Saturday, August 18, 2018

ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་དྲུང་ནས་ཕུར་པའི་གཏོར་དབང་ཞུས་པའི་ཉིན་མོ།

ཉེ་བའི་ཆར་ཨ་རིའི་ནུབ་བྱང་བོད་མིའི་རིག་གཞུང་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབས་པ་བཞིན་༧ས་སྐྱ་ཁྲི་ཟུར་སྒྲོལ་མ་ཕོ་བྲང་རིན་པོ་ཆེ་མཆོག་ས་གནས་དེར་ཕེབས། གུས་ཀྱང་ཁ་ལི་ཧྥོ་ཉ་ནས་ཆེད་དུ་མཇལ་བཅར་དང་གསུངས་ཆོས་ལ་ཐེག རིན་པོ་ཆེའི་གསུང་ཆོས་ནི་ཕུར་པའི་བཀའ་དབང་རེད་འདུག དེ་ནི་གུས་པས་རིང་ནས་བསྙེན་པའི་ལྷག་པའི་ལྷ་མཆོག་དེ་ཡིན། ད་རེས་གསུང་ཆོས་ལ་ཆེད་དུ་ཡོང་དགོས་པའི་ལོ་རྒྱུས་ནི། སྐྱེ་ཡུལ་ནང་ཆེན་ཇ་པ་དགོན་དུ་རང་ལོ་ཉེར་གཅིག་སྐབས་སུ་རྩ་བའི་བླ་མ་བླ་རྒན་སངས་རྒྱས་བསྟན་འཛིན་དང་། ཕ་དྲིན་ཅན་འདས་པོ་གཉིས་ཀྱི་བཀའ་དྲིན་ལ་བསྟེན་ནས་མཆོག་གླིང་གཏེར་གསར་སྒྲུབ་ཁང་ནང་དུ་ལོ་གསུམ་ལ་འདུག་རྒྱུའི་གོ་སྐབས་བྱུང་། སྐབས་དེ་དུས་མཆོག་གླིང་ཟབ་བདུན་ཕུར་པ་དང་། གསང་ཐིག་ཕུར་པ་སོགས་ལ་བསྟེན་ནས་ལྷག་པའི་ལྷ་མཆོག་དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་བསྙེན་སྒྲུབ་ཀྱི་འབྲེལ་བས་བསྐལ་བཟང་ཐོབ། རྗེ་སོར་རང་ཉིད་གཅིག་པུར་ཕུར་པའི་བསྙེན་མཚམས་ལ་བསྡད་རྒྱུའི་གོ་སྐབས་ཀྱང་མི་ཉུང་བ་ཐོབ། སྐབས་དེ་དུས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་ཕུར་པའི་རྣམ་བཤད་ཅིག་ལག་སོན་བྱུང་བས་ཡང་ནས་མཇལ་རྒྱུའི་གོ་སྐབས་བྱུང་། རྣམ་བཤད་དེའི་ནང་དུ་
"བོད་གངས་ཅན་ལྗོངས་ནས་ཕུར་པ་ལ་ཁུངས་གཏུག་བསམ་ན་ས་སྐྱའི་འཁོན་གྱི་རིགས་ལས་བྱུང་བའི་ལུང་ལུགས་རྡོ་རྗེ་ཕུར་པ་འདི་བས་ལྷག་པ་ཞིག་ད་ལྟ་བོད་གངས་ཅན་ལྗོངས་སུ་མི་སྣང་ཞེས་" 
ཚིགས་ཐག་ཆོད་པོས་གསུངས་འདུག་པས་དེའི་ཆེད་དུ་ཁ་སང་ཕུར་པའི་བཀའ་དབང་ལ་ཆེད་བཅར་ཞུས་པ་ཡིན། དེ་ནི་ཡུན་རིང་བཅངས་བའི་ཁུ་ཚུར་དེ་གཏད་པའི་འགྲམ་རྩ་རུ་ཕོག་ཟེར་པའི་དཔེ་ལྟར་རིང་ནས་སྙིང་དུ་བརྣག་པའི་འདོད་དོན་དེ་ཁ་སང་ལེགས་གྲུབ་བྱུང་། ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་དེ་སྔ་ལན་གྲངས་མང་པོར་བཞུགས་སྒར་རྡ་རམ་ཤཱ་ནས་སྐྱབས་མགོན་ཐམས་ཅད་མཁྱེན་པའི་གསུངས་ཆོས་སྐབས་སུ་རྒྱང་མཇལ་ཙམ་ལས་དངོས་སུ་དབང་ཆོས་ཀྱི་འབྲེལ་བ་ད་རེས་ཐེངས་མ་དང་པོ་ཡིན། དེ་རིང་རིན་པོ་ཆེས་སྔ་དྲོ་ཆུ་ཚོད་དགུ་པའི་སྐབས་སུ་པོར་ལེན་ས་གནས་བོད་རིགས་དང་རྣམས་དང་། མངའ་སྡེ་གཞན་ནས་ཕེབས་པའི་བོད་པ་འགའ་རེ་དང་ཚོད་དཔག་བྱས་ན་སྡོམ་པས་དབང་ཞུ་མཁན་འདུས་པ་མི་གྲངས་ལྔ་བརྒྱ་ཙམ་ཞིག་ལ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ནས་བསྒྲིག་ཆོག་གནང་བའི་འཁོན་ལུགས་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་གཏོར་དབང་བསྡུས་པ་ཞིག་དང་། ས་སྐྱའི་ལུགས་ཀྱི་འཕོ་ལུང་བསྡུས་པ། མཇུག་ཏུ་བོད་རིགས་ཡོངས་ལ་རིན་བྲལ་གྱི་བཀའ་སློབ་དུས་ཐོག་གི་ཆར་པ་ལྟར་ཧ་ཅང་ཚིག་ཉུང་ལ་དོན་འདུས་པ་ཞིག་གནང་སོང་། མ་ཟད་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་གྲུབ་མཚམས་སུ་༧གོང་མ་རིན་པོ་ཆེའི་སྐུ་འཁོར་དང་ལྷན་ཉིན་གུང་གསོལ་ཚིགས་ཀྱང་ཅོག་ཙེ་གཅིག་ཐོག་མཉམ་དུ་ལོངས་སྤྱོད་རྒྱུ་བྱུང་། གསོལ་ཚིག་སྐབས་སུ་རིན་པོ་ཆེས་གསུང་ངག་འཇམ་པོའི་ཐོག་ནས་གུས་པའི་ལོ་རྒྱུས་གནས་སྟངས་སོགས་ཞིབ་ཕྲ་བཀའ་འདྲི་གནང་བར་ལྗགས་ལན་རེ་རེ་བཞིན་ཕུལ། སྤྱིར་གཏང་ས་གནས་འདིའི་བོད་རིགས་རྣམས་ལ་གུས་པས་བདེ་ཆེན་ཞིང་སྒྲུབ་ཆེན་མོ་བཙུག་ནས་ད་ལོ་མི་ལོ་བཅུ་གཅིག་ཏག་ཏག་རེད་འདུག་པས་ལོ་ལོན་རྒན་གོག་རྣམས་ནས་གུས་པར་ར་གན་གསེར་རློམ་གྱི་དད་འདུན་ཧ་ཅང་ཟབ། ད་རེས་ཡང་སྐྱར་བཟང་པོའི་ཞོར་དུ་ཇ་ཆང་གི་དཔེ་ལྟར་དམ་ཚིག་ཅན་གྱི་བླ་སློབ་རྣམས་ཐེངས་གཅིག་ཁྱུག་ཙམ་ཐུག་པ་ཡང་ཧ་ཅང་དགའ། ཡོངས་གྲགས་རྩོད་གཞི་ཅན་གྱི་དམ་ཉམས་ཀྱི་ཆོས་ལུགས་ཡིན་ན་མ་གཏོགས་ང་ནི་བོད་ཀྱི་བླ་རྒན་འདི་རྣམས་ཀྱི་མདུན་ནས་གསུང་ཆོས་དང་གདམས་ངག་སྣ་རེ་ཙམ་ཐོབ་ན་ཞུ་རྐྱང་བྱེད་ཀྱི་ཡོད།  ཨ་རིའི་ལུང་པ་འདིའི་ནང་དགེ་མཚན་གཅིག་ཡོད་པ་དེ་ནི་བོད་ཀྱི་བླ་ཆེན་རྣམས་བདེ་བླག་ངང་མཇལ་བཅར་ཐུབ་པ་དེ་རེད། བཀའ་དབང་དང་གསུང་ཆོས་གྲུབ་མ་ཐག་ཆོས་གྲོགས་ཤེས་རབ་སྐལ་ལྡན་ནང་དུ་གནས་མལ་ཉིན་གཅིག་རིང་བྱས་ནས་ཕྱི་ཉིན་ཞོགས་པ་ཆུ་ཚོད་དགུ་པའི་སྐབས་སུ་སྐྱབས་བཅོལ་གཡར་པོའི་གནས་ཡུལ་རང་ཁྱིམ་ཁི་ལི་ཧྥོ་ཉ་རུ་བདེ་འབྱོར་བྱུང་། དེ་རིང་གི་ཉིན་ཐོ་དེ་ཙམ་ཡིན། ཆོས་ཕྱོགས་ཀྱི་ལས་བྲེལ་བར་གསེང་སྐབས་སུ་མགྱོགས་བྲིས་ཡིན་པས་ཡིག་ནོར་ཡོད་ན་ངེས་པར་དགོངས་ཡངས་གནང་རོགས།

Monday, August 6, 2018

ཚེ་མཚམས་པ་རྒྱ་རོང་པདྨ་དྲི་མེད་ཞིང་དུ་ཕེབས་པའི་སྐད་ངན་གོ་བ།

ཁ་སང་སྟེ་བོད་ཟླ་༦ པའི་ཚེས་པ་༢༢ དང་ཕྱི་ལོ་༢༠༡༨ སྤྱི་ཟླ་༨ པའི་ཚེས་༤ ཉིན་མོ་ཞོགས་པ་བོད་ནས་ལོ་གསུམ་ཕྱོགས་གསུམ་མཉམ་དུ་བསྡད་པའི་རྡོ་རྗེའི་ཆོས་གྲོགས་ཞིག་ནས་ཆ་འཕྲིན་ནང་དུ་མང་རྒྱུ་ཉུང་རྒྱུ་མེད་པའི་གཏམ་ངན་འདི་འདྲ་ཞིག་བཞག་འདུག། “ཝེ་མཁན་པོ་ལགས། ད་ཁྱི་ཝས་མ་ཐེས། ཁར་རྩང་བླ་མ་པདྨ་དྲི་མེད་འདས་ཕེས་ཐེས། ཁྱེ་རིག་ཁེ་འང་དེར་ཕྱོགས་ནས་བླ་ཆེན་ རྣམས་ལ་བསྔོ་ཞུས་ཞོག་ཁོག།” ཟེར་འདུག གང་ལྟར་ཁོང་ནས་ནང་ཆེན་བའི་ཡུལ་སྐད་དིབ་ཏོ་དེ་རྒྱབ་ནས་སྙིང་ནས་མི་བཟོད་པའི་གཏམ་ངན་ཞིག་བཞག་འདུག། འདས་པོ་བླ་མ་པདྨ་དྲི་མེད་ནི་ཕལ་ཆེར་ད་ལོ་དགུང་གྲངས་བདུན་བཅུའི་ནང་ལ་ཕེབས་ཡོད་བསམ། ཁོང་གི་ལོ་ཚིགས་ཞིབ་ཕྲ་ཤེས་རྒྱུ་ཕར་ཞོག་ང་རང་གི་སྐྱེ་ཚེས་ཀྱང་གསལ་པོར་མི་ཤེས་པས་ཞུ་ཐབས་བྲལ། བླ་མ་པདྨ་དྲི་མེད་ནི་ནང་ཆེན་ནུབ་ཕྱོགས་ལ་ཆགས་པའི་བཙུན་དགོན་གེ་ཆག་དགོན་གྱི་བསྟན་བདག་གུ་རུའི་ཐུགས་སྲས་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་དངོས་སློབ། རྒྱ་རོང་པདྨ་རིག་འཛིན་ཞེས་སྔགས་སྨྱོན་གྲུབ་ཐོབ་ཆེན་པོ་ཞིག་གི་སྲས་སུ་བོད་ལ་དུས་འགྱུར་མ་བྱུང་བའི་གོང་དུ་འཁྲུངས་པ་རེད། སྤྱིར་གཏང་ཁོང་འཁྲུངས་ས་ངོ་མ་དེ་ནང་ཆེན་ས་ཕྱོགས་གང་ཡིན་མ་ཤེས་ཀྱང་ངས་དྲན་ཙམ་ནས་ཁོང་ནི་ང་སྐྱེ་སའི་ལུང་པ་གྲོང་བསེབ་རྡོ་ཁྱུག་ཞེས་པ་དེ་རུ་ཡོད་པ་མ་ཟད་ཁོང་ནི་ང་ཡི་ཁྱིམ་མཚེས་ཀྱང་རེད་འདུག སྐབས་དེ་དུས་རིག་གནས་གསར་རྗེའི་ལས་འགུལ་མཇུག་སྒྲིལ་མཚམས་སུ་རྒྱ་ནག་གཞུང་གིས་བོད་རིགས་རྣམས་སོ་སོའི་གདོད་མའི་ཕ་ས་དང་ཕ་མཁར་བཟུང་མ་བཅུག་ནས་གྲོང་ཚོ་རེར་ཁ་བགོས་བྱས་ནས་བསྡད་བཅུག་ཅིང་དེ་ལ་རུ་ཁག་ཞེས་མིང་བཏགས་པ་རེད། པདྨ་དྲི་མེད་ནི་ང་ལོ་བཅུ་གྲངས་ཡིན་པའི་སྐབས་སུ་རྡོ་ཁྱུག་རུ་ཁག་གི་དྲུང་ཡིག་དང་། སྐབས་སྐབས་སུ་རུ་ཁག་གི་མགོ་ཁྲིད་ཡང་བྱེད་མྱོང་ཡོད་རེད། ཁོང་གི་གཟའ་ཟླའི་མཚན་ལ་སྒྲོལ་དཀར་ཚེ་མཚོ་ཞེས་བུད་མེད་ཁ་མང་སེམས་བཟང་ཅན་ཞིག་ཡོད། དེང་སང་རྫོགས་པ་ཆེན་པོའི་རྣལ་འབྱོར་མ་རེད་འདུག་ཟེར། ཁོང་ནི་ང་ཚོའི་ཁྱིམ་མཚེས་ཡིན་སྟབས་ནང་མི་རྣམས་ལ་རྡོ་རྩིག་གི་ཁང་པ་ཐེབས་ཆག་རེ་ཡོད་པས་དགུང་ཟས་སྐབས་སུ་ངོས་ཀྱི་ཕ་འདས་པོ་དེ་དང་ཁོང་གཉིས་ཕན་ཚུན་རྩིག་པའི་ཨི་ཁུང་གསེང་ནས་འབོད་རེས་བྱེད་ནས་སྐད་ཆ་བཤད་པ་ཡང་སེ་དྲན་གྱི་ཡོད། ལྷག་པར་དུ་ཁང་པའི་ཐོག་ཁ་ཕན་ཚུན་གཅིག་ཏུ་འབྲེལ་ཡོད་སྟབས་ག་དུས་ཡིན་ནའང་སྐད་འཛེགས་དང་འགྲོ་ལམ་གང་ཡང་མི་དགོས་པར་རྩིག་མཚམས་རྣམས་གོམས་སྟབས་ཀྱིས་བཅད་ནས་ཕར་འགྲོ་ཚུར་འོང་བྱེད་སྲོལ་ངེད་མི་ཚང་གཉིས་ཀྱི་རྒྱུན་གཏན་ཞིག་ཡིན། སྐབས་དེ་དུས་གུས་པའི་ཨ་ཞང་བླ་མ་དགེ་འཕེལ་བཙོན་ནས་གློད་གྲོལ་ཐོབ་རྗེས་གནས་ཆེན་མཁའ་འགྲོ་འབུམ་རྫོང་ཞི་ཁྲོ་ཕུག་པ་རུ་མཚམས་ལ་བཞུགས་ཡོད་སྟབས་པདྨ་དྲི་མེད་ཁོང་དེར་ཡང་སེ་བཅར་གྱི་ཡོད། གང་ཙམ་ཞིག་གི་རྗེས་སུ་ཁོང་ནི་རྡོ་ཁྱུག་གྲོང་ནས་གོ་རྒྱུ་ཚོར་རྒྱུ་མེད་པར་གྱུར་པ་རེད། རྗེས་སོར་ཧ་གོ་བ་ཞིག་ལ་ཁོང་ནི་ངེས་འབྱུང་རྣལ་མ་རྒྱུད་ལ་སྐྱེས་ནས་ངོས་ཀྱི་ཨ་ཞང་དེ་དང་མཉམ་དུ་གནས་མཆོག་མཁའ་འགྲོ་འབུམ་རྫོང་ཞི་ཁྲོ་ཕུག་པ་རུ་མཚམས་ལ་བཞུགས་ཡོད་པ་ཤེས། དེ་ནས་རིམ་བཞིན་ཁོང་ནང་མི་རྣམས་ཚང་མ་ནང་ཆེན་རྭ་ཡ་དགོན་སོགས་སུ་གནས་སྤོས་གནང་། གུས་པའི་ཨ་ཞང་སྡེ་དགེ་ཞེ་ཆེན་དགོན་པའི་བླ་མ་རེད། ཁོང་ནི་ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་དང་། རྫོང་གསར་མཁྱེན་རྩེ་ཆོས་ཀྱི་བློ་གྲོས། ཞེ་ཆེན་རབ་འབྱམས་སྐུ་ཕྲེང་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེ། གྲུབ་ཆེན་ཤེས་རབ་ཡར་འཕེལ་སོགས་ཀྱི་དངོས་སློབ་ཡིན་ཅིང་དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བས་ཀྱང་ཆེ་མཐོང་ཆེན་པོ་གནང་ཞིང་ཕན་ཚུན་ཐུགས་ནང་ཧ་ཅང་གཤིན་པོ་ཡོད། ཨ་ཞང་དགེ་འཕེལ་ནི་ཨ་གྲོ་སྒྲ་རམ་པའི་སྐུ་ཡི་ཡང་སྲིད་འཁྲུལ་བྲལ་ཡིན་ཅེས་རབ་འབྱམས་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེས་ངོས་འཛིན་གནང་ཡང་ཁོང་ནི་སྤྲུལ་སྐུའི་གོ་གནས་དང་མིང་ལ་དེ་ཙམ་ཐུགས་མི་དགྱེས་སྟབས་སྤྲུལ་སྐུའི་ཁྲི་འདོན་མཛད་སྒོ་སོགས་ལ་ངོས་ལེན་གནང་མེད། “ང་ནི་སུ་ཡིན་ངས་ཤེས་རང་བློ་ལྐོག་ཏུ་མ་གྱུར་པ་ཡིན་ཙང་ང་ནི་དགེ་འཕེལ་ཟླ་ཚེས་ཐོད་པ་ཡིན”། ཅེས་གསུངས་སྲོལ་ཡོད་རེད་ཟེར། བོད་ལ་དུས་འགྱུར་མ་བྱུང་བའི་གོང་དུ་ཁོང་ལ་སྒྲོལ་མའི་སྐོར་དགོངས་གཏེར་ཧ་ཅང་མང་པོ་བབས་ཀྱང་དུས་འགྱུར་དབང་གིས་མིང་གི་ལྷག་མར་གྱུར། ཁོང་ལ་ཨ་མདོ་ཆབ་ཆ་དང་། སྒོ་མེ། དིང་སྐྱ་སོགས་སུ་སློབ་མ་འགའ་ལ་ཚེ་མཚམས་སྒྲུབ་ལ་གཞོལ་མཁན་འགའ་ཤས་ཞིག་ཡོད། སྐབས་དེ་དུས་ང་ཨ་ཞང་གི་ཞབས་ཕྱི་ཡིན། ཨ་མདོ་སོགས་ནས་ཁོང་ལ་དད་པ་བྱེད་མཁན་ཧ་ཅང་མང་། མཚམས་རེ་ཨ་ཞང་ནས་ འདི་ལྟར་གསུང་མྱོང་ཡོད། ''ནང་ཆེན་རྒྱ་རོང་སེ་འཛི་མགོ་མི་ཕལ་པ་ཞིག་གཏན་ནས་མ་རེད།'' ཅེས་ཡང་ནས་གསུངས་པ་གོ་མྱོང་ཡོད། སེ་འཛི་མགོ་ཟེར་བ་ནི་པདྨ་དྲི་མེད་ཀྱི་ཐོད་པར་སྐྲ་དཀར་གྱི་ཚོམ་བུ་ཞིག་ཡོད་པས་མིང་འདོགས་དེ་ལྟར་ཐོག་པ་རེད། ཁ་ཙང་གི་ཞིང་ཕེབས་རྒྱ་རོང་པདྨ་དྲི་མེད་ནི་ཁོང་གི་སློབ་མ་ཡག་ཤོས་དེ་རེད། ལོ་འགའ་ཡི་སྔོན་ནས་རྒྱ་གར་ནས་བོད་ལ་འགྲོ་མཁན་ཞིག་རྒྱུད་ནས་ཁོང་ཡབ་ཡུམ་གཉིས་ལ་འཚམས་འདྲིའི་ཡི་གེ་ཞིག་དང་ཅ་ལག་འགའ་ཤས་ཞིག་ཕུལ་བས་ཕྱག་ཏུ་འཕྲོད་ནས་ང་རྟག་པར་མི་ལ་སྐད་ཆ་འདྲི་གི་འདུག་ཟེར། ངས་ཀྱང་མ་ཤི་ན་ཁོང་གི་སྐུ་མདུན་ནས་ཨ་ཞང་ནས་རྒྱུད་པའི་རྫོགས་ཆེན་སྐོར་ཆོས་ཁྲིད་འགའ་ཞུ་དགོས་བསམ་བསྡད་ཡོད་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཁ་ཙང་གློ་བུར་དུ་ཞིང་ལ་ཕེབས་འདུག། ཁོང་ནི་ནམ་རྒྱུན་བཞུགས་ས་རྭ་ཡ་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་སྐྱ་ཞིག་རི་ཁྲོད་ཅེས་པ་དེར་ཚེ་མཚམས་སུ་བཞུགས་ནས་ཕལ་ཆེར་ལོ་སུམ་བཅུ་ཙམ་རེད། སྐུ་དྲུང་དུ་བཅར་ནས་རི་ཁྲོད་དུ་བཅར་རྒྱར་བཞུགས་མཁན་གྲྭ་བཙུན་སྔགས་གསུམ་སྡོམ་པས་སུམ་བརྒྱ་ཙམ་ཡོད་སྐད་འདུག ཡེ་ཤེས་བླ་མའི་ཁྲིད་བཏབ་ཅིང་རིག་པ་རྗེན་གཅེར་དུ་ངོ་འཕྲོད་ནས་ནམ་རྒྱུན་ཚེ་མཚམས་གནང་མཁན་བུ་ཆེན་སུམ་བཅུ་ཙམ་ཡོད་པ་རེད་འདུག 
བླ་མ་དངོས་སུ་ཞལ་བཞུགས་པའི་སྐབས་སུ་ཆེ་མཐོང་དང་དད་གུས་ཞབས་བྱེད་མཁན་མེད་ཀྱང་ཞིང་དུ་ཕེབས་ཚར་དུས་གཞི་ནས་གཉིད་ལས་སད་པ་ལྟར་གནམ་ས་གཉིས་ཀྱི་བར་དུ་མི་ཤོང་བར་འུར་སྒྲོག་བྱེད་པ་འདི་ནི་གདོང་དམར་བོད་པ་ཚང་གི་ངན་གོམས་ལུགས་སྲོལ་ཞིག་ཡིན་ཀྱང་། ཁོང་གི་འདས་མ་ད་གསུམ་གྱི་ལོ་རྒྱུས་ལ་འབྲེལ་བ་ཡོད་པའི་ཆ་ནས་ཕྱོགས་ལྷུང་དབང་གིས་སྒྲོ་སྐུར་གྱིས་མ་སླད་པར་རང་གིས་གང་དྲན་རྣམས་ཉིན་ཐོར་བྲིས་པ་ཡིན། གང་ལྟར་ད་རེས་ཁོང་ཞིང་དུ་ཕེབས་པ་དེས་ཡང་གསང་རྫོགས་པ་ཆེན་པོའི་བསྟན་པའི་ཀ་ཆེན་ཞིག་ཐང་ལ་འགྱེལ་སོང་བས་ཧ་ཅང་སེམས་ཕམ་ཆེ། དེ་རིང་གི་ཉིན་ཐོ་དེ་ཙམ་ཡིན།