Saturday, October 28, 2017

འདྲེ་ཡི་དུས་ཆེན་ཉིན་མོ།

དེ་རིང་ནི་རེས་གཟའ་སྤེན་པའི་ཉིན་མོ་ཡིན། ཉིན་མོ་འདི་ནི་ང་གནས་འདིར་འབྱོར་ནས་བཟུང་མི་བདུན་ཙམ་གྱི་རིང་དོན་གཉེར་ཅན་རྣམས་དང་ལྷན་དུ་ཞོགས་པ་ཆུ་ཚོད་བཅུ་ནས་བཅུ་གཅིག་བར་སྒོམ་བྱེད་རྒྱུ་དེ་ཡིན། དེ་རིང་སྒོམ་ལ་ཡོང་མཁན་མི་གྲངས་བཅུ་བདུན་ཙམ་ཞིག་འདུག མ་སྒོམ་པའི་གོང་དུ་ངས་ནམ་རྒྱུན་རང་ལུགས་བཀའ་བརྒྱུད་པའི་གནས་འགྱུ་རིག་གསུམ་སོགས་དཔེ་དང་སྦྱར་བས་གང་ཤེས་བཤད་ཁུལ་བྱེད་ཀྱི་ཡོད། སྒོམ་ཚར་བ་དང་ཕན་ཚུན་དྲི་བ་དྲིས་ལན་སོགས་བྱས་ནས་མི་མང་གི་འདོད་པ་ཡོངས་སུ་བཀང་། ང་ནི་སྔ་ནས་དུས་ཆད་བྱས་པ་ལྟར་དཔུང་པར་སྐམ་ཁབ་རྒྱག་སར་སོང་། སྨན་པས་དཔུང་མགོ་དང་རྒྱབ་གཞུང་སོགས་ལ་ཁབ་རྩག་བྱས་ནས་ནང་དུ་འབྱོར། དེ་རིང་ནི་ཉིན་ལྟར་སྒོ་རྡུང་མཁན་ཆད་མེད་རེད། གང་ཡིན་ཟེར་ན་ཉིན་མོ་འདི་ནི་ཡེ་ཤུའི་ཆོས་ལུགས་ཡོངས་ཀྱི་འདྲེ་ཡི་དུས་ཆེན་སྲུང་གཙིའི་ཉིན་མོ་ཞིག་ཡིན། ལུས་སྲོལ་འདི་ནི་ཡོ་རོབ་སོགས་ནས་འཛམ་གླིང་གང་སར་ཁྱབ་བརྡལ་དུ་སོང་ནས་དེང་སང་རྒྱལ་ཁབ་མང་པོ་ཞིག་ནང་དུས་ཆེན་འདི་གལ་ཆེན་དུ་ངོས་འཛིན་བྱེད་ནས་སྲུང་གཙི་བྱེད་ཀྱི་ཡོད། ལྷག་པར་དུ་ཨ་རི་ནས་མཚན་མཐུན་ཆགས་སྤྱོད་ཅན་རྣམས་ཀྱིས་དུས་ཆེན་འདི་ཧ་ཅང་གལ་ཆེན་དུ་ངོས་འཛིན་བྱེད་ཀྱི་ཡོད། ཉིན་མོ་འདིར་དམིགས་བསལ་ཕྲུག་གུ་རྣམས་ལ་འདྲེ་གཟུགས་དང་འདྲེ་འབག་སོགས་གཡོགས་ནས་མི་ཚང་རེ་རེ་བཞིན་སྒོ་འགྲིམ་བྱེད་ནས་མངར་ཟས་འདྲ་མིན་སློང་བའི་ལུགས་སྲོལ་ཞིག་ཀྱང་ཡོད། ངས་ཀྱང་སྔ་ནས་གྲ་སྒྲིག་བྱས་པ་ལྟར་ཕྲུག་གུ་སྒོ་བརྡུང་རྣམས་མངར་ཟས་འདྲ་མིན་སྟེར་ནས་ཕན་ཀུ་རེ་རྩེད་མོ་སོགས་ཀྱང་བྱས།  

Sunday, October 22, 2017

བསམ་དོན་འགྲུབ་པའི་ཉིན་མོ།

ཁ་སང་སྤྱི་ཟླ་བཅུ་པའི་ཚེས་པ་བཅུ་དགུའི་ཉིན་མོ་འདི་ནི་ངོས་ལ་ལྟོས་ན་ཧ་ཅང་བཀྲ་ཤིས་པའི་ཉིན་མོ་དང་དོན་འགྲུབ་པའི་ཟླ་བ་ཞིག་ཡིན། གང་ཡིན་ཟེར་ན་རང་ཡུལ་ནས་ཁ་བྲལ་ནས་ད་བར་འདས་པའི་མི་ལོ་ཉེར་གཅིག་རིང་མི་ཡུལ་དུ་འཁྱར་ནས་བཟུང་དགའ་སྐྱོའི་དཀའ་སྡུག་གི་ཚོར་བས་མནར་ཅིང་། སྐབས་རེར་སྐྱབས་བཅོལ་བའི་གནས་སྟངས་ཐབས་སྡུག་དེས་རྐྱེན་བྱས་ནས་གནམ་ཐང་དང་རྒྱལ་མཚམས་སོགས་ནས་རྒྱབ་ནས་ཡོང་ཁུངས་དང་སྔོན་ལ་འགྲོ་ཡུལ་སོགས་གང་ཡང་བཤད་རྒྱུ་མེད་པར་ཉེན་རྟོག་པ་དང་དམག་མིའི་འཐབ་རའི་ཁྲོད་ནས་རིན་ཆེན་སྲོག་དང་བྲལ་ལ་ཁད་ཐེངས་མ་གཅིག་ཙམ་ག་ལ་ཚད། ཉིས་སྟོང་ལྔ་ལོར་མ་ལེ་ཤ་ནས་དཀོར་ཉུལ་བྱེད་བཞིན་པའི་སྐབས་སུ་ཨ་རི་ཀི་ལི་ཧྥོ་ཉ་ནས་ཕེབས་པའི་ཨ་མདོའི་བླ་མ་ཞིག་ཁྱི་རྐུན་འོ་ཟོམ་ཁ་མཐུན་གྱི་དཔེ་ལྟར་གནས་སྐབས་ཇ་ཚེའི་གྲོགས་པོ་རུ་གྱུར། ཁོང་ནས་མགྲོན་ཤོག་གནང་ནས་ཉིས་སྟོང་བདུན་ལོར་སྟོབས་ལྡན་ཨ་རིའི་རྒྱལ་ཁབ་འདིར་དབྱིན་སྐད་ནོའོ་དང་ཡེ་སེ་གཉིས་ལས་མི་ཤེས་མཁན་འབྲོག་རྒན་ང་གོམས་ཁ་དང་པོ་ཕྱོགས། དེ་ནས་བཟུང་ལོ་བདུན་རིང་ཐོངས་ཆན་ཝེ་ས་ཡོད་པས་ལོ་ལྟར་ཡོངས་ཐེངས་རེར་ཟླ་བ་འགའ་ཤས་ཙམ་བསྡད། ཉིས་སྟོང་བཅུ་གསུམ་ལོར་ས་གནས་ཀི་ལི་ཧྥོ་ཉ་ནས་འགྲོ་སྟངས་སྤྱི་མཚུངས་ལྟར་སྐྱབས་བཅོལ་ཞུས། དེ་ནས་བཟུང་ད་བར་ངོས་ཀྱི་ཆོས་ཕྱོགས་ཀྱི་ལས་འཆར་ཁག་གང་ལེགས་བྱུང་བ་མ་ཟད་སྐྱེ་བོ་རྐང་པ་ཐོགས་ཚད་འགྲོ་ས་དང་མིག་ཡོད་ཚད་ཀྱིས་ལྟ་ས་ཡུལ་སྐོར་བའི་ལྟེ་གནས་འབྱོར་ལྡན་དཀར་པོའི་མི་རིགས་རྣམས་སྐྱིད་ཉམས་སྟོན་ནས་འདུག་ས་འདིར་རང་འཁོས་ཆོས་ཚོགས་ཞིག་ཀྱང་འཛུགས་ཐུབ། ཞོར་དུ་སྐྱབས་བཅོལ་བའི་ཤོག་གུའི་ལས་ཀ་རྣམས་ཀྱང་འགལ་རྐྱེན་བར་ཆད་མེད་པར་གཅིག་རྗེས་གཉིས་མཐུད་ནས་འབྱོར། ཁ་སང་གི་ཉིན་མོར་ཨ་རིའི་རྩ་ཁྲིམས་དྲི་བ་བརྒྱ་ཅན་བློ་རྒྱུགས་དང་གཞན་ངག་རྒྱུགས། འབྲི་རྒྱུགས་སོགས་དགོས་རྒྱུ་དེ་ཡིན་པས་ཆོས་ཚོགས་ཀྱི་འགན་འཛིན་ཟུར་པ་ཁྱིམ་བདག་ཨ་མ་བཀའ་དྲིན་ཅན་ཧར་གྲེའི་དང་། ཆོས་ཚོགས་ཀྱི་དངུལ་གཉེར་ཟུར་པ་སེ་ཏྲེའི་ཧྥེའི་ནེ། གཞན་དགེ་ཕྲུག་ལིན་ལྗོན་སེན་བཅས་ངེད་བླ་སློབ་བཞི་ཞོགས་པ་སྔ་བོར་སན་ཧོ་སེ་ཨ་རིའི་སྐྱབས་བཅོལ་ལས་ཁུངས་སུ་སོང་། མི་གྲངས་བརྒྱ་སྐོར་ཞིག་ནས་བང་ཐོ་སྒུག་འདུག་པས་ངེད་རྣམས་ཀྱང་ཟུར་ཞིག་ནས་ཨང་ཐོ་བླངས་ནས་སྒུག། ཅུང་མ་འགོར་ང་ཡི་མིང་བོས་སོང་བས་ཟུར་ནས་ཨ་རིའི་བུ་མོ་ལོ་ཆུང་ཞིག་ནས་འདིར་ཤོག་ཅེས་པའི་བརྡ་བསྟེན་ས་དེར་གཏད་ནས་སོང་། ལག་འཇུ་དང་ཁམས་འདྲི་བྱེད་བཞིན་ལས་ཁུངས་སུ་འཛུལ། ལས་ཁུངས་ནས་དང་པོར་ལག་གཡས་ནམ་མཁར་བཀྱག་ནས་དེ་རིང་གི་དྲི་བ་དྲིས་ལན་སོགས་རྫུན་དང་མ་འདྲེས་པར་བྱེད་དགོས་པའི་དམ་བཅའ་བླངས། དེ་ནས་རིམ་བཞིན་ཨ་རིའི་རྩ་ཁྲིམས་དང་འབྲེལ་བའི་དྲི་བ་བརྒྱ་ཡི་ནང་ནས་དྲི་བ་བཅུ་ལ་ལན་ཆགས་ཐོགས་མེད་པར་རེ་རེ་བཞིན་རྒྱབ། མཇུག་ཏུ་ང་རང་ཉིད་ཀྱི་ལོ་རྒྱུས་སྐོར་དང་། འབྲི་རྒྱུགས། བཀླག་རྒྱུགས་སོགས་ཀྱང་མདོ་འཛིན་མའི་འདོད་པ་ལྟར་དུ་བྱས། དེ་ནས་བུ་མོ་དེས་འཛུམ་མདངས་དང་ལྷན་དབྱིན་སྐད་དུ། ཁུར་འགུ་རྒྱུ་ལེའི་ཤོན། ཁྱེད་རང་ཡིག་ཚད་འཕྲོད་སོང་ཟེར་བས་ངས་ཀྱང་གུས་ཞབས་དང་ལྷན། ཐང་ཁེ་ཡོས་ཞེས་སྨྲས། དེ་ནས་ཟླ་བ་གཅིག་ཙམ་མཚམས་ནས་དམ་འབུལ་བྱེད་ལ་ཡོང་དགོས་ཚུལ་གང་མགྱོགས་ཨ་རིའི་ལག་ཁྱེར་ཞུ་ཆོག་ཚུལ་སོགས་སློབ་སྟོན་གང་མང་བླངས། ཕྱི་ལོགས་སུ་ཡོང་བས་སློབ་མ་གསུམ་ནས་སྒུག་འདུག་སྟབས་ང་མཐོང་བ་དང་བློ་བུར་དུ་རྒྱུག་ཡོང་ནས་འཐམ་འཁྱུད་དང་། སྐད་ཅོར། མཆོང་སྡིང་སོགས་བྱེད་བཞིན་འདུག ཁང་པ་དེའི་ནང་ཡོད་པའི་མི་ཡོངས་རྫོགས་ནས་ང་ཚོར་ལྟ་ཙམ་བྱས། དེ་ནས་ངེད་རྣམས་ངོས་ཀྱི་ཟ་མ་དགའ་ཤོས་ཝེར་ནམ་ཐུག་པ་འཐུང་ལ་སོང་། ཐུག་པ་འཐུང་བཞིན་དེ་རིང་གི་ལས་ཀ་དེ་བཟང་རབ་དང་ཡག་སོགས་ཁ་བརྡས་ཟ་ཁང་འུར་སྒྲས་བཀང་། ནང་དུ་འབྱོར་ནས་སྐྱེས་བུའི་དོན་ཆེན་འགྲུབ་པའི་དཔེ་ཞེས་པ་ལྟར་བན་རྒན་ང་ཡི་མི་ཚེའི་བསམ་དོན་འགྲུབ་སོང་བས་ཉིན་གཉིས་རིང་ལྷོད་ཉལ་བྱས་ནས་ནང་དུ་བསྡད། དེ་ནས་བཟུང་སྟེ་ངོ་དེབ་དང་དྲྭ་རྒྱ་སོགས་ལ་མཆན་འབྲི་བ་དང་ཁ་པར་གཏོང་བ་སོགས་ཆད་མེད་རེད་འདུག། 

ཨ་མདོ་བླ་མས་མགྲོན་ཤོག་གཏང་།།
ཨ་ལོའི་སྐད་ལ་མ་བྱང་ཡང་།། 
ཨ་རིའི་ལུང་པའི་ནང་ལ་འབྱོར།། 
ཨ་ཧོ་དགའ་འོ་སྐྱིད་དོ་རྨད།།