Monday, April 29, 2013

བདེ་ཆེན་ཞིང་སྒྲུབ་དང་སྐྱབས་སྡོམ་གནང་བའི་ཉིན་མོ།

བདེ་ཆེན་ཞིང་སྒྲུབས་ཀྱི་ཆོས་རའི་ཟུར་ཞིག
ཉིན་མོ་འདི་ནི་གཟའ་ཟླ་བའི་ཆེས་སྐལ་བཟང་གི་སྐྱིད་པའི་ཉིན་མོ་བདེ་ཆེན་ཞིང་སྒྲུབ་འཚོགས་རྒྱུ་ཡོད་པ་དེ་ཡིན། ཞོགས་པ་ངོས་ཀྱི་དགེ་ཕྲུག་མིང་འདོག་ཏུ་བླ་མ་མགོ་འམ་མེའུ་ཀོའི་སླེབས་བྱུང་བས་ངེད་གཉིས་ཉེ་ཆར་རྦིག་སུར་ལ་སོང་བའི་སྐབས་སུ་ཁོ་རང་ནས་ངོས་ཀྱི་སྐོར་གློག་བརྙན་དུས་ཚོད་སྐར་མ་གཉིས་ཙམ་ཡོད་པ་ཅན་ཞིག་བཟོ་སྐྲུན་བྱས་པ་དེ་ང་ལ་བསྟེན་བྱུང་། དོ་ནུབ་བདེ་ཆེན་ཞིང་སྒྲུབ་ཚར་བའི་སྐབས་སུ་མང་ཚོགས་ལ་གློག་བརྙན་འདི་བསྟེན་གྱི་ཡིན་ཟེར། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་འཚོགས་ཁང་དུ་སོང་བས་མི་མང་སུམ་བཅུ་ཙམ་ཞིག་ནས་ལག་ཕྱག་རྒྱས་ངོས་ལ་ཕེབས་སྒུགས་བྱས་འདུག དེ་རིང་ནི་སྔ་ནས་གྲ་སྒྲིག་བྱས་པ་ནང་བཞིན་མི་ཁ་ཤས་ཞིག་ལ་སྐྱབས་སྡོམ་དང་། བདེ་ཆེན་ཞིང་སྒྲུབས་མཉམ་དུ་ཡིན། ངོས་ཀྱི་སྐད་བསྒྱུར་དང་། མ་ཟད་ངོས་ཀྱི་གྲོགས་པོ་མཛུབ་གནོན་སྒྲ་འཕྲུལ་གཏོང་མཁན་སྐད་གྲགས་ཅན་མེའུ་ཀོའི་ཡང་སླེབས་འདུག ཁོང་ནས་ཨ་མི་དྷེ་ཝའི་བསྙེན་དབྱངས་དང་འོད་དཔག་བརྒྱུད་འདེབས་སོགས་ལ་གདངས་མཉམ་དུ་མཛུབ་གནོན་སྒྲ་འཕྲུལ་གཏོང་བའི་སྐབས་སུ་མི་མང་ཧ་ཅང་དགའ་བོ་བྱེད་ཀྱི་འདུག 
དེ་རིང་ནི་སྐད་བསྒྱུར་ཡོད་པའི་གོ་སྐབས་བཟུང་ནས་ཆོ་ག་བསྡུས་པ་བྱས་ཤིང་། ཆོས་བཤད་གང་མང་བྱས་ནས་དེ་རིང་གི་འདོན་པ་དེ་དབྱིན་ཇིའི་ཐོག་ཏུ་བོད་ལུགས་ཀྱི་དབྱངས་རྟ་ལ་སྐྱོན་ནས་བཏོན། ཆོ་ག་ཚར་བ་མཉམ་དུ་མི་བཞི་ལ་སྐྱབས་འགྲོའི་སྡོམ་པ་དང་། ཆོས་མིང་སྤྲད་པ་དང་སྐྲ་བཅད་སོགས་བྱས་ནས་དེ་རིང་གི་ཆོས་ཕྱོགས་ཀྱི་མཛད་སྒོ་ཡོངས་སུ་གྲུབ་པར་བྱས་པས་མི་མང་ཧ་ཅང་དགའ་བོ་བྱུང་སོང་། 
  

Saturday, April 27, 2013

གནས་སྐབས་ཀྱི་ཐུང་མཚམས་གྲོལ་བའི་ཉིན་མོ།

མཚམས་ལ་བསྡད་སའི་ཁང་པའི་ཕྱི་ལོགས་ཀྱི་ཟུར་ཞིག
དེ་རིང་ནི་ཉེ་བའི་ཆར་བདུན་གཅིག་རིང་མཚམས་ལ་བསྡད་ནས་དེ་རིང་ཉིན་ཐ་མ་དེ་ཡིན། དེ་རིང་ནི་སྔ་ནས་འཆར་གཞི་ལྟར་མཚམས་ལ་བསྡད་སའི་ཉེ་འཁྲིས་སུ་ཡོད་པའི་ངོས་ཀྱི་དགེ་ཕྲུག་མིང་འདོག་ཏུ་བླ་མ་མགོའམ་མེའུ་ཀོའུ་ཞོགས་པ་ཆུ་ཚོད་བཅུ་པའི་སྐབས་སུ་སླེབས་སོང་། ངེད་གཉིས་དེ་རིང་གནམ་གཤིས་དེ་བཟང་། ས་ཆ་དེ་སྐྱིད། རྦིག་སུར་ཞེས་པའི་ཁོར་ཡུག་དེ་སྐད་གྲགས་ཆེ་བས་ད་རེས་མར་ནང་དུ་ཡོང་ཞོར་སྤྲོ་འཁྱམས་ལ་སོང་། ས་ཆ་འདི་ནི་ངོ་མ་ཧ་ཅང་སྐྱིད་པ་མ་ཟད་ང་ཡི་སྐྱེ་ཡུལ་ཁམས་ནང་ཆེན་གྱི་དབྱར་དུས་ཀྱི་ས་ཆ་དང་འདྲ་བོ་འདུག ངེད་གཉིས་མར་ཡོང་བའི་ལམ་འགྲམ་དུ་སྐད་གྲགས་ཅན་གྱི་ཁོར་ཡུག་དང་སྐྱེ་ཚལ་ཡོད་པ་རང་བྱུང་ཁམས་ལས་གྲུབ་པའི་ནད་རིགས་གྲང་བ་དང་ཞ་ནད་སོགས་ལ་ཕན་པའི་ཆུ་ཚན་གྱི་རླང་ལུམ་སོགས་འདུག་པས་དེར་སོང་ནས་ཆུ་ཉལ་བྱས། ཟུར་དུ་ཆོས་ལུགས་ཡོངས་ཀྱི་སྒོམ་ཁང་ཟླུམ་པོ་ཞིག་ནང་དུ་འཛུལ་ནས་སྒོམ་ཐུང་ཞིག་ཀྱང་བྱེད་ཁུལ་བྱས། དེ་ནས་ངེད་གཉིས་དེ་རིང་བཟང་རབ་དང་ཡག་རབ་སོགས་ཀྱི་ཁ་བརྡ་བྱེད་བཞིན་ལམ་བར་ནས་པར་དང་གློག་བརྙན་ལེན་པ་སོགས་བྱེད་བཞིན་ནང་དུ་ཆུ་ཚོད་གསུམ་པའི་སྐབས་སུ་གཞི་ནས་འབྱོར་སོང་། ནང་དུ་འབྱོར་བ་དང་མཉམ་དུ་ཨ་མ་སུ་སིན་ནས་མོག་མོག་དང་། རུས་ཐང་བཅས་བསྐོལ་ནས་ཁུར་སོང་། ཨ་མ་སུ་སིན་ལ་ངོས་བདུན་གཅིག་མཚམས་ལ་བསྡད་པའི་རིང་གནས་སྟངས་དང་དེ་རིང་ལམ་བར་གྱི་གནས་སྟངས་སྐོར་ཁ་བརྡ་བྱེད་བཞིན་མོག་མོག་དང་རུས་ཐང་ལ་རྔམ་ཟ་དང་ཧུབ་འཐུང་བྱས། དགོང་མོར་དྲ་ངོས་སུ་ཉུལ་བས་ཨ་རིའི་རླུང་འཕྲིན་ནང་དུ (ནང་ཆེན་སྐྱིད་ཆུ་ཁུལ་དུ་རྡུང་རྡེག་བྱུང་འདུག) ཞེས་པའི་གསར་འགྱུར་མགོ་བརྗོད་དེ་མཐོང་བ་དང་མཉམ་དུ་སེམས་ལ་ལྕགས་གཟེར་རྒྱབས་པ་ནང་བཞིན་མ་བདེ་བ་བྱུང་། གློ་བུར་གསར་འགྱུར་དེ་ཚར་གཅིག་བཀླགས་དུས་བོད་རིགས་མི་མང་དང་། རྒྱ་མིའི་ལས་དོན་ཅུས་ལས་བྱེད་རྣམས་དང་རྩྭ་སའི་སྐོར་བསམ་ཚུལ་མ་མཐུན་པར་བོད་རིགས་རྣམས་དང་འཁྲུགས་འཛིང་བྱུང་འདུག ལུང་པ་དེ་ནས་མི་བདུན་རྒྱ་ནག་གཞུང་ནས་བཙོན་ཁང་དུ་ཁྲིད་འདུག དེ་ནི་ནང་ཆེན་ལྷོ་ཕྱོགས་སྐྱིད་ཆུ་དང་འབྲོང་ཤོག་སོགས་ལ་རྒྱ་ནག་གཞུང་ནས་དུས་རྒྱུན་ཆེད་དུ་དམིགས་ནས་གུག་གུག་གཞུ་ཡི་མདའ་མོ་གཏད་གཏད་འབེན་ལ་སྔ་མོ་ནས་ཡོད་པ་དེ་རེད། 

Sunday, April 21, 2013

བདུན་གཅིག་རིང་བསྙེན་མཚམས་ཞིག་ཏུ་བསྡད་པའི་ཉིན་མོ།

ནང་ནས་ཁ་འདོན་བྱེད་བཞིན་པའི་སྐབས་སུ། པར་པ་ཨོ་ཤང་།
དེ་རིང་གི་ཉིན་མོ་འདི་ནི་སྔ་མོ་ནས་མཚམས་ལ་འདུག་རྒྱུའི་སྐོར་འཆར་གཞི་ཡོད་པ་དེ་ཡིན། ངོས་ཀྱི་ཆོས་ཚོགས་ནས་དེང་སང་ས་གནས་གང་སར་ཆོས་བཤད་ཀྱི་མཛད་འཆར་དང་། དེ་བཞིན་བོད་དོན་ཞུ་གཏུགས། འབྱུང་བཞིའི་བྱིན་རླབས། མི་ལ་ཐུག་འཕྲད་བྱེད་རྒྱུ་སོགས་ཟང་ཟིང་གི་མཛད་འཆར་སྒྲུབས་ན་འགྲུབ་དུས་མེད་ཅིང་། བཞག་ན་བློས་མ་ཐོངས་བའི་ཟང་ཟིང་གི་ལས་ཀ་དེ་ལས་གཡོར་ནས་གནས་སྐབས་བདུན་གཅིག་རིང་མཚམས་ལ་འདུག་རྒྱུའི་གོ་སྐབས་བྱུང་བས་ཧ་ཅང་ནས་དགའ་བོ་བྱུང་། དེ་རིང་མཚམས་ལ་བསྡད་སའི་ས་ཆ་དེ་ནི་ཨ་རི་ནས་སྐད་གྲགས་ཡོད་པའི་ས་ཆ་ཞིག་རེད། ས་ཆ་དེའི་མིང་ལ་big sur ཟེར་ས་གནས་དེར་ངོས་ཀྱི་སློབ་མ་ཞིག་ལ་ཁང་པ་ཆེན་པོ་ཞིག་ཡོད་པས་ད་རེས་དེར་མཚམས་ལ་བསྡད་རྒྱུ་ཡིན། ས་ཆ་དེ་ནི་བོད་ཁམས་ཀྱི་ལུང་པའི་ས་ཆའི་དབྱིབས་འདྲ་བོ་ཡོད། རི་མགོར་རྫ་དང་། རི་སྐེད་སྤངས། རི་མཐའ་རྒྱ་མཚོ་ཆེན་པོའི་སྐེད་རགས་བཅིངས་པ་ནང་བཞིན་ཡོངས་སུ་བསྐོར། ང་མཚམས་ལ་བསྡད་སའི་ཁང་པའི་སྒེའུ་ཁུང་ནང་ཕར་བལྟས་ན་རྒྱ་མཚོ་ཆེན་པོ་གནམ་སྔོན་པོ་ཐང་ལ་ལྷུང་འདྲ་ཞིག་མིག་ལམ་དུ་སྔོ་མེར་མེར་མཐོང་རྒྱུ་ཡོད། ཁང་པའི་གཡས་གཡོན་རྣམས་སུ་རང་བྱུང་གི་མེ་ཏོག་དཀར་སེར་དམར་ལྗངས་སྣ་ཚོགས་པ་ལ་དགོང་མོའི་བསིལ་རླུང་གིས་བསྐུལ་ན་དགའ་བའི་བྲོ་གར་འཁྲབ་པ་ནང་བཞིན་སེམས་ལ་དབང་མེད་ཀྱི་དགའ་སྤྲོ་སྟེར། དབེན་གནས་ཉམས་དགའ་བ་འདི་འདྲ་ལ་སླེབས་ཐེངས་རེར་རྗེ་བཙུན་མི་ལ་རས་པས་བྲག་དཀར་རྟ་སོ་རྫོང་ནས་མགུར་བླངས་པ་དེ་ཉིད་ཀྱང་དབང་མེད་དུ་ཡིད་ལ་འཁོར།
ང་ན་ན་དྲི་མི་མེད་པ་དང་།། 
ཤི་ན་ངུ་མི་མེད་པ་རུ།།
རི་ཁྲོད་འདི་རུ་འཆི་ནུས་ན།། 
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།། 
ང་གར་སོང་གཏད་ར་མེད་པ་དང་། 
འདིར་སོང་བརྩད་གཅོད་མེད་པ་རུ།།
རི་ཁྲོད་འདི་རུ་འཆི་ནུས་ན།། 
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།། 
སྒོ་ལ་མི་རྗེས་མེད་པ་དང་།། 
ནང་དུ་ཁྲག་རྗེས་མེད་པ་རུ།།
རི་ཁྲོད་འདི་རུ་འཆི་ནུས་ན།།
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།། 
རོ་རུལ་འབུ་ཡིས་ཟ་བ་དང་།། 
རྩ་རྒྱུས་སྦྲང་འབུས་འཇིབས་པ་རུ།། 
རི་ཁྲོད་འདི་རུ་འཆི་ནུས་ན།། 
རྣལ་འབྱོར་བསམ་པ་རྫོགས་པ་ཡིན།།
ཞེས་པའི་ཚིག་དོན་འདི་རྣམས་ལ་ཡིད་སྨོན་རེ་མི་ཤོར་ཀ་མེད་གྱུར།
དེ་རིང་སྔ་དྲོ་ངོས་ཀྱི་ཆོས་ཚོགས་ནས་གྲ་སྒྲིག་བྱས་པ་ནང་བཞིན་རླངས་འཁོར་ཁ་ལོ་བ་སུ་སིན་དང་། ཁྱིམ་བདག་ཨ་མ་ལིན་ཌིའུ་གཉིས་ནས་མཚམས་ལ་བསྡད་སའི་ས་གནས་སུ་བསྐྱལ་བྱུང་།

Saturday, April 13, 2013

ཆོས་བཤད་བྱས་པའི་ཉིན་མོ།

ཆོས་བཤད་བྱེད་སའི་སྲོལ་རྒྱུན་གནའ་ལུགས་ཀྱི་ཁང་པ།
ཉིན་མོ་འདི་ནི་ཟླ་བ་ཁ་ཤས་གོང་ནས་ཁྱབ་བསྒྲགས་བྱས་ཞིང་ཆོས་ཚོགས་ཀྱི་མི་རྣམས་ཀྱིས་གྲ་སྒྲིག་ཡུན་རིང་ནས་བྱས་པའི་ཆོས་བཤད་ཀྱི་ཉིན་མོ་དེ་ཡིན། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་འཚོགས་ཁང་དུ་སོང་བས་མི་རྣམས་ཀྱིས་ཟིང་ཟིང་ལོང་ལོང་ངང་གྲ་སྒྲིག་བྱེད་བཞིན་འདུག དེ་རིང་གི་ཆོས་བཤད་བརྗོད་བྱ་རུ། (སེམས་ཀྱི་འཁྱེར་སྟངས།) ཞེས་པ་དེ་ཡིན། སྐད་བསྒྱུར་བྱམས་པ་མཐར་ཕྱིན་ལགས་བརྒྱུད་ནས་ཆོས་བཤད་མགོ་འཛུག་བྱས། དེ་རིང་གི་ཆོས་བཤད་དེ་ནི་དྲ་ལམ་ཐོག་ནས་འཛམ་གླིང་གང་སར་བལྟ་ཉན་ཐུབ་པའི་ཆ་རྐྱེན་སྐྲུན་འདུག
ཐོག་མར་ཀུན་སློང་བཅོས་སྟངས་མདོར་བསྡུས་དང་སྦྲག་ཞི་གནས་སྐོར་ནས་བཀའ་བརྒྱུད་པའི་ལུགས་སྲོལ་ལྟར་དུ། གནས་འགྱུ་རིག་གསུམ་ཐོག་ནས་འགྲེལ་བཤད་བྱས། ཞི་གནས་དེ་ཉིད་ཀྱང་ཁ་ཕྱི་བལྟས་དམིགས་རྟེན་གྱི་ཡུལ་ལ་བརྟེན་པའི་ཞི་གནས་དང་། ཁ་ནང་བལྟས་སེམས་ཀྱི་ངོ་བོ་ལ་བརྟེན་པའི་ཞི་གནས་ཐབས་ལམ་གཉིས་ཀྱི་ཐོག་ནས་འགྲེལ་བཤད་བྱས། ཞི་གནས་ཀྱི་ཉམས་དང་རྟོགས་པ་སོགས་དུ་བ་དང་མེ་ལ་དཔེ་རུ་བཀོད་ནས་གསལ་ཁ་གང་ཤེས་བཟོས། མཐར་སྟོང་ཉིད་སྟོང་པའི་ལག་རྗེས་སུ་ཉོན་མོངས་ཆུང་དུ་སོང་བ་དང་། ཡ་ཀི་རྩ་བའི་བླ་མ་དང་མཆོག་གསུམ་ལ་ཐུན་མོང་མ་ཡིན་པའི་དད་པ་མོས་གུས། མ་ཀི་འདི་ལྟར་དུ་མ་རྟོགས་པའི་སེམས་ཅན་རྣམས་ལ་བཅོས་མ་མ་ཡིན་པའི་སྙིང་རྗེ་སྐྱེ་བ་སོགས་ཀྱི་སྟོང་ཉིད་ཀྱི་འབྲས་བུ་ཡིན་པར་འགྲེལ་བཤད་བྱས།
མཐར་སྒོམ་སྐར་མ་ལྔ་ལ་མཉམ་དུ་རྒྱབ་ནས་དྲི་བ་དྲིས་ལན་སོགས་ཀྱིས་ཆོས་ཞུ་བ་རྣམས་ཀྱི་འདོད་བློཡོངས་སུ་བཀང་བས་དེ་རིང་ཆོས་ཐུན་དེར་མི་མང་ཧ་ཅང་དགའ་བོ་བྱས་སོང་། དེ་རིང་ནི་མི་གྲངས་བདུན་བཅུ་མ་ཟིན་ཙམ་ཞིག་ཡོད་སྐད་འདུག་ཆོས་ཞུ་བ་ཕལ་མོ་ཆེ་གསར་པ་ཤ་སྟག་རེད་འདུག  

Wednesday, April 10, 2013

རི་མགོ་ཞིག་ལ་སྤྲོ་འཁྱམས་ལ་སོང་བའི་ཉིན་མོ།


མཛེས་སྡུག་ལྡན་པའི་ཀི་ལི་ཧྥོ་ཉའི་ཡུལ་ལྗོངས།
ཞོགས་འདོན་རྣམས་ཚར་བར་བྱས་ཤིང་དེ་རིང་ནི་བདུན་ཕྲག་གཅིག་རིང་དུས་ཆད་བྱས་པ་ངོས་ཀྱི་དགེ་ཕྲུག་ཆོས་མིང་དུ་ཆོས་དབྱིངས་སྒྲོལ་མ་དང་ལྷན་དུ་འདི་ནས་ཆུ་ཚོད་གཅིག་ཙམ་རིང་ཡོད་སའི་(པའི་སྦོར་པག་)ཞེས་པའི་ས་ཆ་དེར་འགྲོ་རྒྱུ་བྱས། ཆུ་ཚོད་དགུ་དང་ཕྱེད་ཙམ་ནས་ཉིན་གུང་གི་ཟ་མ་དང་འཐུང་ཆུ་བཅས་ཁུར་ནས་སོང་། དེ་རིང་ནི་གནམ་གཤིས་ཧ་ཅང་སྐྱིད་པས་རླངས་འཁོར་གྱི་སྒེའུ་ཁུང་ནང་ནས་ཕར་བལྟ་དུས་ནམ་མཁར་མཐིང་མདོག་གི་གུར་ཕུབ་ཅིང་། ས་གཞིར་སྔོ་ལྗང་གི་གཡུ་ཞུན་འཁྱིལ། སྒེའུ་ཁུང་ནང་ནས་གྲང་རླུང་བསིལ་མོའི་ས་གནས་དེར་བསུ་མ་བྱེད་པ་དང་མཚུངས། རི་གཤམས་སུ་རླངས་འཁོར་བཞག་ནས་ཟ་བཅས་རྣམས་རྒྱབ་ཏུ་ཁུར་ནས་རྐང་འགྲོས་ཀྱིས་རི་བོར་འཛེགས། རི་མཐའ་ནས་རི་མགོ་བར་དུ་ཆུ་ཚོད་གཉིས་ཙམ་རིང་ལ་ལུང་མང་པོ་བརྒྱུད་ནས་འགྲོ་དགོས་འདུག རྐང་ལམ་ཧ་ཅང་ཡག་པོ་དང་མ་ཟད་སྐབས་སྐབས་སུ་ངལ་གསོའི་རྐུབ་སྟེགས་ཀྱང་གང་སར་འདུག རི་མགོར་སླེབས་པ་དང་མཉམ་དུ་གཡས་གཡོན་རི་ཕྲན་རྣམས་དང་ལྗོན་ཤིང་སོགས་ཁོར་ཡུག་སོགས་ལ་རྒྱངས་ལྟ་བྱས། ས་ཆ་འདི་ནི་ངོས་ཀྱི་སྐྱེ་ཡུལ་ཁམས་ནང་ཆེན་མདོ་ཁམས་གཞུང་ནས་ཡར་འགྲོ་དུས་འབྲོག་པའི་དབྱར་མཚེར་བཟུང་ས་ར་འཛི་ཁ་ཞེས་ཡོད་པ་དེ་སེམས་ལ་ལྷང་ངེར་དྲན་པ་མ་ཟད་ར་ལུག་གི་རྫི་བོ་བྱས་ནས་འུར་རྡོ་ཁྲ་མོ་ཀླད་ནས་གཡུགས་བཞིན་ཁ་ནས་ན་མཉམ་མཛའ་མོ་རྫི་གྲོགས་སོགས་ལ་མཛའ་གླུ་ལེན་རེས་བྱས་པ་སོགས་ཀྱང་དྲན་སོང་། རི་མགོ་རྣམས་སྤངས་ཀྱིས་བཏུམས་ཤིང་། རི་སྐེད་ཤུག་པ་དང་ཤིང་ཆེན་སྣ་ཚོགས་ཀྱིས་བརྒྱན་པ། རི་མཐའ་ཆུ་ཕྲན་དང་མེ་ཏོག་ཁ་དོག་སྣ་ཚོགས་ཁྲ་ཁྱིལ་ལེ་བཞད་ཅིང་ས་ཆ་ཧ་ཅང་སྐྱིད་པོ་ཞིག་འདུག ངེད་གཉིས་ནས་ཉིན་གུང་ཟ་མ་མཉམ་དུ་ཟ་ཞོར་དབུགས་རིང་འཐེན་བཞིན་ས་ཆ་དེ་སྐྱིད་རབས་དང་ཡག་རབས་སོགས་ཀྱི་ཁ་བརྡ་ལ་རོལ།
དེ་ནས་ཅུང་ཙམ་ངལ་གསོ་དང་གཡས་གཡོན་རྣམས་སུ་སོང་ནས་པར་ལེན་པ་སོགས་བྱས། སྤྱིར་གཏང་བྱས་ན་ཨ་རིའི་ས་ཆ་འདི་གང་དུ་སོང་ཀྱང་འབྲོག་སའི་དབྱིབས་འདྲ་ཧ་ཅང་སྐྱིད་པོ་རེད། མ་ཟད་ང་བསྡད་སའི་ས་ཆ་འདིར་ཧ་ཅང་སྐད་གྲགས་ཆེན་པོ་རེད་འདུག རི་གཤམས་སུ་བཟོ་བཀོད་མཛེས་པའི་ཁང་པ་ཐར་ཐོར་ཡོད་པ་འདི་རྣམས་ཨ་རིའི་འབྱོར་ལྡན་སྐད་གྲགས་ཅན་རྣམས་སྐྱིད་ཉལ་བྱེད་ས་ཡིན་སྐད་འདུག ཉིན་གུང་ཆུ་ཚོད་གསུམ་བར་དུ་བསྡད་ནས་ནས་ནང་དུ་ལོགས།
དབྱིབས་ལེགས་ས་འཛིན་སྤོ་མཐོའི་རྩེ་མོ་རུ།།
འདྲེན་བྱེད་ཟུང་གིས་ཕྱོགས་བཞིར་ཉུལ་བའི་སྐབས།།
བསིལ་རླུང་འགྲོགས་པའི་སྔོ་ལྗངས་གཡུ་ལོ་རྣམས།།
ཡོམ་ཡོམ་དགའ་བའི་གར་ལ་རོལ་བ་འདྲ།།

མཛེས་པའི་སྐྱེ་ཚལ་མེ་ཏོག་ལྗོན་ཤིང་དང་།།
སུས་ཀྱང་མ་བཟོས་རང་བྱུང་བྱ་སྐྱིབ་སོགས།།
གང་དུ་བལྟས་ཀྱང་གནས་འདིའི་ཡོན་ཏན་ནི།།
སུམ་རྩེན་གྲོང་ཁྱེར་ས་ལ་འཕོས་སམ་ཅི།།

Tuesday, April 9, 2013

ཁ་འདོན་བྱས་ནས་ནང་དུ་བསྡད་པའི་ཉིན་མོ།

འབྲལ་མེད་དུ་འཆང་བའི་བེའུ་བུམ།
ཞོགས་པ་འཕྲོད་བསྟེན་ཆེད་དུ་རྐང་འགྲོས་སྐར་མ་སུམ་བཅུ་ཙམ་སོང་ནས་ནང་དུ་འབྱོར་ཞིང་ཞོགས་ཟས་ཚར་མ་ཐག་ནམ་རྒྱུན་ཁ་འདོན་བྱས། དེ་རིང་ནི་ངོ་མ་ད་ནང་རྨི་ལམ་དེས་རྐྱེན་འདྲ་བྱས་ནས་སེམས་ལ་སྐྱོ་ལྷང་ལྷང་འདྲ་ཞིག་རེད་འདུག ད་ནང་ཞོགས་པ་རྨི་ལམ་ཞིག་ལ་ང་ནི་ཕ་ཡུལ་ནང་ཆེན་ལ་སླེབས་འདུག དེ་ནི་འཇིག་རྟེན་གཏམ་དཔེར། ལྟོགས་པས་ཅི་རྨིས་ཟོས་པ་རྨིས། ཞེས་པ་དེ་ངོ་མ་རེད་འདུག དེ་རིང་ནས་ཡར་རྩིས་པའི་འདས་པའི་མི་ལོ་བཅུ་དྲུག་གི་རིང་ལ་མི་འདོད་བཞིན་དུ་གནས་ལ་ངེས་མེད་རྒྱལ་ཁབ་འདྲ་མིན་དང་། གྲོགས་ལ་ངེས་མེད་མགོ་སེར་ནག་སོགས་མི་རིགས་འདྲ་མིན་མཉམ་དུ་དཀའ་སྡུག་ཀྱག་ཀྱོག་གི་ཁྲོད་ནས་ཚེ་འདས་བར་དོར་འཁྱམས་པ་ནང་བཞིན་སྐྱིད་པའི་ཕ་ཡུལ་དང་ཁ་བྲལ། རང་དགོན་ཕྱུགས་མོ་དེ་རྒྱབ་ཏུ་གཡུགས། ཆོས་ར་ཁྲ་མོ་དེ་མཚམས་བཞག ནང་མི་སྤུན་མཆེད་དང་མི་འདོད་བཞིན་དུ་གསོན་བྲལ་བྱེད་དགོས་བྱུང་བའི་བརྒྱུད་རིམ་ཁྲོད་ནས་བོད་མི་སྤྱི་ཡི་དཀའ་སྡུག་དང་མ་ཟད་ཡུལ་ཤུལ་ས་ཡོམ་གྱི་གོད་ཆགས་དེས་རྐྱེན་པས་ངོས་ཀྱི་ནང་མི་སྤུན་མཆེད་རྣམས་ལའང་། སྣ་གཟེར་བའི་ཐོག་ཁུ་ཚུར་གྱི་དཔེ་ལྟར་དུ་གྱུར་པ་ནས་བཟུང་གཟུགས་པོ་མི་ཡུལ་ལ་སླེབས་ཀྱང་སེམས་པ་རང་ཡུལ་ལ་འཁྲེངས་ནས་ཐ་ན་རྨི་ལམ་ཚུན་ཆད་བོད་ལ་སོང་བ་ཤ་སྟགས་རེད་འདུག ད་ནུབ་ཀྱི་སླར་ཡང་བོད་ལ་སླེབས་ནས་ང་ཡི་དགོན་པའི་ཆོས་གྲོགས་རྣམས་དང་མཉམ་དུ་བསྡད་འདུག ང་ལ་ཁོང་ཚོའི་སྣེ་ལེན་གང་དྲག་བྱེད་ཀྱི་འདུག ང་ཚོ་བླ་མ་དཔོན་གཡོག་བརྒྱ་སྐོར་ཞིག་འབྲོག་པའི་རྩྭ་ཐང་འདྲ་བ་ཞིག་ཏུ་གུར་ཕུབ་ནས་གུར་ནང་དུ་ཁྲི་ཆེན་པོ་ཞིག་གི་སྒང་དུ་ངོས་ཀྱི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་བཞུགས་ནས་ཁོང་ནས་གྲུབ་ཆེན་ས་ར་ཧས་མཛད་པའི་ཕྱག་རྒྱ་ཆེན་པོའི་མན་ངག་དོ་ཧ་མཛོད་ཀྱི་ཆོས་ཁྲིད་གནང་གི་འདུག ཆོས་ཁྲིད་ཀྱི་བར་མཚམས་ཞིག་གློ་བུར་དུ་ཚང་མ་ལ་མཉམ་བཞག་གྱིས་གསུངས་ནས། དོ་ཧ་མཛོད་ནང་ནས་ངོ་སྤྲོད་ཀྱི་ཚིག་འདི་གསུངས་སོང་།
ཀྱེ་ཧོ། མ་ཡེངས་སེམས་ཀྱིས་རང་གིས་རང་ལ་བལྟོས།།
རང་གི་དེ་ཉིད་རང་གིས་རྟོགས་གྱུར་ན།།
ཡེངས་པའི་སེམས་ཀྱང་ཕྱག་རྒྱ་ཆེན་པོར་འཆར།།
མཚན་མ་རང་གྲོལ་བདེ་བ་ཆེན་པོའི་ངང་།།
རྨི་ལམ་དག་གི་བདེ་བ་སྡུག་བསྔལ་ཀུན།།
སད་པའི་དུས་ན་རང་བཞིན་མེད་པའི་ཕྱིར།།
རེ་དང་དོགས་པའི་བསམ་པས་ཀུན་བསླངས་ནས།།
དགག་དང་སྒྲུབ་པའི་བསམ་པ་སུ་ཡིས་བྱེད།།
ཞེས་པའི་ཚིག་འདི་རྣམས་ཐོག་ནས་ངོ་སྤྲོད་བྱེད་ཀྱི་འདུག ངས་ནི་ནམ་རྒྱུན་ཁ་འདོན་གྱི་དཔེ་རའི་ཁྲོད་དུ་དོ་ཧ་མཛོད་ཉར་ནས་ལོ་མང་པོ་ཞིག་ཡིན་པས་ད་ནང་རྨི་ལམ་སད་པའི་སྐབས་སུ་ཚིག་ཕལ་ཆེར་དྲན་གྱི་འདུག ད་ནང་ཞོགས་པ་གཉིད་སད་པའི་སྐབས་སུ་སེམས་ལ་དགའ་སྐྱོ་འདྲེས་མ་འདྲ་ཞིག་གིས་བླ་མ་དྲན་པ་ཚད་ལས་འདས་པ་བྱུང་། ཁ་སང་དུས་ཆད་བྱས་པ་ལྟར་དུ་བྱས་ན་དེ་རིང་རྒྱ་གར་ཟ་ཁང་ཞིག་ནང་དུ་ཟ་མ་གཟའ་རུ་ངོས་ཀྱི་སློབ་མ་རྗེན་སེས་དང་མཉམ་དུ་འགྲོ་རྒྱུ་བྱས་ཀྱང་འགྲོ་སྙིང་མ་འདོད་ནས་ལས་ཀ་གཞན་པ་ཞིག་ལ་ཁ་འཕངས་ནས་མི་འགྲོ་རྒྱུ་བྱས་ཞིང་རང་གི་འདོད་པ་ལྟར་དུ་ཞོགས་ཐུན་བཟུང་ནས་རྨི་ལམ་དུ་གཏངས་བའི་དོ་ཧ་མཛོད་དེ་ལན་གྲངས་ཁ་ཤས་སྐྱོར་ནས་ནང་དུ་བསྡད་པས་སེམས་ལ་ཧ་ཅང་སྐྱིད་པོ་བྱུང་།

Monday, April 8, 2013

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས།

བལ་པོའི་བཟོ་རྩལ་ལས་ཐོན་པའི་སངས་རྒྱས་འོད་དཔག་མེད་ཀྱི་སྣང་བརྙན།
ཞོགས་པ་བསིལ་རླུང་གྲང་མོའི་ནང་ནས་རྐང་འགྲོས་ཐུང་ཙམ་བྱས་ཞིང་ཞོགས་ཟས་ཚར་མ་ཐག་ནམ་རྒྱུན་ལྟར་ཁ་འདོན་རྣམས་ལ་བྲེལ། ཉིན་མོ་འདི་ནི་འཆར་ཅན་ལྟར་དུ་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་དེ་ཡིན།
དེ་རིང་གི་ཞིང་སྒྲུབས་སྐབས་སུ་མི་གྲངས་ཉི་ཤུ་ཙམ་ཞིག་འབྱོར་འདུག སྐད་བསྒྱུར་མེད་ཀྱང་ངོས་ཀྱི་དགེ་ཕྲུག་རྣམས་ང་ཡི་དབྱིན་ཇི་ཆག་རོ་དེ་ཉན་རྒྱུ་ལ་ཧ་ཅང་དགའ། ངས་ཀྱང་བློ་ཁོག་ཆེན་པོའི་ངང་ནས་ཀུན་སློང་བཅོས་སྟངས་སྐོར་དང་། བླ་མ་དང་ཡིད་དམ་དབྱེར་མེད་བྱས་ནས་བསྒོམ་ན་བྱིན་རླབས་དང་དངོས་གྲུབ་གཉིས་ཆར་ཡོང་བའི་དགོས་པ་བཅས་མདོར་བསྡུས་ཞིག་བཤད་ནས་བདེ་ཆེན་ཞིང་སྒྲུབ་ཆོ་ག་རྒྱས་པ་དེ་བོད་ཡིག་སྒྲ་གདངས་ཐོག་ནས་མཉམ་འདོན་བྱས། མདུན་སྐྱེད་འོད་ཞུའི་མཉམ་བཞག་སྐབས་སུ།
མ་ཡེངས་མ་ཡེངས་དྲན་པའི་རྒྱངས་སོ་ཚུགས།།
ཞེས་ཟུར་དུ་ཡོད་པའི་རྫོགས་ཆེན་གྱི་ཚིག་ཤོ་ལོ་ཀ་བཞི་ཅན་དེ་བཏོན་ནས་སྐར་མ་བཅུ་ལ་མཉམ་བཞག་ངང་སྒོམ་བྱེད་དུ་འཇུག། དེ་ནས་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱས་ནས་དེ་རིང་གི་ཞིང་སྒྲུབ་དེ་ལེགས་པར་གྲུབ། ཟུར་ནས་མི་གསར་པ་འགའ་ལ་ཐུག་འཕྲད་དང་། ཁ་ཤས་ནས་སྐྱབས་འགྲོའི་སྡོམ་པ་ཞུ་འདོད་འདུག་པས་དེའི་སྐོར་ལ་དུས་ཚོད་སོགས་ཀྱིས་འདོད་བློ་ཡོངས་སུ་བཀང་བར་བྱས་ནང་དུ་འབྱོར་ཞིང་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Thursday, April 4, 2013

ཀུན་བཟང་ཨ་མ་ཚེ་ལས་འདས་པའི་ཉིན་མོ།

ཉི་ར་ནང་དུ་སོས་དལ་བྱེད་བཞིན་པ།།
ཞོགས་འཐུང་བཞིན་པའི་སྐབས་སུ་ཟུར་ནས་ཁ་པར་གྱི་ཐིར་སྒྲ་ཞིག་ཡོད་པ་དེ་ནི་བུ་མོ་ཀུན་བཟང་རེད་འདུག དེ་རིང་ཛ་དྲག་གི་དཀའ་ངལ་བྱུང་སོང་ཟེར་བ་དང་མཉམ་དུ་སྐད་ཤུགས་ཆེན་པོའི་སྒོ་ནས་ངུས་སོང་། ང་ནི་གློ་བུར་དུ་སྙིང་ཁམས་མ་བདེ་བ་འདྲ་བོ་བྱུང་། གང་ཡིན་ཟེར་ན་ས་གནས་འདིར་ང་ཚོ་བོད་པ་གསུམ་ལས་མ་གཏོགས་མེད། གཅིག་ཀུན་བཟང་ཡིནམོ་རང་སྐྱེ་ས་རྒྱ་གར་རྡོ་རྗེ་གླིང་ནས་ཡིན་ཅིང་ཨ་རིར་སླེབས་ནས་ཕལ་ཆེར་ལོ་བཅུ་གྲངས་ཞིག་ཡིན་ཚོད་རེད། གཅིག་ཤོས་བལ་ཡུལ་ལ་སྐྱེས་པའི་ཨ་ཅ་ཆོས་འཛིན་ལགས་ཡིན། མོ་རང་ཡང་ཨ་རིར་སླེབས་ནས་རྒྱུན་རིང་པོ་རེད་འདུག ང་ཚོ་གསུམ་ལས་མ་གཏོགས་མེད་ཀྱང་བོད་ཀྱི་ལོ་གསར་དང་། ༧གོང་ས་མཆོག་གི་འཁྲུངས་སྐར་སུམ་བཅུ་དུས་དྲན་སོགས་ལ་བོད་པའི་ངོ་ཚབ་གང་དྲག་བྱེད་ཀྱི་ཡོད། ཁོང་གཉིས་ལ་བོད་དོན་ལ་སེམས་ཤུགས་ཧ་ཅང་ཆེན་པོ་ཡོད་རེད། དེ་རིང་ནི་བཀྲ་མ་ཤིས་པ་ཞིག་ལ་བུ་མོ་ཀུན་བཟང་གི་ཨ་མ་ཉིན་གཉིས་ནད་ཡུན་གྱིས་ད་ནང་ཞོགས་པ་གྲོངས་འདུག ངས་ཀུན་བཟང་ལ་ཁ་པར་ནང་ནས་སེམས་གསོ་གང་དྲག་བྱས་པ་ཡིན། ཉིན་གུང་རྒྱབ་ཏུ་ཀུན་བཟང་ང་སར་སླེབས་བྱུང་ང་ལ་ཞེ་དགུའི་སྐབས་སུ་སྨོན་ལམ་འདོན་དགོས་པའི་ཞུ་བསྐུལ་རེད་འདུག ངས་ཀྱང་ཨ་སྒོར་བརྒྱ་དང་ཉི་ཤུའི་སེམས་གསོའི་དོད་ཕུལ་ནས་སེམས་གསོ་གང་ཤེས་བྱས། མོ་རང་གང་མགྱོགས་རྒྱ་གར་ལ་འགྲོ་རྩིས་བྱེད་ཀྱི་འདུག 

འཆི་བདག་བདུད་པོ་ཉི་མའི་གྲིབ་སོ་འདྲ།།
ཚེ་ལ་ངེས་མེད་སྟོན་ཁའི་བ་མོ་འདྲ།། 
སྒྱུ་ལུས་འདི་ནི་མི་བརྟན་ཐོ་ཡོར་འདྲ།།
ཇི་ལྟར་བྱས་ཀྱང་སྙིང་པོ་མེད་པ་འདྲ།།
གང་ཞིག་འཆི་བ་མཐོང་ངམ་ཐོས་ཀྱང་རུང་།།
མི་རྟག་སྒྱུ་མ་སྟོན་པའི་སློབ་དཔོན་གསུངས།། 
རྟག་འཛིན་ཅན་གྱི་ཆོས་དྲེད་ཟོབ་སྐྱལ་ལ།། 
མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།།