Saturday, January 8, 2022

དམ་པ་གསུམ་གྱི་ཆོས་ཁྲིད་མདོར་བསྡུས།

སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། 


དེ་རིང་འདིར་བདེ་ཆེན་ཞིང་སྒྲུབ་སྐབས་སུ་དང་པོ་སྦྱོར་བ་སེམས་བསྐྱེད་དམ་པ་ནས་ཐ་མ་མཇུག་བསྔོ་བའི་བར་བསམ་བློ་གཏོང་ཕྱོགས་སྐོར་ཕལ་སྐད་གོ་བདེའི་ཚུལ་དུ་མདོར་བསྡུས་ཞིག་ཞུ་གི་ཡིན་པས་ཚང་མས་ཡག་པོ་བྱེད་ནས་གསན་རོགས། ཡག་པོ་ཞིག་མ་ཉན་ན་ཡིད་ལ་ངེས་ཐུབ་ཀྱི་མ་རེད། ཡིད་ལ་མ་ངེས་ན་དོན་ཧ་གོ་གི་མ་རེད། དོན་ཧ་མ་གོ་ན་ག་རེ་སྒོམ་དགོས་མིན་ཤེས་ཀྱི་མ་རེད། དེ་ལྟར་ཡིན་ཙང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་། 
"རིགས་ཀྱི་བུ། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ།"
 ཞེས་གསུངས་ཡོད། ལེགས་པར་མ་ཉན་ན་སྣོད་ཀྱི་སྐྱོན་གསུམ་གྱིས་བསླད་ནས་རང་རྒྱུད་ལ་ཆོས་ཀྱིས་ཕན་མི་ཐོག སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་གཏད་ཁ་སྦུབ་ལྟ་བུའི་སྐྱོན། ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན།། ཅེས་གསུང་པ་ལྟར། ལུས་ཆོས་གྲལ་ལ་བསྡད་ཀྱང་ཆོས་ལ་རྣ་བ་རྩེ་གཅིག་ཏུ་གཏད་ནས་མ་ཉན་ན། སྣོད་ཁ་སྦུབ་ནས་ཐོག་ཏུ་བཅུད་ཇི་ཙམ་བླུགས་ཀྱང་ནང་དུ་མི་ཆག་པ་ལྟར་ཡིན། ཡང་རྣ་བ་གཏད་ནས་ཉན་ཀྱང་ཡིད་ལ་ཡང་དག་པར་མ་འཛིན་ན་སྣོད་ཞབས་རྡོལ་གྱི་ནང་དུ་བཅུད་ཇི་ཙམ་བླུགས་ཀྱང་ནང་དུ་མི་ཆག་པ་ལྟར་དུ་ཡིན། ཡང་རྣ་བ་གཏད་ཡིད་ལ་འཛིན་ཀྱང་ཀུན་སློང་མ་དག་པའི་དབང་གིས་ཉོན་མོངས། དཔེར་ན། ང་རྒྱལ་དང་། འགྲན་སེམས། ཕྲག་དོག་སོགས་ཀྱིས་རང་རྒྱུད་སླད་པ་ཡིན་ན། ཁ་ཟས་བཟང་པོ་ལ་དུག་གིས་སླད་པ་ནང་བཞིན་ཆོས་དེ་ཉིད་ཀྱང་རང་རྒྱུད་འདུལ་བྱེད་ཀྱི་ཉོན་མོངས་ཀྱི་གཉེན་པོ་རུ་མ་སོང་ནས་ཉོན་མོངས་ཀྱི་གྲོགས་སུ་སོང་ན་ཧ་ཅང་ཐབས་སྡུག་རེད། ཆོས་ཟེར་དུས་རང་རྒྱུད་འདུལ་བའི་ཐབས་ལམ་བླ་ན་མེད་པ་ཞིག་ལ་ངོས་འཛིན་བྱེད་དགོས། ཆོས་བྱས་ནས་རང་རྒྱུད་ཀྱི་ཉོན་མོངས་མ་ཐུལ་ནས་དཔེར་ན་ང་རྒྱལ་དང་། འགྲན་སེམས་ཕྲག་དོགས་སོགས་ཇེ་ཆེར་སོང་ན་དྭགས་པོ་རིན་པོ་ཆེས། "ཆོས་ཆོས་བཞིན་དུ་མ་བསྒྲུབ་ན་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད།"
 ཅེས་གསུངས་པ་ལྟར་མི་ཡོང་བར་གཟབ་ནན་བྱེད་དགོས། གང་ལྟར་ཀྱང་ལུས་ཆོས་གྲལ་ལ་བསྡད་ཀྱང་སེམས་ཚོང་འདུས་ཀྱི་དཔེ་ལྟར་མ་སོང་བར་ལུས་ཆོས་གྲལ་དུ་ཡོད་པ། སེམས་ལུས་ནང་དུ་ཡོད་པ། སེམས་དེ་ཉིད་ཀྱང་ཉོན་མོངས་ཀྱི་གཞན་དབང་དུ་མ་སོང་བར་རི་དྭགས་ཀྱིས་པི་ཝང་གི་སྒྲ་ལ་ཉན་པ་ལྟར་རྩེ་གཅིག་ཏུ་ཉན་དགོས། ཉན་པའི་སྐབས་སུ་ཡང་ཉན་ཚུལ་དེ་ཉིད་ཀྱང་སྟོན་པ་བཞིའི་གོ་རིམ་འཇུག་ལྡོག་མ་ནོར་བར་བྱེད་ནས་ཉན་དགོས། རྟོན་པ་བཞི་ནི། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན།། ཅེས་ཆོས་བཤད་མཁན་གྱི་བླ་མ་དང་སོ་སྐྱེ་རབ་བྱུང་དང་སྔགས་པ་གང་ཡིན་ཀྱང་རུང་བཤད་རྒྱུའི་ཆོས་ཉིད་ལ་བསམ་བློ་གཏོང་དགོས། བཤད་རྒྱུའི་ཆོས་དེ་ཉིད་ཀྱང་ཚིག་སྙན་པོ་དང་རང་ལ་འཐད་པོ་རེ་བྱུང་ན་དགའ་བ་སྐྱེ། རང་ཉིད་ཀྱི་སྐྱོན་ཐོག་ཏུ་བྱུང་ན་མི་དགའ་བ་མ་ཡིན་པར་ཚིག་གི་ནང་ནས་བྱུང་བའི་དོན་ལ་བསམ་དགོས། དོན་དེ་ཉིད་ཀྱང་གནས་སྐབས་མངོན་མཐོའི་ཆེད་དུ་གདུལ་བྱ་དྲང་དོན་ལྟར་མ་ཡིན་པར་མཐར་ཐུག་ངེས་ལེགས་སངས་རྒྱས་ཀྱི་གོ་འཕངས་འཐོབ་པའི་རྒྱུ་ངེས་དོན་ལ་བསམ་དགོས། ཆོས་ལ་འཇུག་པའི་བློ་དེ་ཉིད་ཀྱང་ཉོན་མོངས་ཅན་གྱི་རྣམ་ཤེས་ཀྱི་ཕྱོགས་སུ་མ་ཡིན་པར་ཉོན་མོངས་དང་བྲལ་བའི་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་དུ་འཇུག་པར་བྱེད་དགོས། མདོར་ན་ཆོས་ཞུ་བའི་སྐབས་སུ་འདུ་ཤེས་གསུམ་དང་མ་བྲལ་བའི་ཐོག་ནས་བསམ་བློ་གཏོང་དགོས། འདུ་ཤེས་གསུམ་ནི། 
རང་ཉིད་ལ་ནད་པའི་འདུ་ཤེས། ཆོས་སྨན་གྱི་འདུ་ཤེས། ཆོས་འཆད་མཁན་གྱི་བླ་མ་ལ་སྨན་པའི་འདུ་ཤེས་ཞེས་འདུ་ཤེས་གསུམ་དང་ལྡན་པའི་ངང་ནས་ཆོས་ཞུ་དགོས། ལར་ནི་ཆོས་ཞེས་པའི་དོན་དེ་ཉིད་རང་གི་མ་དག་པའི་ཉོན་མོངས་ཅན་གྱི་སེམས་འདི་ཉིད་བཅོས་བསྒྱུར་གཏང་བྱེད་ཅིག་ལ་གོ་དགོས། སྤྱིར་གཏང་རྒྱ་གར་སྐད་དུ་དྷརྨ་ཞེས་ཟེར་ཞིང་དེ་བོད་སྐད་དུ་བསྒྱུར་ན་འཛིན་པ་དང་། སྐྱོབས་པ་གཉིས་ལ་གོ་དགོས། འཛིན་ཞེས་པ་དེ་ཉིད་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་གཡང་ཁ་ལས་ཟིན་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལས་རིམ་གྱིས་སྐྱོབས་པ་ཞིག་ལ་གོ་དགོས། གང་ལྟར་ཀྱང་ཆོས་ཟེར་དུས་ཁ་ཆོས་དང་། ལུས་ཆོས་གཙོ་བོ་མ་ཡིན་པར་གཙོ་བོ་སེམས་ཀྱི་ཐོག་ནས་བྱུང་བའི་ཆོས་ཧ་ཅང་གལ་ཆེན་པོ་ཡིན། སྤྱོད་འཇུག་ལས། 

"སེམས་གསལ་གཅིག་བསྐྱེད་འབྲས་བུ་གང་། །ཚངས་པ་ལ་སོགས་ཡིན་པ་ལྟར། 

།ལུས་ངག་བཅས་པའི་འབྲས་བུ་ནི། །སྤྱོད་པ་ཞན་པས་དེ་ལྟར་མིན། 

།བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་བསྐྱེད་བྱས་ཀྱང་། 

།སེམས་གཞན་གཡེངས་བར་བྱས་པ་ཡིས། །དེ་དག་རིག་པས་དོན་མེད་གསུངས།  

།གང་གི་ཆོས་ཀྱི་དོན་པོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། 

།བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམས།།"

ཞེས་གསུངས་ཡོད། 

 དང་པོ་དངོས་གཞིའི་ཆོས་ཉིད་མ་སྒྲུབ་པའི་གོང་ནས་སྔོན་འགྲོའི་ཆོས་ཀུན་སློང་བཅོས་རྒྱུ་ཉིད་ཧ་ཅང་ནས་གལ་ཆེན་པོ་ཡིན།

 སངས་རྒྱས་ཀྱིས་མདོ་ལས། 

"བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས།། 

དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འབྲངས།།" 

ཞེས་གསུངས་པ་ལྟར་སེམས་ཀྱི་ཀུན་སློང་བསམ་པ་བཟང་ངན་གྱི་རྗེས་སུ་འགྲོ་བ་ལས་ལུས་ངག་གི་བསག་པའི་དགེ་སྡིག་རྣམས་ཀྱི་རྗེས་སུ་མི་འབྲང་ཞེས་གསུངས་ཡོད། དེར་རྟེན་དང་པོ་དངོས་གཞིའི་ཆོས་ལ་མ་ཞུགས་པའི་གོང་ནས་ཀུན་སློང་བཅོས་རྒྱུ་ཉིད་ཧ་ཅང་ནས་གལ་ཆེ། ད་ལྟའི་བསྒྲུབ་རྒྱུའི་བདེ་ཆེན་ཞིང་སྒྲུབ་འདི་ཉིད་ཐེག་ཆེན་གྱི་ཆོས་ཡིན་པ་མ་ཟད་གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་ཆོས་ཧ་ཅང་རྩ་ཆེན་པོ་ཞིག་ཡིན། བསྒྲུབ་རྒྱུའི་ཆོས་ཐེག་ཆེན་དང་ཟབ་ཆོས་ཡིན་ཀྱང་བསྒྲུབ་མཁན་རང་ཉིད་ཐེག་པ་ཆེན་པོའི་སེམས་བསྐྱེད་དང་ལྡན་པ་ཞིག་མིན་ན་བསྒྲུབ་རྒྱུའི་ཆོས་འདི་ཉིད་ཐེག་ཆེན་དུ་འགྱུར་མི་ཐུབ། བསྒྲུབ་མཁན་རང་ཉིད་ཐེག་པ་ཆེན་པོའི་སེམས་བསྐྱེད་དང་ལྡན་པའི་གང་ཟག་ཡིན་ན་བསྒྲུབ་རྒྱུའི་ཆོས་ཐེག་དམན་ཡིན་ཀྱང་ལྕགས་ནག་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་ཐེག་ཆེན་གྱི་ཆོས་སུ་བསྒྱུར་ཐུབ། དེ་མ་ཡིན་པར་བསྒྲུབ་མཁན་རང་ཉིད་ཀུན་སློང་མ་དག་པའི་གཞན་དབང་དུ་ཕྱིན་པ་དང་། གཞན་ལ་འགྲན་སེམས་དང་ཕྲག་དོག་སོགས་ཀྱིས་ཆོས་བྱས་པ་ཡིན་ན་ཆོས་དེ་ཉིད་ཀྱིས་ཕན་ལས་གནོད་ཆེ་བ་འབྱུང་། དཔེར་ན་སྨན་དུག་ཏུ་འགྱུར་བ་དང་། ལྷ་བདུད་དུ་བབས་པ་ལྟར་ཡིན། ཀུན་སློང་བཅོས་པའི་བསམ་བློ་འདི་ལྟར་གཏོང་དགོས། 

སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རང་ལྟར་དུ་གཅིག་མཚུངས་ཡིན། སེམས་ཅན་དེ་རྣམས་ཀྱིས་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་ངོ་མ་དམ་པའི་ཆོས་སྒྲུབ་མ་ཤེས། སྡུག་བསྔལ་མི་འདོད་ཀྱང་ཉིན་མཚན་ཀུན་ཏུ་སྡུག་བསྔལ་གྱི་ཕྱོགས་སུ་རྒྱུག་པ་རེད། 

 ཞི་བ་ལྷའི་སྤྱོད་འཇུག་ལས། 

"བདེ་བ་འདོད་ཀྱང་གཏི་མུག་པས།། 

རང་གི་བདེ་བ་དགྲ་ལྟར་འཇོམས།། 

སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།། 

སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས།།" 

ཅེས་གསུངས་པ་ལྟར་དུ་ཡིན།། སེམས་ཅན་དེ་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་གཉིས་ལས། མཐར་ཐུག་གི་བདེ་བ་བླ་ན་མེད་པ་ཞིག་འཐོབ་པའི་ཆེད་དུ། ངས་དེ་རིང་ཆོས་བྱེད་ཀྱི་ཡིན་བསམ་པ་སེམས་ཅན་དེ་རྣམས་ལ་བཟོད་མེད་ཀྱི་སྙིང་རྗེ་ཆེན་པོ་བཅོས་མ་མ་ཡིན་པ་ཞིག་གིས་སྣ་དྲངས་ནས་དངོས་བཞིའི་ཆོས་ལ་འཇུག་དགོས། དེ་རིང་གི་དངོས་གཞིའི་ཆོས་ཉིད་བདེ་ཆེན་ཞིང་སྒྲུབ་ཉིད་ཡིན། བདེ་ཆེན་ཞིང་སྒྲུབ་འདི་ཉིད་ལ་དམིགས་བསལ་གྱི་ཆ་རྐྱེན་མེད་དུ་མི་རུང་བ་ནི་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ཡིན། 

དེ་ལ་རྒྱུ་དང་པོ་ཞིང་བཀོད་ཡིད་ལ་དྲན་པ། རྒྱུ་གཉིས་པ་དགེ་རྩ་དཔག་མེད་བསགས་པ། རྒྱུ་གསུམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ། རྒྱུ་བཞི་པ་བསྔོ་བ་དང་སྨོན་ལམ་བཅས་ཡིན། རྒྱུ་བཞི་པོ་དེ་དང་ལྡན་པའི་ཐོག་ནས་བདེ་ཆེན་ཞིང་སྒྲུབ་ཉམས་ལེན་བྱས་པ་ཡིན་ན་སངས་རྒྱས་འོད་དཔག་མེད་ཀྱི་གསུངས་པ་ལྟར་གང་ཟག་ཉིད་འཆི་ཁའམ་བར་དོ་སྐྱེ་བ་རྗེས་མར་བདེ་ཆེན་ཞིང་དུ་སྐྱེ་ཞེས་གསུངས་ཡོད། སངས་རྒྱས་འོད་དཔག་མེད་ཀྱིས་གལ་སྲིད་གང་ཟག་དེ་ཉིད་བདེ་བ་ཅན་དུ་མ་སྐྱེས་ན་སངས་རྒྱས་འོད་དཔག་མེད་ཁོང་སངས་མ་རྒྱ་བར་ཤོག་ཅེས་སྨོན་ལམ་བཏབས་ཡོད། ད་ལྟ་སངས་རྒྱས་འོད་དཔག་མེད་ཁོང་སངས་རྒྱས་ཟིན་པ་ཡིན། སངས་རྒྱས་ཀྱིས་ང་ཚོ་ལ་ཞལ་རྫུན་ནམ་ཡང་གསུང་གི་མ་རེད། 

དངོས་གཞིའི་འདོན་པའི་སྐབས་སུ་ལུས་ངག་ཡིད་གསུམ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་འདོན་དགོས། ང་ཚོའི་གཟའ་ཟླ་བ་རྟག་པར་བདེ་ཆེན་ཞིང་སྒྲུབ་ཉམས་ལེན་བྱེད་རྒྱུ་འདི་ཉིད་ཧ་ཅང་ནས་ཀྱང་བསྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་བྱེད་ཆོག དུས་ཚོད་ཐུང་ཐུང་ཆུ་ཚོད་གཅིག་རིང་འདིར་ཚང་མས་གཟབ་གཟབ་གནང་ནས་ཉམས་ལེན་བྱེད་དགོས། བསྙེན་པའི་སྐབས་སུ་རང་གི་སྤྱི་བོ་ཁྲུ་གང་ཙམ་གྱི་ཐད་རབ་ཏུ་བྱུང་ན་སངས་རྒྱས་འོད་དཔག་མེད་གཙོ་འཁོར་ཡོངས་སུ་རྫོགས་པ་དང་། དེ་ལྟར་གསལ་བཏབས་མ་ཐུབ་ཀྱང་སངས་རྒྱས་འོད་དཔག་མེད་གཙོ་འཁོར་གསུམ་དངོས་སུ་བཞུགས་ཡོད་བསམ་པའི་དད་པ་དང་མོས་གུས་ཀྱིས་སྒོམ་དགོས། ངག་ནས་བསྙེན་པ་བཟླ་བའི་སྐབས་སུ་རང་གི་སྤྱི་གཙུག་ཏུ་བཞུགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་ལས་བདུད་རྩི་དཀར་པོ་འོ་མའི་མདོག་ཅན་བྱུང་། རང་གི་སྤྱི་བོ་ལ་ཐིམ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་དང་ལྷག་པར་དུ་བྱང་ཆུབ་སྒྲུབས་པ་ལ་བར་དུ་བཅོད་པའི་ཚོགས་ཐམས་ཅད་ཉི་མས་བ་མོར་རེག་པ་ནང་བཞིན་ལྷག་མེད་དུ་དག་སོང་བསམ་དགོས། མ་ཟད་རང་ཉིད་ནད་པ་འདྲ་ཡིན་ན་དམིགས་བསལ་ཡང་ནས་ཡང་དུ་བདུད་རྩི་འབེབས་སྦྱང་ལ་དམིགས་རྣམ་སྐྱོང་དགོས། འདིས་ཕན་ཐོག་ཧ་ཅང་ཆེན་པོ་ཡོད། སྤྱིར་གཏང་ཆོས་སྒྲུབ་པའི་དམིགས་ཡུལ་ངོ་མ་དེ་རང་ཉིད་ཀྱི་ནད་གདོན་སྡིག་སྒྲིབ་དག་བྱེད་དང་ཚེ་རིང་བ་དང་། ནད་མེད་པ་སོགས་ཐུན་མོངས་ཀྱི་དངོས་གྲུབ་ཙམ་གྱི་དོན་དུ་མིན་པ་ཤེས་དགོས། འདོད་དོན་ངོ་མ་དེ་བརྒྱུད་འདེབས་ནང་ནས་གསལ་བ་ལྟར། 

"གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ།། 

གདོད་མའི་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས།།"

ཅེས་གསུངས་པ་ལྟར་འདོད་དོན་ངོ་མ་དེ་ཡིན། སངས་རྒྱས་འཐོབ་པ་ལས་སླ་བོ་ཞིག་མ་རེད། གང་ཡིན་ཟེར་ན་ང་རང་ཚོའི་རྒྱུད་ལ་སངས་རྒྱས་མི་འཐོབ་པའི་བར་ཆད་སྡིག་སྒྲིབ་མང་པོ་ཞིག་གིས་སྒྲིབ་ཡོད་པ་རེད། བར་ཆད་དེ་རྣམས་བསལ་བ་ལ་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། བར་ཆད་སེལ་བྱེད་མཁའ་འགྲོ་དང་ཆོས་སྐྱོང་ཞེས་རྩ་བ་གསུམ་ལ་བསྟེན་དགོས་པ་རེད།

བསྙེན་པ་དངོས་གཞིའི་སྐབས་སུ་བུ་ཆུང་གིས་མ་ལ་འབོད་པ་ནང་བཞིན་དབྱངས་ནས་འདོན་དགོས། བསྙེན་པ་དབྱངས་ནས་འདོན་པ་ལ་དགོས་པ་རྒྱུ་མཚན་མང་པོ་ཡོད། དཔེར་ན་ཨ་མ་ཞིག་ལ་བུ་གཅིག་པུ་ཡོད་ན། བུ་དེ་ཉིད་ཁང་པའི་ཕྱི་ལོགས་སུ་སོང་ནས་སྟབས་མ་ལེགས་པ་ཞིག་བུ་ལ་གཅན་གཟན་སོགས་ཀྱིས་འཇིགས་སྐྲག་ཆེན་པོ་ཞིག་བྱུང་ཡོད་ན་བུ་ཉིད་ཀྱིས་མ་ལ་འབོད་སྟངས་ལ་མ་ཡིས་དོ་སྣང་གི་ཁྱད་པར་ཆེན་པོ་ཡོད། སྤྱིར་གཏང་སེམས་ཅན་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མ་བོས་ཀྱང་ཉིན་མཚན་ཀུན་ཏུ་ཐུགས་རྗེས་སྤྱན་གྱིས་གཟིགས་པ་ནི་སངས་རྒྱས་རྣམས་ཀྱི་ཁྱད་ཆོས་ཡིན། འོན་ཀྱང་ང་རང་ཚོས་གསོལ་བ་འདེབས་དགོས་པ་ནི་དེ་ལས་ཀྱང་གལ་ཆེན་པོ་ཡིན། 

རྗེས་ཐོབ་རྫོགས་རིམ་གྱི་སྐབས་སུ་སླར་ཡང་སངས་རྒྱས་འོད་དཔག་མེད་ལ་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་བ་བཏབས་པས་སངས་རྒྱས་འོད་དཔག་མེད་ཞལ་འཛུམས་མདངས་དང་བཅས་འདིར་ལྟར་གསུངས་བར་བསམ། རིགས་ཀྱི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཁྱེད་རྣམས་ཀྱིས་གསོལ་བ་བཏབས་པ་བཞིན་དུ་ངས་དེ་རིང་ནས་བཟུང་སྟེ་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་ཁྱེད་རྣམས་རྗེས་སུ་འཛིན་པ་དང་། བྱིན་གྱིས་བརླབ་ཀྱི་ཡིན་པས་དགའ་བར་གྱིས་ཤིག་ཅེས་གསུངས་པར་བསམ། དེ་དང་ཆབས་ཅིག་ཏུ་སངས་རྒྱས་འོད་དཔག་མེད་དཀོན་མཆོག་ཀུན་འདུས་དང་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་འོད་དམར་པོའི་གོང་བུ་ཞིག་ཏུ་གནས་གྱུར། འོད་དམར་པོ་དེ་ཉིད་རིམ་པར་བྱིན་རླབས་དང་དངོས་གྲུབ་ཀྱི་ཚུལ་དུ་རང་གི་སྤྱི་བོ་རུ་ཐིམ། ལུས་ཀྱི་སྒོ་ནས་བསགས་པའི་མི་དགེ་བ་སྲོག་བཅད། མ་བྱིན་ལེན། ལོག་གཡེམ་གསུམ་གཙོར་བྱས་པའི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཚང་མ་དག་ནས་རང་ལུས་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་རུ་གྱུར། འོད་དམར་པོ་དེ་ཉིད་རིམ་པར་སྤྱི་བོའི་རྩ་འཁོར་བརྒྱུད་རང་གི་མགྲིན་པར་ཐིམ། ངག་གི་སྒོ་ནས་བསགས་པའི་མི་དགེ་བ། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ། བཞི་གཙོར་བྱས་པའི་ངག་གི་སྡིག་སྒྲིབ་ཉེས་ལྟུང་ཚང་མ་དག་ནས་ངག་སངས་རྒྱས་འོད་དཔག་མེད་ཀྱི་གསུང་གི་རང་བཞིན་དུ་གྱུར། འོད་དམར་པོ་དེ་ཉིད་མགྲིན་པའི་རྩ་འཁོར་བརྒྱུད་ནས་སྙིང་ཁར་ཐིམ། སེམས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ། བརྣབ་སེམས། གནོད་སེམས། ལོག་ལྟ། གསུམ་གཙོར་བྱས་པའི་སེམས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཆ་ཚང་དག་ནས་རང་གི་མ་དག་པའི་སེམས་དེ་ཉིད་ཀྱང་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཆོས་ཀྱི་སྐུ་རུ་གྱུར་སོང་བསམ་དགོས། གང་ལྟར་ཀྱང་རང་གི་མ་དག་པའི་ལུས་ངག་ཡིད་གསུམ་དེ་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྱུར་ནས་མཐར་བསྒོམ་རྒྱུའི་ལྷ་དང་། སྒོམ་མཁན་རང་གཉིས་མི་དམིགས་པ་ལྟ་བའི་ཀློང་ནས་གང་ཤར་མ་བཅོས་སྤྲོས་བྲལ་གྱི་ངོ་བོར་མཉམ་པར་བཞག་དགོས། ནམ་རྒྱུན་ང་ཚོའི་འདོན་བཞིན་པའི་རྫོགས་ཆེན་གྱི་ལྟ་བའི་ཚིག་ནང་། 

"མ་ཡེངས་མ་ཡེངས་དྲན་པའི་རྒྱངས་སོ་ཚུགས།།  

གཡེངས་བའི་ལམ་ལ་བདུད་ཀྱི་ཇག་པ་ཡོད།། 

ཆགས་སྡང་ཞེན་པའི་སེམས་འདི་བདུད་ཡིན་པས།། 

གཉིས་འཛིན་ཀུན་གྲོལ་སྒྱུ་མའི་ངོ་བོར་བལྟོས།།

ཀ་དག་མ་བཅོས་རང་སེམས་མངོན་གྱུར་པ།། 

སངས་རྒྱས་གཞན་ན་མེད་དོ་རང་སར་ཞོགས།། 

གཞན་ནས་འཚོལ་རྒྱུ་མེད་དོ་རང་བབས་ཞོགས 

མ་སྒོམ་ལྷུན་འགྲུབ་ཡིན་པས་རྒྱལ་ས་ཟུངས།།"

 ཅེས་པའི་ཚིག་དོན་ལྟར་མ་ཡེངས་པར་སྒོམ་བྱེད་དགོས། མཇུག་ཏུ་དེ་རིང་བདེ་ཆེན་ཞིང་སྒྲུབ་འདིས་མཚོན་དགེ་བ་གང་བྱས་པ་རྣམས་སྤྱིར་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་བའི་ཆེད་དུ་བསྔོ་བ་བྱེད་དགོས། བསྔོ་བ་ནི་དགེ་རྩ་གོང་འཕེལ་དུ་འགྲོ་བའི་རྒྱུ་ཡིན། མ་བསྔོས་ན་ཁོང་ཁྲོ་དང་ཉོན་མོངས་སོགས་ཀྱིས་དགེ་རྩ་འཇོམས་འགྲོ། དགེ་རྩ་གང་བྱས་པ་རྣམས་དགེ་རྩ་འཇོམས་བྱེད་ཀྱི་རྒྱུ་དང་མ་འཕྲད་པའི་གོང་ནས་བསྔོ་བ་ཧ་ཅང་ནས་གལ་ཆེ་བས་བསྔོ་བ་དང་སྨོན་ལམ་མཉམ་དུ་གསུངས་རོགས།། དེ་རིང་གི་བདེ་ཆེན་ཞིང་སྒྲུབ་དང་འབྲེལ་བའི་ཆོས་བཤད་ཡོངས་སུ་གྲུབ་པ་ཡིན། 

དེ་རིང་འདིར་དངོས་སུ་ཡོད་པའི་ཆོས་ཞུ་བ་ཡོངས་དང་། ལྷག་པར་དུ་གཟུགས་མཐོང་བརྙན་འཕྲིན་འདི་ཐོག་ནས་ཐག་རིང་ལ་ཡོད་པའི་ངོས་ཀྱི་ཆོས་གྲོགས་ཕོ་མོ་ཡོངས་ནས་དོ་སྣང་ཆེན་པོའི་སྒོ་ནས་དེ་རིང་གི་ཆོས་ཐུན་འདིར་གསན་གཟིགས་གནང་མཁན་ཡོངས་ལ་དམིགས་བསལ་བཀྲ་ཤིས་བདེ་ལེགས་ཡོད།།   


No comments:

Post a Comment