ཁམས་ནང་ཆེན་ཇ་པ་དགོན་ནམ་དགོན་ཞབས་དགོན་པ་འདི་ནི་མཉམ་མེད་འགྲོ་མགོན་ཀརྨ་ཀ་ཚང་གི་ཆོས་བརྒྱུད་འཛིན་མཁན་ལས་རྒྱལ་བ་ཞྭ་ནག་པའི་གདན་ས་ཆེན་མོ་དཔལ་གྱི་སྟོད་ལུང་མཚུར་ཕུའི་དགོན་ལག་ཞིག་རེད། 1454 ལོར་སྐུ་འཁྲུངས་པའི་དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་དངོས་སློབ་འཇང་གྲྭ་སངས་རྒྱས་དཔལ་བཟང་དང་། བྱ་བཏང་ཐར་པ་རྒྱལ་མཚན་གཉིས་ཀྱིས་ཕྱག་བཏབས་པའི་དགོན་པ་ཞིག་ཡིན། དུས་དེ་ནས་བཟུང་སྟེ་ད་བར་དགོན་པ་འདི་ལའང་དར་རྒུད་དང་ཆག་འཇིགས་ཧ་ཅང་མང་པོ་བྱུང་ཡོད། བོད་གངས་ཅན་ལྗོངས་སུ་བསྟན་དགྲ་རྒྱ་དམར་གྱིས་ལྷ་ལུང་ནང་དུ་འདྲེ་ལག་མ་བརྐྱང་བའི་གོང་དུ་དགོན་པ་འདིར་འགྲོ་མགོན་བཀའ་བརྒྱུད་པའི་ལྟ་བ་ཕྱག་རྒྱ་ཆེན་པོ་དང་། སྒོམ་པ་ན་རོའི་ཆོས་དྲུག སྤྱོད་པ་རོ་སྙོམ་སྐོར་གསུམ་སོགས་ལ་ཉམས་ལེན་གནང་ཞིང་བཀའ་བརྒྱུད་པའི་གཏད་ས་བཞི་ལ་བློ་ཕུག་བཅའ་ཞིང་ཚེ་དང་སྒྲུབ་པ་མཉམ་པའི་རྟོགས་ལྡན་བཅུ་གསུམ་དང་། འཇང་གྲྭ་བླ་དགུ་ཞེས་གཞན་སེམས་མངོན་ཤེས་དང་རླུང་ནུས་གྲུབ་རྟགས་ལ་རང་དབང་འབྱོར་བའི་བླ་མ་མང་ཙམ་མཆིས། རིག་གསར་ཁྲག་མཚོས་རྦ་རླབས་ཀྱིས་བཅོམ་པའི་རྗེས་སུ་དགོན་པའི་བརྟེན་དང་རྟེན་པར་བཅས་རྨིག་མེད་རྩ་རླག་ཏུ་སོང་། གུས་པའི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་དང་། ཁ་སང་ཞིང་དུ་ཕེབས་པའི་དཔལ་འབར་སྤྲུལ་སྐུ་རྣམ་གཉིས་བཙོན་གྲོལ་ཐོབ་རྗེས་སྡེ་དགོན་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་དགོན་པ་གསར་གཞེངས་གནང་། ཞིང་ཕེབས་དཔལ་འབར་སྤྲུལ་སྐུ་ཁོང་ནི་མདོ་ཁམས་སྐུ་རྒྱལ་ཆེན་པོའི་རི་བོའི་ཞོལ་སྲིབ་མདའ་ཞེས་པའི་གྲོང་དུ་སྐུ་འཁྲུངས། དགུང་ལོ་དྲུག་ཐོག་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་དང་། སི་ཏུ་པདྨ་དབང་མཆོག་རྣམ་གཉིས་ནས་ཇ་པ་དགོན་གྱི་དཔལ་འབར་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དཔལ་འབར་སྐུ་གོང་མ་ནི་སྐབས་དེ་དུས་མདོ་སྨད་ཕྱོགས་ནས་རྟོགས་པ་མཐོ་བའི་ཚད་དུ་འཇོག། ཉེ་ཆར་ཞིང་དུ་ཕེབས་པའི་དཔལ་འབར་འདི་ཉིད་ཀྱང་རྒྱ་སྤྲུལ་རིན་པོ་ཆེ་དང་། རང་དགོན་གྱི་བླ་རྒན་ཆོས་དབྱིངས་རབ་འབྱམས་སོགས་བླ་མ་མང་པོ་བསྟེན་པ་མ་ཟད། བཙོན་ཁང་ནང་ནས་ཀྱང་མཁན་པོ་མུན་སེལ་སོགས་བླ་མ་མང་པོ་ཞིག་བསྟེན་ནས་ཉམས་རྟོགས་ཀྱི་རྩལ་ཆེན་རྫོགས། ལྷག་པར་དུ་ལས་བཞིའི་ཕྲིན་ལས་ལ་མངའ་དབང་བརྙེས། ཡུལ་ལུང་སྡེ་དགོན་རྣམས་སུ་བཅོས་མེད་ནད་ཀྱིས་ཟིན་པའི་ནད་པ་མང་པོ་དང་། ཐར་མེད་གདོན་གྱིས་རླམ་པའི་ཉམ་ཐག་གི་སེམས་ཅན་རྣམས་ལ་མི་འཇིགས་པའི་སྲོག་གི་སྐྱབས་སྦྱིན་གནང་བ་ནི་རེ་ཟུང་ཙམ་ག་ལ་ཡིན། ལྷག་པར་དུ་ཡུལ་ལྷ་གཞི་བདག་དང་། ཆོས་སྐྱོང་སྲུང་མ་སོགས་ལ་མི་དང་མི་འཕྲད་པ་བཞིན་ཆོས་སྤྱན་དང་ལྡན་པའི་མངོན་ཤེས་ལ་ཐོགས་པ་མེད། ཚུལ་མཐོང་ཚད་མའི་ངོར་ནམ་རྒྱུན་ཆང་རག་འཐུང་རྒྱུ་དང་། ལྷག་པར་དུ་བུད་མེད་སོགས་ལ་ཧ་ཅང་བརྙེས། དགུངས་གྲངས་བརྒྱད་བཅུ་གྱ་བཞིའི་ཐོག་ཉེ་ཆར་འདི་ཟླའི་སྤྱི་ཚེས་བཅུ་བདུན་བོད་ཚེས་བཅུའི་ཉིན་མོ་རེ་ཞིག་གཟུགས་སྐུའི་བཀོད་པ་ནང་དབྱིངས་སུ་བསྡུས་པའི་ཚུལ་བསྟན་འདུག།
སྤྱིར་གཏང་ཐུགས་དམ་ཞེས་པའི་ཚིག་འབྲུ་གཉིས་པོ་འདི་ལ་གོ་རྒྱུ་ཆེན་པོ་ཡོད་ཅིང་། ཐུགས་དམ་ནི་ངེས་པར་ཡོང་ཆོག་པ་ཞིག་ཡིན་ཀྱང་དེང་སང་སྤྱི་ཚོགས་འདིར་ཐུགས་དམ་གྱི་ཁ་ཕྱོགས་ནི་ཕན་ཚུན་འགྲན་རྩོད་དང་། བླ་མའི་སྐུ་ཕུང་ཆབ་སྲིད་པའི་ལག་ཆར་གྱུར་ཟིན་པའི་དུས་རབས་གསར་པ་འདིར་ངོས་ལ་ལྟོས་ན་ཐུགས་དམ་ཟེར་ནས་འུར་བཞིན་པ་འདི་ལ་ཡིད་ཆེས་འཕེར་དཀའ་བ་མ་ཟད་ཐུགས་དམ་ལ་བཞུགས་མ་བཞུགས་འདས་ཚུལ་ཙམ་ནི་དེ་བས་ཀྱང་གཙོ་བོ་ཞིག་ལ་གཏན་ནས་མིན། ཡིན་ནའང་ཞིང་གཤེགས་བླ་མ་ཁོང་ནི་ཉིན་གསུམ་རིང་ཐུགས་དམ་ལ་གཡོ་མེད་དྲང་པོར་བཞུགས་འདུག་ཞེས་གླེང་གིན་གདའ།