Saturday, October 29, 2016

སྔོན་འགྲོ་འབུམ་བཞིའི་ཆོས་བཤད་བྱས་པའི་ཉིན་མོ།

ཆོས་ཚོགས་ཀྱིས་སྔ་ནས་གྲ་སྒྲིག་ལྟར་དོན་གཉེར་ཅན་འགའ་ཡི་ངོར་རང་ལུགས་བཀའ་བརྒྱུད་པའི་ཕྱག་ཆེན་སྔོན་འགྲོའི་ཆོས་བཤད་ཉིན་གཉིས་ཧྲིལ་པོར་བྱས། སྤྱིར་གཏང་ཆོས་ལུགས་གྲུབ་མཐའ་གང་ཡིན་ཀྱང་དེ་ཉིད་ལ་དམིགས་བསལ་གྱིས་ཐབས་ལམ་དང་རྣམ་གཞག་མ་འདྲ་བ་རེ་ལུས་ཡོད། རང་རེ་བཀའ་བརྒྱུད་པའི་ལུགས་སྲོལ་འདི་ནི་ཉམས་ལེན་སྒྲུབ་པའི་བཀའ་བབས་འགྲོ་མགོན་བཀའ་བརྒྱུད་པ་ཅེས་བཤད་སྲོལ་ལྟར་ཐོས་བསམ་སྒོམ་གསུམ་གང་དང་གང་བྱས་ཀྱང་མཐར་ཐུག་རང་སེམས་འདུལ་བྱེད་ཀྱི་གཉེན་པོར་འགྲོ་དགོས། དེ་ལ་དང་པོ་སྔོན་འགྲོ་འབུམ་བཞི་འདི་ཧ་ཅང་གལ་ཆེན་དུ་འཛིན་གྱི་ཡོད། སྔོན་འགྲོ་འབུམ་བཞི་ནི། ཕྱག་དང་སྐྱབས་འགྲོ་གཉིས་སྦྲག་མར་འབུམ་གཅིག ཡིག་བརྒྱ་འབུམ་གཅིག མནྜལ་འབུམ་གཅིག བླ་མའི་རྣལ་འབྱོར་འབུམ་གཅིག འགའ་ཤས་ཀྱིས་ཕྱག་དང་སྐྱབས་འགྲོ་གཉིས་ཁ་ཁར་ཕྲལ་ནས་འབུམ་རེ་རྩིས་པས་འབུམ་ལྔ་ཞེས་བགྲངས་སྲོལ་ཡོད། སྔོན་འགྲོའི་ཕན་ཡོན། ལུས་སྡིག་སྒྲིབ་དག་བྱེད་ཀྱི་ཆེད་དུ་ཕྱག ངག་སྡིག་སྒྲིག་དག་བྱེད་ཀྱི་ཆེད་དུ་ཡིག་བརྒྱ། ཡིད་སྡིག་སྒྲིབ་དག་བྱེད་ཀྱི་ཆེད་དུ་བླ་མའི་རྣལ་འབྱོར། མནྜལ་ནི་ཚོགས་བསགས་ཡིན་པས་དེ་གསུམ་ཀའི་ཆ་རྐྱེན་དུ་འགྲོ་དགོས། སྔོན་འགྲོའི་དགོས་པ། རང་ཉིད་འཁོར་བར་འཁྱམས་པའི་རྒྱུའི་གཙོ་བོ་ནི་མ་རིག་པ་གཙོར་བྱས་རྒྱུ་ཉོན་མོངས་པ་ལ་བསྟེན་ནས་འབྲས་བུ་སྡིག་སྒྲིབ་རྣམས་ཡིན། ལམ་ཉམས་ལེན་འདི་ལ་བསྟེན་ནས་སངས་རྒྱས་ཀྱི་གོ་འཕངས་འཐོབ་པའི་བར་ཆད་མི་མཐུན་པའི་ཕྱོགས་རྣམས་བསལ་ནས་རང་རྒྱུད་ལ་རྟོགས་པའི་ཡེ་ཤེས་སྐྱེ་བའི་ཆེད་དུ་ཡིན།


སྤྱིར་གཏང་ཆོས་རྣམ་པར་དག་པ་ཞིག་བྱེད་བསམ་ན་སྔོན་འགྲོ་འདི་ཧ་ཅང་ནས་གལ་ཆེན་པོ་ཡིན། བཀའ་བརྒྱུད་པའི་བླ་མ་རྣམས་ཀྱིས། ཆོས་དངོས་གཞི་ལས་ཀྱང་སྔོན་འགྲོ་ཟབ་ཅེས་གསུངས་ཡོད། སྔོན་འགྲོ་ཞེས་མིང་བཏགས་ཀྱང་དོན་དངོས་གཞི་ཆོས་འདིས་ནང་དུ་ཚང་མ་འདུས་ཡོད། སྔོན་འགྲོ་འདི་ཉིད་ཀྱི་ནང་དུའང་སྔོན་འགྲོ་དང་དངོས་གཞི་གཉིས་ཕྱེས་ཀྱང་འགྲིག། དཔེར་ན། ཕྱག་དང་། རྡོར་སེམས། མནྡལ་གསུམ་སྔོན་འགྲོ་དང་། བླ་མའི་རྣལ་འབྱོར་དངོས་གཞི་ཡིན། ངས་ཀྱང་ད་རེས་ཞོགས་པ་ཆུ་ཚོད་དགུ་ནས་ཉིན་རྒྱབ་ཆུ་ཚོད་ལྔ་ཡི་བར་སྔ་ཐུན་གཉིས་དང་ཕྱི་ཐུན་གཉིས་སུ་ཕྱེས་ནས་རང་རེ་བཀའ་བརྒྱུད་པའི་སྔོན་འགྲོ། “འཕགས་ལམ་བགྲོད་པའི་ཤིང་རྟ།”ཞེས་པ་འདི་ཉིད་ཀྱི་ཐོག་ཕྱག་ནས་བླ་མའི་རྣལ་འབྱོར་བར་ཉིན་གཉིས་རིང་ཞིབ་ཁྲིད་བྱས། རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོ་མཆོག་ནས་ཕྱི་རྒྱལ་བ་རྣམས་ཀྱི་ངོར་སྔོན་འགྲོ་འབུམ་བཞི་ཉིད་ཀྱང་ཁྲི་བཞི་རུ་གཏན་ལ་ཕབས་པའི་ཡིག་ཆ་དང་འོད་སྡེར་འཁོར་ཐག་སོགས་འདུག་པས་འབུམ་བཞི་དང་ཁྲི་བཞི་གཉིས་གང་དགར་གདམ་དུ་བཅུག།



ང་ནི་ད་རེས་ཉིན་གཉིས་ཀྱི་སྔོན་འགྲོའི་ཆོས་ཁྲིད་དེར་ཧ་ཅང་དགའ་བོ་བྱུང་། རྒྱུ་མཚན་གང་ཡིན་ཟེར་ན། དེང་སང་ཕྱི་རྒྱལ་བའི་བླ་མ་འགའ་ཡིས་གསུངས་སྟངས་དང་དེ་ཡི་སློབ་མ་རྣམས་ཀྱི་ཆོས་བྱེད་སྟངས་འདི་ནི་གང་ཉམས་སུ་ལེན་རྒྱུའི་ཆོས་ཉིད་ཐེག་པའི་གཞུང་སྤྱི་འགྲོས་ལྟར་གོ་ལྡོག་ཏུ་སོང་ནས་སྐྱབས་འགྲོ་ནས་མས་ནས་ཡར་ལ་མ་འཛེགས་པར་རྫོགས་ཆེན་ནས་ཡས་ནས་མར་ལ་བབས་པའི་ལུགས་སྲོལ་ཁྱད་མཚར་ཞིག་ཏུ་མཐོང་། དེར་རྟེན་དབྱིན་ཇི་འགའ་ཡིས་མིང་མཐོན་པོའི་ཆོས་སྐད་སྒྲག་རྒྱུར་ཧ་ཅང་དགའ། དཔེར་ན། ང་རྫོགས་ཆེན་པ་ཡིན་དང་། ཕྱག་ཆེན། རྩ་རླུང་སོགས་ལྟ་བུ་རེད། སྤྱིར་གཏང་བློ་ཆོས་སུ་འགྲོ། ཆོས་ལམ་དུ་འགྲོ། ལམ་འཁྲུལ་པ་སེལ། འཁྲུལ་པ་ཡེ་ཤེས་སུ་འཆར། ཞེས་སྒམ་པོ་པའི་ཆོས་བཞིའི་ལམ་ནས་རང་རྒྱུད་དུལ་བའི་ཆོས་པ་ཚད་ལྡན་ཞིག་ཕལ་ཆེར་མཐོང་རྒྱུ་མེད་པ་འདི་ནི་ཐུན་མོང་སྔོན་འགྲོའི་ཆོས་ལ་ཉམས་ལེན་ཚད་ལྡན་ཞིག་མ་ཐུབ་པའི་སྐྱོན་ཆ་ཞིག་ཏུ་མཐོང་།

Sunday, October 23, 2016

སིངྒ་པོར་ནས་མགྲོན་པོ་འབྱོར་བ།

ང་འདུག་སའི་ས་གནས་འདི་གནམ་གཤིས་དང་ཁོར་ཡུག་སོགས་གང་གི་ཐད་ནས་ཧ་ཅང་སྐད་གྲགས་ཅན་ཞིག་ཡིན་སྟབས་ས་གནས་འདིར་འགྲིམ་འགྲུལ་བྱེད་མཁན་ནི་ཧ་ཅང་མང་། ཉེ་བའི་ཆར་ང་ལའང་བོད་དང་སིངྒ་པོར་སོགས་ནས་མགྲོན་པོ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་འབྱོར་ནས་ཆོས་ཚོགས་ཉིད་ཀྱང་གནས་སྐབས་ཡོང་བབས་མེད་པའི་མགྲོན་ཁང་ལྟ་བུ་ཞིག་ཏུ་གྱུར། ལོ་བཅུ་ཡི་ཡར་སྔོན་ནས་ང་ཡི་སར་སྐྱབས་སྡོམ་བླངས་པའི་དད་ལྡན་མ་ཁི་རིའི་སི་ནང་མི་བཞི་ཁ་སང་སིངྒ་པོར་ནས་འབྱོར། མི་ཚང་འདི་ནི་ཡ་རབ་ཞིག་ཡིན་པ་མ་ཟད་ང་ལ་ར་གན་གསེར་རློན་གྱི་དད་འདུན་ཧ་ཅང་ཆེ། གཟའ་ཟླའི་མིང་ལ་མི་སི་ཏྲི་ཡབ་ཟེར་ཁོང་ནི་ཁང་པའི་ནང་ཆས་དང་རྐུབ་བཀྱག་སོགས་སྡེབ་འཚོང་བྱེད་མཁན་ཚོང་པ་མི་འཇོན་པོ་ཞིག་ཡིན། སིངྒ་པོར་དང་ཧོང་ཀོང་། རྒྱ་ནག་སོགས་ལ་བཟོ་གྲྭ་ཡང་མི་ཉུང་ཙམ་ཡོད། ད་རེས་བཟོ་གྲྭ་ཡོངས་རྫོགས་ཁོ་རང་གི་བུ་དང་བུ་མོར་རྩིས་སྤྲད་བྱས་ནས་ཁོ་རང་རྒན་ཡོལ་བྱས་ནས་ཆོས་བྱེད་ཀྱི་འདུག། ལོ་བཞིའི་ཡར་སྔོན་ངས་ཁོང་ལ་( ཐར་མདོ་རྒྱས་པ )དེབ་རྒྱ་ཡིག་ལ་བསྒྱུར་བ་ཞིག་སྤྲད་པས་ད་བར་ཚར་སྟོང་གཅིག་འགྲུབ་སོང་ཟེར། སྤྱིར་གཏང་རྒྱ་རིགས་འདི་རྣམས་མདོ་ཆོས་བཀླག་རྒྱུ་ལ་ཧ་ཅང་དགའ་བོ་ཡོད། ང་ཡི་སློབ་མ་རྒྱ་རིགས་འགའ་ཡིས་རྡོ་རྗེ་བཅོད་པའི་མདོ་ཚར་ཁྲི་གཅིག་བཀླག་མཁན་འགའ་ཤས་ཡོད། ཡུན་རིང་མ་འཕྲད་པའི་གྲོགས་པོ་དང་སློབ་མ་སོགས་འཕྲད་དུས་སེམས་ལ་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་། ཁོང་ཚོའི་ང་ཡི་ཆོས་ཚོགས་དང་ཁོར་ཡུག་སོགས་མཐོང་དུས་ཧ་ལས་མདོག་བྱེད་ཀྱི་འདུག། ས་གནས་འདིར་རང་ལ་ཉར་རྒྱུ་དང་མི་ལ་ངོམ་རྒྱུ་གཅིག་པུ་དེ་ནི་དངས་ཤིང་གཙང་བའི་རྒྱ་མཚོ་དེ་ཡིན་པས་ངས་ཀྱང་མགྲོན་པོ་རྣམས་སྐད་གྲགས་ཅན་གྱི་རྒྱ་མཚོའི་འགྲམ་དུ་ཁྲིད། མགྲོན་པོ་སུ་སླེབས་ཀྱང་ས་གནས་འདིར་ཡིད་སྨོན་མི་སྐྱེ་མཁན་གཅིག་ཀྱང་མེད། ད་རེས་ངོས་ཀྱི་དགེ་ཕྲུག་འདི་རྣམས་ཀྱང་དགའ་ཐག་ཆོད་ནས་ཞོགས་པ་ཆུ་ཚོད་བཅུ་པའི་སྐབས་སུ་རང་གནས་སུ་དེངས། ངས་ཀྱང་ཁ་གཡང་སྨོན་ཚིག། ལག་འཇུ་ཐལ་སྦྱར་ཅི་རིགས་ཀྱིས་ཕེབས་སྐྱེལ་བྱས་ཞིང་ནང་དུ་འབྱོར་ནས་དེ་རིང་གི་ཉིན་ཐོ་དེ་གཏང་། 

Tuesday, October 4, 2016

བདེ་ཆེན་ཞིང་སྒྲུབ་ཐེངས་མ་དགུ་པ།



ཨ་རིའི་ནུབ་བྱང་བོད་རིགས་ཚོགས་པས་གོ་སྒྲིག་འོག་བདེ་ཆེན་ཞིང་སྒྲུབ་ཐེངས་མ་དགུ་པ་དེ་འཚོགས་ལ་སོང་། ད་ལོར་གུས་པའི་ཨ་མ་ཀུན་བཟང་དབང་མོ་ཡང་མཉམ་དུ་ཡོད། ཉིས་སྟོང་བརྒྱད་ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེའི་ས་གནས་མེའུ་ཌི་སིན་ལ་གསུངས་ཆོས་གནང་བའི་སྐབས་སུ་ང་ཡང་ཆེད་བཅར་ཞུས། སྐབས་དེ་དུས་ང་ནི་རྒྱ་གར་ནས་འབྱོར་ནས་རིང་པོར་མ་སོང་སྟབས་ལུང་པ་འདིའི་མི་ཕར་ཞོག་བོད་རིགས་ཀྱང་ངོ་ཤེས་མང་པོ་མེད། ད་ལྟ་ཆོས་ཕྱོགས་ཀྱི་ལས་ཀ་གང་འཚམས་ཡག་པོ་ཡོད་པ་དེ་ནི་སྐབས་དེ་དུས་ངོ་ཤེས་པའི་དབྱིན་ཇི་དང་བོད་རིགས་རྣམས་ཀྱི་རྒྱུད་ནས་བྱུང་བ་ཞིག་ཡིན། གཅིག་བྱས་ན་དེ་ནི་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་གསུངས་ཆོས་ཀྱི་བྱིན་རླབས་དང་ཐུགས་སྨོན་ཡིན་པ་འདྲ། འདི་ལོའི་པོར་ལེན་ཌི་བདེ་ཆེན་ཞིང་སྒྲུབས་དེ་ཧ་ཅང་ཡག་པོ་བྱུང་། ལོ་རེ་བཞིན་མི་རྣམས་ཇེ་མང་དང་ཆོས་ཞུ་བ་རྣམས་དད་པ་དང་མོས་གུས་ཇེ་ཆེ་རེད་འདུག ང་ཡང་ས་གནས་འདིའི་བོད་རིགས་རྣམས་ལ་ཧ་ཅང་དགའ་བོ་ཡོད། ལྷག་པར་དུ་བོད་རིགས་ཨ་མ་རྒན་མོ་འདི་རྣམས་མཐོང་བའི་སྐབས་སུ་རྒྱ་ནག་དམར་གཞུང་གིས་འཐབ་རྩོད་འོག་ཏུ་མུག་ཤི་ཐེབས་པའི་ངོས་ཀྱི་ཨ་མ་འདས་མོ་དེ་དྲན་སོས་བྱེད་ཀྱི་འདུག པོར་ལེན་ཌི་བོད་རིགས་འདི་རྣམས་ནི་ཕལ་མོ་ཆེར་ཨ་རིར་འབྱོར་ནས་ལོ་སུམ་བཅུ་ཡས་མས་ཅན་ཤ་སྟགས་ཡིན་སྟབས་ད་ལྟའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཆོས་ཞུ་བ་རྣམས་ཕལ་ཆེར་རྒན་ཡོལ་ཤ་སྟགས་ཡིན། རེས་གཟའ་ཉི་མ་ནམ་ཡིན་ལ་བོད་ཁང་དུ་བོད་རིགས་ན་གཞོན་རྣམས་མཉམ་འཛོམས་ཀྱིས་རྒན་པ་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་སྐད་དང་རིག་གཞུང་སོགས་བསླབ་ཀྱི་འདུག ལོ་ལྟར་དུ་མ་ཧཱ་གུ་རུའི་འབུམ་འཚོགས་དང་བདེ་ཆེན་ཞིང་སྒྲུབས་ཆེན་མོ་སོགས་ཆོས་ཕྱོགས་ཀྱི་ལས་ཀ་མང་དག་ཞིག་བྱེད་ཀྱི་འདུག སྤྱིར་གཏང་བདེ་ཆེན་ཞིང་སྒྲུབས་ནམ་འཚོགས་སྐབས་སུ་འདོན་པའི་དབུ་མཛད་དང་། ཆོས་བཤད་ཀྱི་མཁན་པོ་སོགས་གཅིག་ལྕོག་རང་ཉིད་ནས་བྱེད་དགོས་སྟབས་ཉིན་ཐ་མར་ཅུང་དཀའ་ངལ་ཡོད་ཀྱང་ཆོས་ཕྱིར་དཀའ་སྤྱད་རང་ལ་བསམ་དུས་སེམས་ལ་ཧ་ཅང་སྐྱིད་པོ་འདུག ལྷག་པར་དུ་ལོ་ལྟར་རེ་ཞིག་བདེ་ཆེན་ཞིང་སྒྲུབས་ཆེན་མོ་ཚད་ལྡན་ཞིག་མཉམ་དུ་འཚོགས་རྒྱུའི་གོ་སྐབས་འདི་ང་རང་ཉིད་ཀྱི་སེམས་ལ་ཧ་ཅང་ཕན་ཐོག་ཆེན་པོ་འདུག ངས་ད་རེས་གོ་སྐབས་འདིའི་བརྒྱུད་པོར་ལེན་ཌི་བོད་རིགས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།