པའི་སྐབས་སུ་མི་རྣམས་གཅིག་རྗེས་གཉིས་འབྱོར་གྱིས་མི་གྲངས་དྲུག་བཅུ་ཙམ་གྱིས་ཚོགས་ཁང་དེ་ཕྱེད་ཀ་ཙམ་ཁེངས་འདུག སྐད་བསྒྱུར་ཨ་རི་བ་བྱམས་པ་ལགས་དང་བརྒྱུད་ནས་སྔོན་འགྲོའི་ཆོས་ལ་ཀུན་སློང་བཅོས་སྟངས་སྐོར་མདོར་བསྡུས་ཞིག་དང་མ་ཟད་དབྱིན་བསྒྱུར་བྱས་པའི་ཚད་མེད་བཞི་དང་འབྲེལ་བའི་སྨོན་ལམ་དེ་ཉིད་ཚར་གསུམ་སྐྱོར་བཅུག་ནས་སྐར་མ་གཉིས་ཙམ་ལ་སྒོམ་རྒྱབ། དངོས་གཞིའི་ཆོས་ཐུན་ལ་ཉེ་ཆར་ངོས་ནས་བྲིས་པའི་སྙིང་གཏམ་ཆོས་ཀྱི་བདུད་རྩི་ཞེས་པ་ཤོ་ལོ་ཀ་ཉེར་གཅིག་ཅན་དེའི་ནང་ནས་དེ་རིང་གི་བརྗོད་བྱ་དེ་དང་འབྲེལ་བ་ཡོད་པ་སེམས་ཀྱི་སྐོར་ཤོ་ལོ་ཀ དྲུག་པ་དང་། བདུན་པ། བརྒྱད་པ་གསུམ་ཁོལ་དུ་ཕྱུངས་བ་གཤམས་འདི་ཡིན།  
༦ འགྲོ་བ་འདི་ཀུན་བདེ་གཤེགས་སྙིང་པོ་ཅན། ། 
འོ་མར་མར་གྱིས་ཁྱབ་པ་ཇི་བཞིན་དུ། །
ཚོགས་གཉིས་ལམ་གྱིས་འབད་པས་སྲུབས་པ་ན། །
ནམ་ཞིག་མངོན་དུ་འགྱུར་རོ་སྙིང་གཏམ་ཡིན། །
༧ སངས་རྒྱས་དང་ནི་སེམས་ཅན་ཞེས་པ་དེ། །
རིག་དང་མ་རིག་གཉིས་ཀྱི་ཁྱད་པར་ཡིན། །
རྟག་ཆད་ཐ་དད་གཉིས་སུ་མ་འཛིན་ན། །
སངས་རྒྱས་རང་ལས་རྙེད་དོ་སྙིང་གཏམ་ཡིན། །
༨ འཁོར་བ་དང་ནི་མྱང་འདས་ཟེར་བ་དེ། །
ལག་པའི་ལྟོ་རྒྱབ་ཙམ་གྱི་ཁྱད་པར་ལས། །
ཕྱོགས་རིས་གཉིས་འཛིན་བློ་དེ་ཡོངས་སྤོངས་དང་། །
ཞིང་ཁམས་གཞན་ན་མེད་དོ་སྙིང་གཏམ་ཡིན། །
འདི་ལ་འགྲེལ་བཤད་དང་སྦྲགས་ནས་སེམས་ཀྱི་གནས་ལུགས་དེ་ཉིད་རང་གི་རྒྱུད་ནས་མངོན་དུ་འགྱུར་ལུགས་དང་། སེམས་ཀྱི་ནུས་སྟོབས་སོགས་དང་འབྲེལ་བཀའ་བརྒྱུད་དང་རྙིང་མའི་ལུགས་སྲོལ་ལྟར་དུ་ཞི་གནས་མདོར་བསྡུས་ཞིག་གཏམ་བརྒྱུད་དང་སྦྲག་ནས་ངོ་སྤྲོད་བྱས་པས་མི་མང་པོ་ཞིག་ནས་དགའ་བོ་བྱས་སོང་། དེ་ནས་ཆུ་ཚོད་དགུ་པའི་སྐབས་སུ་དྲི་བ་དྲིས་ལན་གྱིས་ཆོས་ཞུ་བ་རྣམས་ཀྱི་འདོད་བློ་ཡོངས་སུ་བཀང་ནས་ཟུར་བཅར་བ་རྣམས་ལ་སོ་སོའི་འདོད་བློ་དང་མཐུན་པར་ཁམས་འདྲི་དང་ལག་འཆང་སོགས་ཀྱིས་ཕེབས་རྫོང་ཞུས་ནས་རླངས་འཁོར་ཁ་ལོ་བ་སུ་སིན་དང་མཉམ་དུ་ནང་དུ་འབྱོར་ནས་དེ་རིང་གི་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Tuesday, April 10, 2012

ཆོས་གྲོགས་འགའ་དང་འཕྲད་པའི་ཉིན་མོ།

མཆེད་གྲོགས་རྣམས་དང་ལྷན་ཞབས་རིམ་བྱས་པའི་སྐབས་སུ། 
ཉིན་མོ་འདི་ནི་ཁ་སང་ནས་བདུན་ཕྲག་གཅིག་གོང་ནས་དུས་ཆད་བྱས་པའི་ངོས་ཀྱི་ཆོས་གྲོགས་རྙིང་པ་བླ་མ་ལེགས་བཤད་བཟང་པོ་ལགས་དང་འཕྲད་རྒྱུ་དེ་ཡིན། ཁོང་ནི་ཕ་ཡུལ་འགུ་ལོག་ནས་ཡིན་ཀྱང་ཁོང་ངོས་ཀྱི་ཕ་ཡུལ་དང་དགོན་པ་སོགས་ལ་ཕེབས་མྱོང་ཡོད་པས་ཕལ་ཆེར་མི་ལོ་ཉི་ཤུའི་གོང་ནས་ངོས་ཀྱི་ངོ་ཤེས་རྙིང་པ་ཞིག་ཡིན་པ་མ་ཟད་གྲོགས་པོ་ཡག་ཤོས་ཞིག་ཀྱང་ཡིན། ཨ་རི་ནས་ཁོང་ཝ་ཤིང་ཀྲོན་བཞུགས་ཀྱི་ཡོད་ཀྱང་ཉེ་བའི་ཆར་ཆོས་ཀྱི་བྱེད་སྒོའི་མཛད་རིམ་འགའ་ཡི་ཆེད་དུ་ངོས་ཀྱི་བསྡད་ས་ཐག་ཉེར་ཕེབས་ནས་ཉིན་འགའ་ཡིན། དེ་རིང་ཁོང་ས་ལ་འགྲོ་རྒྱུའི་བསྒྲུབ་བྱ་གཙོ་བོ་ནི་ཁོང་གི་སློབ་མ་ཞིག་གི་ནང་དུ་སྒྲོལ་མ་དང་། གཡང་འགུགས་ཀྱི་ཞབས་བརྟན་དགོས་གསུངས་པ་ལྟར་དེ་ཡི་ཆེད་དུ་ངོས་ཀྱི་རླངས་འཁོར་ཁ་ལོ་བ་སུ་སིན་ངེད་གཉིས་ཆུ་ཚོད་བརྒྱད་དང་ཕྱེད་སྐབས་སུ་སོང་བས་ཁོང་བཞུགས་སར་ཆུ་ཚོད་བཅུ་དང་ཕྱེད་སྐབས་སུ་འབྱོར་སོང་། ཁོང་གི་མཉམ་དུ་མཇལ་ཚོད་ལ་གྲྭ་ལྟས་བཟོ་དོད་མདོག་ཁ་བོ་ཞིག་ཡོད་པ་དེ་ནི་རྙིང་མའི་བླ་མ་ཀཿཐོག་རྒྱ་སྤྲུལ་རིན་པོ་ཆེའི་ཚ་བོ་རེད་འདུག དེ་ནས་ཕན་ཚུན་ཁམས་འདྲི་དང་ངོ་སྤྲོད་སོགས་ལེགས་པར་བྱས་ནས་མཆོད་པ་གཤམས། ༼མཆོག་གླིང་གཏེར་གསར་ལས། སྒྲོལ་མའི་མཎྡལ་ཆོ་ག་ཚོགས་གཉིས་སྙིང་པོ་།༽
ཞེས་པ་བཀའ་རྙིང་ཕལ་མོ་ཆེའི་ཡོངས་གྲགས་སུ་འདོན་སྲོལ་ཡོད་པས་ཆོ་ག་དེ་ཉིད་དབུར་བཟུང་ནས་ཞོགས་པ་སྔ་ཐུན་ལ་ཚར་གཅིག་དང་ཉིན་རྒྱབ་ཕྱི་ཐུན་ལ་ཚར་གཅིག་བཅས་ཆོ་ག་ཚར་གཉིས་ཆུ་ཚོད་གསུམ་དང་ཕྱེད་སྐབས་སུ་མཐའ་རྒྱས་སོང་། ང་ཚོ་ཚང་མ་བླ་མ་ལེགས་བཤད་ཀྱི་སློབ་མ་དེས་འགྲམ་ལ་ཡོད་པའི་ཐེའུ་ལན་ཟ་ཁང་ཞིག་ནང་ཁྲིད་ནས་ཟ་མ་གནང་སྦྱིན་བྱས་པ་མ་ཟད་བཟང་པོའི་ཞོར་དུ་ཇ་ཆང་གི་དཔེ་ལྟར་དུ་མཆེད་གྲོགས་མཉམ་འཛོམས་བྱུང་བས་བླ་མ་གཉིས་དང་ལྷན་མཚར་གཏམ་དང་འདས་ཟིན་པའི་ལོ་རྒྱུས་སོགས་བཤད་རེས་བྱས་ནས་ཟ་ཁང་འུར་སྒྲས་བཀང་ནས་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། དེ་ནས་ཕན་ཚུན་ཁ་བྱང་དང་ཁ་པར་ཨང་གྲངས་སོགས་འཕུལ་རེས་བྱས་ཤིང་། མཐར་ཕན་ཚུན་གྱེས་བྲལ་གྱིས་ལག་འཆང་དང་ཐོད་གཏུགས་སོགས་བྱས་ནས་སུ་སིན་ངེད་གཉིས་ཀྱང་ཁྱིམ་དུ་ལོགས། ནང་དུ་འབྱོར་བ་དང་མཉམ་དུ་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཀི་ལི་ཧྥོ་ཉའི་བྱང་ཕྱོགས་སུ་ཡོད་པའི་པདྨ་འོད་གསལ་གླིང་གི་བསྟན་བདག་བླ་མ་མཐར་ཕྱིན་ལགས་རེད་འདུག་ཁོང་ནས་གསུངས་ན་ཉེ་ཆར་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པའི་ཉིན་མོ་ནས་བཟུང་སྟེ་སྐུ་གདུང་དང་མཉམ་དུ་འབྲུག་དང་རྒྱ་གར་སོགས་ལ་སོང་ཚུལ་དང་མ་ཟད་ངོས་རང་སྤྱི་ཟླ་བདུན་པའི་ནང་པདྨ་འོད་གསལ་གླིང་དུ་བདུད་འཇོམས་ཁྲོས་མའི་སྒྲུབས་ཆེན་སྐབས་སུ་ཡོང་ཐུབ་མིན་སྐོར་གྱི་སྐད་ཆ་རེད་འདུག དེ་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Friday, April 6, 2012

སྙིང་གཏམ་ཆོས་ཀྱི་བདུད་རྩི་ཞེས་པའི་རྩམ་བྲིས་པའི་ཉིན་མོ།

ལས་བཞི་འགྱུར་མེད་ཀྱིས་མཚོན་པའི་རྡོ་རྗེ་རྒྱ་གྲམ

ཞོགས་པ་ལངས་ནས་འཆར་ཅན་ལྟར་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་མདོར་བསྡུས་ཞིག་ལ་རོལ།
དེ་རིང་གི་ཉིན་མོ་འདི་ནི་ཇོར་མན་ནས་ཡིན་པའི་ངོས་ཀྱི་དགེ་ཕྲུག་རྗེམ་དང་མཉམ་དུ་ཁ་སང་ནས་དུས་ཆད་བྱས་པ་ལྟར་ཉིན་གུང་ཟ་མ་བཟའ་རྒྱུ་དེ་ཡིན། ཆུ་ཚོད་བཅུ་གཅིག་སྐབས་སུ་རླངས་འཁོར་ཁ་ལོ་བ་ཨ་མ་སུས་སིན་སླེབས་བྱུང་བས་ངེད་གཉིས་ཤར་རྒྱག་ཆུ་ཚོད་ཕྱེད་ཀ་ཙམ་གྱི་སར་ཡོད་པའི་ངོས་ཀྱི་ངོ་ཤེས་རྒྱ་གར་ཟ་ཁང་ཞིག་ནང་ཟས་རིགས་འདྲ་མིན་ཚར་དུ་དངར་བའི་ཁྲོད་ནས་སོ་སོའི་གང་འདོད་ཟ་ཆོག་པའི་ཟ་ཁང་ཞིག་ནང་དུ་སོང་ནས་རྗེམ་དང་སུ་སིན་ངེད་གསུམ་ནས་ཟ་མ་དེ་ཞིམ་རབ་དང་ཞབས་ཞུ་བ་དེ་བཟང་རབ་སོགས་ཁ་བརྡ་བྱེད་བཞིན་ཟ་མ་འགྲང་ཚད་ཞིག་ཟོས་ནས་ནང་དུ་འབྱོར། ཟླ་བ་གཅིག་ཙམ་སྔོན་ནས་ངོས་ལ་རྣམ་ཀུན་ར་གན་གསེར་རློམ་བྱེད་མཁན་དད་ལྡན་མ་ཨ་མ་སུ་སིན་དང་ཆོས་ཚོགས་ཀྱི་འགན་འཛིན་ཧར་ཌེའི་སོགས་ནས་ངོས་ལ་ཆོས་ཕྱོགས་ཀྱི་བསླབ་བྱ་རྣམས་བལྟ་བདེ་བའི་ཆེད་དུ་ཡིག་ཐོག་ཏུ་ཕབས་པ་ཞིག་དགོས་ཞེས་བསྐུལ་མ་གནང་བ་ལྟར་དུ་ཁ་སང་བྲིས་པའི་
སྙིང་གཏམ་ཆོས་ཀྱི་བདུད་རྩི་ཞེས་བྱ་བ་བཞུགས་སོ།།༽ཞེས་པ་དེ་ཉིད་རྩོམ་གྱི་མཇུག་འཕྲོ་མཐར་དབྱུང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 


༄༅།། སྙིང་གཏམ་ཆོས་ཀྱི་བདུད་རྩི་ཞེས་བྱ་བ་བཞུགས་སོ།།

ཕན་བདེའི་ལེགས་ཚོགས་འབྱུང་བའི་སྒོ་གཅིག་པུ། །
མ་ནོར་ལམ་སྟོན་དགེ་བའི་བཤེས་གཉེན་ཆེ། །
བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །
གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །

༡ སྙིང༵་གི་བུ་སློབ་རྣམས་ལ་ཆོས་ཀྱི་གཏམ། །
སྙིང༵་ནས་གང་དྲན་ཡི་གེར་བྲིས་པ་འདི། ། 
སྙིང༵་གི་དཀྱིལ་དུ་ཞོགས་ལ་ཉམས་ལེན་བྱོས། །
ཆོས་གྲོགས་རྡོ་རྗེའི་སྤུན་ལ་སྙིང་གཏམ་ཡིན། །
 

༢ མི་ལུས་རིན་ཆེན་གྲུ་གཟིངས་ལྟ་བུ་འདི། །
ཡང་ནས་མི་རྙེད་ད་རེས་ཙམ་ཞིག་ཡིན། །
འཇིགས་རུང་འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །
གྲུ་འདི་དལ་དུ་མ་འཇུག་སྙིང་གཏམ་ཡིན། །

༣ རྟེན་བཟང་རྙེད་པར་དཀའ་བའི་དུས་ཚོད་འདིར། །
དོན་མེད་སྡིག་པའི་ལས་ལ་བཀོལ་བ་ན། །
གསེར་དང་བོང་བ་བརྗེས་པའི་ཚུལ་ལགས་པས། །
རྟེན་འདི་ཆུད་ཟོས་མ་བྱེད་སྙིང་གཏམ་ཡིན། །

༤ མཉམ་མེད་ཟས་གཙང་སྲས་པོའི་ཞལ་ནས་ཀྱང་། ། 
བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །
བསམ་པ་ངན་ན་ས་དང་ལམ་ངན་གསུངས། །
བསམ་པ་བཟང་ལ་འབོད་ཅིག་སྙིང་གཏམ་ཡིན། །

༥ སེམས་ནི་ཀུན་བྱེད་དབང་གི་རྒྱལ་པོ་དང་། །
ལུས་ནི་དགེ་སྡིག་ཀུན་གྱི་གཡོག་པོ་ཡིན། །
ལུས་ངག་ལྟར་སྣང་དགེ་ལ་མི་གཙོ་བས། །
རྒྱུན་དུ་སེམས་འདི་སྲུངས་ཤིག་སྙིང་གཏམ་ཡིན། །

༦ འགྲོ་བ་འདི་ཀུན་བདེ་གཤེགས་སྙིང་པོ་ཅན། །
འོ་མར་མར་གྱིས་ཁྱབ་པ་ཇི་བཞིན་དུ། །
ཚོགས་གཉིས་ལམ་གྱིས་འབད་པས་བསྲུབས་པ་ན། །
ནམ་ཞིག་མངོན་དུ་འགྱུར་རོ་སྙིང་གཏམ་ཡིན། །

༧ སངས་རྒྱས་དང་ནི་སེམས་ཅན་ཞེས་པ་དེ། །
རིག་དང་མ་རིག་གཉིས་ཀྱི་ཁྱད་པར་ཡིན། །
རྟག་ཆད་ཐ་དད་གཉིས་སུ་མ་འཛིན་ན། །
སངས་རྒྱས་རང་ལས་རྙེད་དོ་སྙིང་གཏམ་ཡིན། །

༨ འཁོར་བ་དང་ནི་མྱང་འདས་ཟེར་བ་དེ། །
ལག་པའི་ལྟོ་རྒྱབ་ཙམ་གྱི་ཁྱད་པར་ལས། །
ཕྱོགས་རིས་གཉིས་འཛིན་བློ་དེ་ཡོངས་སྤོངས་དང་། །
ཞིང་ཁམས་གཞན་ན་མེད་དོ་སྙིང་གཏམ་ཡིན། །

༩ དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་པའི་ཤུལ། །
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཡང་སྙིང་གི། །
གཞན་ཕན་བྱང་ཆུབ་སེམས་ཀྱི་མན་ངག་འདི། །
མ་བརྗེད་ཉམས་ལེན་བྱོས་ཤིག་སྙིང་གཏམ་ཡིན། །

༡༠ མང་པོའི་ནང་ནས་ངག་ལ་བརྟག་པ་དང་། །
གཅིག་པུར་འདུག་དུས་སེམས་ལ་བརྟག་ཞེས་གསུངས། །
སྤྱོད་ལམ་སྐབས་སུ་རང་གི་སྒོ་གསུམ་པོ། །
ཡང་ནས་བརྟག་དཔྱད་གྱིས་ཤིག་སྙིང་གཏམ་ཡིན། །

༡༡ སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །
རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། །
ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་གསུངས། །
མ་བརྗེད་སེམས་ལ་ཞོགས་ཤིག་སྙིང་གཏམ་ཡིན། །

༡༢ རང་ལ་དཔལ་དང་འབྱོར་པ་སྙན་གྲགས་དང་། །
ཡོན་ཏན་ལ་སོགས་ཇི་ལྟར་ཡོད་ཀྱང་རུང་། །
ང་རྒྱལ་མགོ་འཕངས་དགུང་བས་མི་མཐོ་བ། །
རྟག་ཏུ་དམན་ས་ཟུངས་ཤིག་སྙིང་གཏམ་ཡིན། །

༡༣ སྐྱིད་པའི་སྐབས་སུ་མཆོང་ལྡིང་བྱེད་པ་དང་། །
སྡུག་པའི་སྐབས་སུ་ངུ་སྐད་འདོན་པ་སོགས། །
ལྟར་སྣང་མཐོ་དམན་སྐྱིད་སྡུག་ཅི་བྱུང་ཡང་། །
སྐྱིད་སྡུག་ཐེགས་པར་གྱིས་ཤིག་སྙིང་གཏམ་ཡིན། །

༡༤ གང་གི་མཚན་ཙམ་ཐོས་པས་ངན་སོང་ལས། །
མ་འཇིགས་ང་ཡིས་སྐྱབས་ཞེས་དམ་བཅས་པ། །
སངས་རྒྱས་འོད་དཔག་མེད་ཀྱི་ལྷ་འདི་ཉིད། །
གཏན་གྱི་སྐྱབས་སུ་སྙེན་ཅིག་སྙིང་གཏམ་ཡིན། །

༡༥ སྙིང་པོ་ཨ་མི་དྷེ་ཝའི་སྲོག་སྔགས་འདི། །
བུ་ཆུང་མ་ལ་འབོད་པའི་གདུངས་དབྱངས་ལྟར། །
ཉིན་མཚན་དུས་དྲུག་རྣམས་སུ་བསྙེན་པ་ན། །
ཐུགས་རྗེའི་གཟིགས་པ་མྱུར་རོ་སྙིང་གཏམ་ཡིན། །

༡༦ བླ་སློབ་ཡུན་དུ་འདྲིས་པའི་དམ་ཚིག་དེ། །
གལ་གནད་སྐབས་སུ་ཆུ་ལ་མ་བསྐྱུར་བར། །
གཅེས་པའི་སྲོག་ལས་རྩ་ཆེའི་འདུ་ཤེས་ཀྱིས། །
མ་བརྗེད་སྙིང་ལ་ཞོགས་ཤིག་སྙིང་གཏམ་ཡིན། །

༡༧ ངས་ཀྱང་ཁྱེད་རྣམས་ཆོས་ཀྱི་བཀའ་དྲིན་ཆེ། །
ཁྱེད་རྣམས་ངོས་ལ་ཟང་ཟིང་བཀའ་དྲིན་ཆེ། །
ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱས་པ་དེ། །
ཆོས་མཐུན་དམ་པའི་ལས་ཡིན་སྙིང་གཏམ་ཡིན། །

༡༨ མདོར་ན་གང་དུ་གནས་པའི་སློབ་བུ་རྣམས། །
རྣམ་ཀུན་ངོས་ནས་ཆོས་སྐད་གང་བགྱིས་པ། །
དུས་ཀུན་སེམས་ནས་མ་བརྗེད་དྲན་གྱིས་དང་། །
ཡང་སྐྱར་སྐྱིད་འཛོམ་ཡོང་ངོ་སྙིང་གཏམ་ཡིན། །

༡༩ སློབ་དཔོན་དམ་ཆོས་སྤྲིན་གྱི་མེ་ཏོག་དེས། །
སློབ་མའི་སྐྱེ་ཚལ་ལྗོན་ཤིང་རབ་ཏུ་སྨིན། །
དམ་ཆོས་དབྱར་གྱི་དཔལ་མོ་མངོན་དུ་གྱུར། །
མི་འབྲལ་ལྷན་ཅིག་འགྲོགས་པའི་སྙིང་གཏམ་ཡིན། །

༢༠ དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་སྟོབས་དང་། །
ཆོས་སྐུ་ཚེ་འོད་དཔག་མེད་བྱིན་རླབས་ཀྱིས། །
ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་བར། །
འབྲལ་མེད་ཁྱེད་རྣམས་སྲུངས་ཤིག་སྙིང་གཏམ་ཡིན། །

༢༡ དེ་སྐད་རང་ཉམས་མེད་པ་གང་དྲན་དུ། །
བོང་བ་གསེར་གཟིགས་ཅན་གྱི་སློབ་བུ་འགས། །
བསྐུལ་མ་ལྟར་དུ་ཕྱོགས་མེད་རྒྱལ་ཁམས་པ། །
ཆོས་སྨྲའི་མིང་འཛིན་དེ་ཡི་སྙིང་གཏམ་ཡིན། །

ཅེས་ཆོས་གཏམ་དུ་བྱ་བའི་སྙིང་གཏམ་ཉེར་གཅིག་པ་འདི་ཉིད་ཀྱང་རང་ལ་བོང་བ་གསེར་རློམ་ཅན་གྱི་སློབ་བུ་འགའ་ཡིས་རང་ཉིད་གནས་སྐབས་རིང་ཨེ་ཤའི་སོགས་ལ་འགྲུལ་བཞུད་མ་བྱས་བའི་གོང་ནས་འདི་ལྟ་བུའི་བསླབ་བྱ་དགོས་ཞེས་བསྐུལ་མ་ལྟར་དུ། གང་དྲན་དུ་ཆོས་སྨྲ་བའི་མིང་འཛིན་པ་མཁན་པོ་ཀར་བསྟན་དེས། ཨ་རིའི་བྱང་ཕྱོགས་ཀི་ལི་ཧྥོ་ཉའི་གྲོང་ཁྱེར་གྱི་ཆ་ཤས་ཁར་མེལ་ཞེས་ཀུན་གྱིས་ཡིད་སྨོན་བྱེད་སའི་གནམ་སྔོན་པོ་ཐང་ལ་ལྷུང་འདྲ་ཡོམ་ཡོམ་དུ་འཁྱིལ་བའི་རྒྱ་མཚོ་ཆེན་པོའི་ཉེ་བའི་ཆར། སྤྱི་ལོ་༢༠༡༢ ལོའི་ཕྱི་ཟླ་༤ པའི་ཚེས་༦་ཉིན་གང་དྲན་དུ་རང་ཤག་བསམ་གཏན་ལྡིང་ཁང་ནས་བྲིས་པས་ཐམས་ཅད་ཀུན་ཏུ་དགེ་ཞིང་ཤིས་པར་གྱུར་ཅིག །