Monday, February 25, 2013

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཉིན་མོ།

ཁར་མེལ་མེ་ཏོག་ལྡུམ་རའི་ཟུར་ནས།
ཉིན་མོ་འདི་ནི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ་དེ་ཡིན་པས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་འཚོགས་པ་ལ་སོང་། དེ་རིང་ནི་མི་གྲངས་ཉི་ཤུ་ཙམ་ཞིག་སླེབས་འདུག དངོས་བཞིའི་འདོན་པ་མ་བཏོན་པའི་གོང་ནས་ནམ་རྒྱུན་ཀུན་སློང་བཅོས་སྟངས་ཆོས་ཐུན་རེ་བཤད་ཀྱི་ཡོད་པས་དེ་རིང་ཡང་མི་མང་ནས་ངོས་ཀྱི་ཅི་བཤད་ཡོང་ན་བསམ་ནས་ཚང་མས་གདོང་པ་དམར་རུག་གེ་ང་ལ་གྱེར་འདུག དེ་རིང་ཡང་སྐད་བསྒྱུར་མེད་སྟབས་ངོས་ཀྱི་དབྱིན་ཇི་ཆག་རོ་དེ་སྐྱོན་ནས་ཆོས་བཤད་མདོར་བསྡུས་ཞིག་བྱས་ནས་འདོན་པ་བཏོན། མི་གསར་པ་ཁ་ཤས་ཡོད་པ་དེ་རྣམས་ཧ་ཅང་དགའ་བོ་བྱས་སོང་། དེང་སང་གནམ་གཤིས་ཀྱི་རྐྱེན་པས་མི་མང་པོ་ཞིག་ལ་ཚ་འཆམས་འདྲ་ཕོག་འདུག་པས་ངོས་ཀྱི་ཆོས་གྲོགས་རྣམས་ཀྱང་དེ་རིང་མང་པོ་ཞིག་སླེབས་ཐུབ་མི་འདུག 
ནང་དུ་འབྱོར་ནས་དགོང་ཟས་སུ་ཁ་སང་བཀོལ་བའི་ཟྭ་ཐུག་ལྷག་མ་དེ་ཞིམ་པོ་བདུད་རྩི་ནང་བཞིན་དུ་འཐུང་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར

Saturday, February 23, 2013

ཁ་འདོན་བྱས་ནས་ནང་དུ་བསྡད་པའི་ཉིན་མོ།

ཁ་འདོན་ཞོར་དུ་ཞོགས་ཇ་འཐུང་བཞིན་པ།
ཉིན་མོ་འདིར་ནི་ནམ་མཁར་མཐིང་མདོག་གི་གུར་ཕུབས་ཤིང་། ས་གཞིར་དྲོད་སྐྱིད་ཀྱི་འོད་འཁྱིལ་ནས་གནམ་གཤིས་ཧ་ཅང་བཟང་བའི་ཉིན་མོ་ཞིག་རེད་འདུག ནམ་རྒྱུན་ལྟར་དུ་བྱས་ན་གནམ་གཤིས་ཡག་དུས་ཨ་མ་སུ་སིན་དང་མཉམ་དུ་རྒྱ་མཚོའི་འགྲམ་དུ་སྤྲོ་སེང་ལ་འགྲོ་གི་ཡོད་ཀྱང་། དེ་རིང་ནི་ད་ནུབ་རྨི་ལམ་ཞིག་གིས་རྐྱེན་འདྲ་བྱས་ནས་ཞོགས་པ་ལངས་ནས་བཟུང་སྟེ་ངོས་ཀྱི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་དྲན་ནས་ཡིད་ལ་སྐྱོ་ལྷང་ལྷང་འདྲ་ཞིག་རེད་འདུདེ་རིང་ནི་གང་ལའང་མི་འགྲོ་རྒྱུའི་སེམས་ཐག་བཅད་ནས་ཞོགས་ཟས་སུ་ཕ་ཡུལ་ནང་ཆེན་པའི་ལུགས་སྲོལ་ལྟར་དུ་འོ་ཇ་ཞིམ་པོ་དང་མཉམ་དུ་རྩམ་པ་ཕྱེ་ཕུར་ཞིག་ཤིང་ཕོར་ནང་དུ་བཀྱགས་ནས་ཐོག་ཁར་ཇ་བླུགས་ཞིང་རྩམ་ཤུན་རྣམས་ལྕེ་ལྡག་བྱེད་བཞིན་རྒྱུན་སྤྱོད་ཀྱི་ཁ་འདོན་རྣམས་ལ་བྲེལལོ་དྲུག་ཙམ་གྱི་ཡ་སྔོན་ངོས་ཀྱི་ཆོས་གྲོགས་ཐེའུ་ཝན་དུ་གཏན་བཞུགས་གནང་མཁན་བླ་མ་བདུད་འདུལ་ལམ་འཇའ་ཚོན་སྤྲུལ་སྐུ་ནས་བསྐུལ་མ་ལྟར་དུ་ཁོ་བོའི་བྲིས་པའི་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་བླ་སྒྲུབ་བྱིན་རླབས་ཆར་འབེབས་ཞེས་པ་དེ་གཏོན་ནས་ན་སྔགས་ཀྱི་འཇུག་ཏུ་ཁོ་བོའི་ཞུ་བསྐུལ་ལྟར་དུ་རྒྱལ་དབང་ཀརྨ་པས་མཛད་པའི། ན་མོ་གུ་རུ། རྗེ་མཉམ་མེད་བླ་མ་རིན་པོ་ཆེ།། སོགས་གསོལ་འདེབས་མགུར་མའི་ཚུལ་དུ་གནང་བའི་བྱིན་རླབས་ཅན་དེ་བཏོན
 རྗེ་སངས་རྒྱས་ཀུན་དང་དགོངས་པ་མཉམ།། 
འབངས་བདག་ལ་སངས་རྒྱས་ཀུན་བས་ལྷག། 
ཕ་འགྲན་ཟླ་མེད་པའི་བླ་མ་དེས།། 
ཕྱོགས་དུས་ཀུན་བཀྲ་ཤིས་བདེ་ལེགས་ཤོག། 
ཞེས་པའི་ཚིག་ཐ་མ་འདི་ལན་མང་སྐྱོར་བཞིན་བཀའ་དྲིན་སུམ་ལྡན་གྱི་བླ་མ་དེའི་ཇི་ལྟར་བཀའ་དྲིན་ཆེ་ཚུལ་རྣམས་དོན་སྤྱིའི་བློ་ངོ་རུ་ལྷང་ལྷང་འཆར་བཞིན་གསོལ་བ་རྩེ་གཅིག་ཏུ་བཏབས་པས་མིག་ཆུ་རང་དབང་མེད་པར་ཤོར། 
ཐུན་མཚམས་སུ་ཁ་འདོན་རྣམས་བྱེད་བཞིན་པའི་སྐབས་སུ་ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པས་མཛད་པའི་བདེ་ཆེན་སྨོན་ལམ་གྱི་ནང་དུ། 
ངན་སོང་གསུམ་སོགས་མི་བཟད་འཁོར་བ་ཡི།། 
མི་ཁོམས་འཇིག་རྟེན་རྣམས་སུ་སྐྱེ་འགྱུར་ལས།། 
གང་དེ་ཚེ་འདི་ཉིད་ལ་རབ་སྨིན་ནས།། 
ལན་གྲངས་གཞན་དུ་མྱོང་བར་མ་གྱུར་ཅིག།  
ཞེས་པའི་གསུངས་དུམ་བུ་འདི་ལ་ཡ་མཚན་འདྲ་སྐྱེས་བྱུང་བས་ཚར་ཁ་ཤས་ཞིག་སྐྱོར་བ་ཡིན།
ཁ་སང་ཀ་རྩོམ་གྱི་འཕྲོ།
ཧ་ལོའི་དུག་གི་ས་བོན་ངན་རྟོག་གི་ཁྲོད་ནས།།
ཨ་མྲི་ཏ་ཡི་འབྲས་བུ་བསླབ་བྱ་ཞིག་མེད་ཀྱང་།
ཧ་ཅང་དགེ་བའི་ཀུན་སློང་རབ་དཀར་གྱི་ཉི་མ།།
ཨ་མཚར་ཉམས་འགྱུར་ཙམ་ལ་འགོག་མཁན་ཞིག་ཨི་ཡོད།།

ཅེས་བཀའ་རྩོམ་རིག་པའི་བུ་ཆུང་ཉམས་འགྱུར་རྩེད་མཚར་ཅེས་པ་འདི་ཉིད་ཀྱང་། ཨ་རིའི་བྱང་ཕྱོགས་ཀི་ལི་ཧྥོ་ཉའི་ས་གནས་སུ་དབེན་ཁྲོད་གྲུབ་གཉིས་དགའ་ཚལ་གླིང་དུ་ཕུར་པའི་བསྙེན་མཚམས་ཞིག་གི་སྔ་ཐུན་སྐབས་སུ་ཆོས་སྨྲའི་མིང་ཙམ་འཛིན་པ་དོན་ དུ་ཆོས་དོན་ནོར་གྱིས་དབུལ་བའི་སྙོམས་ལས་པ་ཀར་བསྟན་ནས་རབ་གནས་ཆུ་འབྲུག་ལོའི་ནག་ཟླའི་ཚེས་པ་བརྒྱད་དང་། ༢༠༡༢ ཕྱི་ཟླ་༡༢ ཚེས་པ་༢༠ ཉིན་བྲིས་པ་དགེ་ལེགས་འཕེལ།། 

དེ་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Monday, February 18, 2013

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ།

བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད།
དེ་རིང་ནི་འཆར་ཅན་ལྟར་དུ་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་མོ་ཡིན། དེ་རིང་ནི་གང་གིས་མ་འགྲིག་པ་ཡིན་ན་སུས་ཤེས། གཅིག་བྱས་ན་དེ་རིང་གི་གནམ་གཤིས་ཡག་པོ་དེ་ཙམ་མེད་པ་ཡིན་ན་གང་ལྟར་ཀྱང་དེ་རིང་མི་གྲངས་བཅུ་གསུམ་ལས་མི་འདུག དེ་རིང་སྐད་བསྒྱུར་མེད་པའི་རྐྱེན་གྱིས་ངོས་ཀྱི་དབྱིན་ཇི་ཆག་རོ་དེ་ངོ་ཚའི་འདར་སྐད་དང་སྦྲགས་ནས་རྟ་རྒན་འཁྱག་ཐོག་ནས་ཁྲིད་པ་ནང་བཞིན་སྔོན་འགྲོའི་ཆོས་ཀུན་སློང་བཅོས་སྟངས་དང་དངོས་བཞི་སྟོང་ཉིད་སྐོར་མདོར་བསྡུས་ཞིག་འགྲེལ་བཤད་གྲུབ་མཚམས་དེ་རིང་གི་བདེ་ཆེན་ཞིང་སྒྲུབ་ནི་བོད་ཀྱི་སྒྲ་གདངས་ཐོག་ནས་བཏོན་ནས་མཇུག་ཡོངས་སུ་གྲུབ་པར་བྱས། དེ་ནས་ཟུར་དུ་ངོས་ཀྱི་དགེ་ཕྲུག་ཞིག་ནས་ལས་ཀ་ཤོར་བའི་རྐྱེན་གྱིས་འཚོ་བའི་དཀའ་ངལ་བཟོད་དཀའ་བའི་སྡུག་བསྔལ་ཞིག་བཤད་སོང་བས་ཆོས་ཚོགས་ཀྱི་ཚོགས་གཙོ་ནས་ང་ཚོ་ཚང་མ་མཉམ་རུབ་ཀྱིས་ལས་ཀ་བཙལ་བའི་ཐབས་ཤེས་དང་གནས་སྐབས་རིང་ཟས་གོས་སོགས་དཀའ་ངལ་སེལ་བའི་བས་ཤེས་གྲོས་མོལ་ལྷུག་པོར་བྱུང་བས་མོ་རང་དགའ་དྲག་ནས་མིག་ནས་མཆི་མ་ནར་ནར་གཏོང་གིན་འདུག ལུང་པ་འདིར་ཁ་ནས་བཤད་ན་དམངས་གཙོའི་རྒྱལ་ཁབ་ཞེས་ཀུན་གྱིས་ཡིད་སྨོན་བྱེད་ས་འདྲ་ཞིག་ཡིན་ཀྱང་དོན་དུ་རྒྱལ་ཁབ་ནས་མི་མང་འཇམ་པོའི་སྒོ་ནས་ལྐོག་ཟ་བྱེད་པའི་དཀའ་ངལ་འདི་ཡིན། 
དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།  
ཁ་སང་གི་བཀའ་རྩོམ་གྱི་འཕྲོ།
 རྭ་ལྟར་གྱོང་བའི་བདག་འཛིན་འགོང་པོ་ཡི་ཐོག་ཏུ།།
ལ་མོ་སྟོང་ཉིད་ཟབ་མོས་ཐོག་རྫིས་ཞིག་བྱོས་དང་།།
ཤཀྱཱའི་བསྟན་ལ་གྲུབ་རྟགས་དེ་ལས་རང་མེད་པས།།
ས་ཆ་གང་དུ་སོང་ཡང་མན་ངག་དེ་མ་རྗེད།

Wednesday, February 13, 2013

མེར་བསྲེགས་ཀྱི་གྲངས་ཀ་བརྒྱ་ལ་སླེབས་པའི་ཉིན་མོ།

བལ་ཡུལ་མཆོད་རྟེན་ཟུར་ནས།  
དེ་རིང་ཞོགས་པ་ལངས་ནས་ཁ་འདོན་རྣམས་ཚར་མ་ཐག་ཏུ་དྲྭ་ངོས་སུ་འཛུལ་བས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་འགྲམ་ནས་བོད་རིགས་ཞིག་ལུས་ནས་མེ་དམར་ལྷབ་ལྷབ་ཏུ་འབར་བཞིན་མཆོད་རྟེན་ལ་ཁ་ཕྱོགས་ནས་ལང་བཞིན་པ་ཞིག་མཐོང་སོང་། དེ་མ་ཐག་ཏུ་མཆོད་རྟེན་འགྲམ་དུ་བཞུགས་མཁན་ངོས་ཀྱི་གྲོགས་པོ་ཞིག་ལ་ཁ་པར་གཏང་བས་ཁོང་ནས་གསུངས་ན་མེར་བསྲེགས་གཏོང་མཁན་དེ་གྲྭ་པ་ཞིག་རེད་འདུག་ཕ་ཡུལ་དང་མིང་སོགས་གང་ཡང་ཤེས་ཀྱི་མི་འདུག་ཟེར། དྲྭ་ཚིག་འགའ་ཞིག་གི་ནང་དུ་ཕ་ཡུལ་ཁམས་ནང་ཆེན་ནས་ཡིན་པ་དང་མིང་ལ་ལྷུན་འགྲུབ་རྡོ་རྗེ་ཞེས་འཁོད་འདུག ཁ་ཤས་ཀྱིས་ཕ་ཡུལ་སྟོད་དིང་རི་ནས་ཡིན་པ་དང་མིང་གཅིག་པ་རེད་འདུག གང་ལྟར་ཀྱང་སེམས་ཤུགས་དང་ལྷག་བསམ་དུང་བས་དཀར་ཞིང་བོད་རིགས་མི་རིགས་ཀྱི་དཔའ་བོ་ཞིག་དེ་རིང་སྐར་ཆ་ཁ་ཤས་ནང་དུ་རུས་ཐལ་སྦར་མོ་གང་ལ་རྗེས་པ་དེ་ལ་བསམ་ནས་འདས་པོའི་གླན་ཞེཀྱི་ལྷག་བསམ་དང་སེམས་ཤུགས་ལ་ཡི་རངས་དང་རང་འདྲའི་ཤུལ་ལུས་བོད་རིགས་རྣམས་དཀའ་སྡུག་ལ་བསམ་ནས་སེམས་སྐྱོ་བ་ལ་ཚད་མེད་པ་འདྲ་བྱུང་། 
དེ་མ་ཐག་ཏུ་ཡང་སྐྱར་དྲ་ཚིག་ངོས་ནསམཐོང་གསལ་ལྟར་དུ་བྱས་ན་བོད་རྔ་བ་རང་སྐྱོང་ཁུལ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་ས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་མི་འདོད་པའི་རྣམ་འགྱུར་ཆེད་རང་ལུས་མེར་བསྲེགས་གཏངས་འདུག སི་ཁེབ་ནང་དུ་ཉུལ་ནས་ཉིའུ་ཡོག་གཞོན་ནུའི་ཚོགས་གཞོན་ངོས་ཀྱི་གྲོགས་པོ་མགོན་པོ་མཉམ་དུ་སྐད་ཆ་བྱས་པས་ཁོང་ནས་གསུངས་ན་དེ་རིང་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་བོད་རང་བཙན་གསལ་བསྒྲགས་གནང་ནས་མི་ལོ་བརྒྱ་འཁོར་བའི་དུས་ཆེན་མཛད་སྒོའི་སྐོར་མང་པོ་ཞིག་གསུངས་སོང་། ང་ནི་ས་གནས་འདིར་འབྱོར་ནས་སོ་སོའི་བློ་མཐུན་སྐྱིད་གཏམ་སྡུག་གཏམ་གི་སྐད་ཆ་བཤད་ས་ཞིག་ཡོད་པ་དེ་ནི་ཉིའུ་ཡོག་ནས་མགན་པོ་དང་། པོར་ལེན་ནས་པདྨ་ཆོས་འཕེལ་གཉིས་ཡིན། ད་ཡིན་ན་བོད་རིགས་ཉམ་ཐག་རྣམས་ཀྱི་མེར་བསྲེགས་ཀྱི་ལས་འགུལ་འདི་ལ་རྒྱལ་གཅེས་དང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་སུ་གང་གིས་ཚད་བཀག་དང་ཚོད་འཛིན་སོགས་མི་བྱེད་པ་མ་ཟད་ད་དུང་བོད་རིགས་རྣམས་ཀྱིས་རྒྱལ་ཁབ་དང་གཞུང་ཚབསོགས་ཀྱི་སྒོ་བརྡུང་བའི་སྐབས་སུ་རི་བོང་རྡོ་རྫུས་བྱེད་ནས་བསྡད་པ་འདི་ལ་བསམ་ནས་སྙིང་རླུང་འདྲ་ལངས་བྱུང་། 
ཁ་སང་ཀ་རྩོམ་གྱི་འཕྲོ། 
 ཞྭ་མོའི་དབྱིབས་མདོག་ཙམ་ལ་བསྟན་རྩ་རང་འཛིན་ཅིང་།།
ཟ་ཉལ་སྤྱོད་སོགས་འཇིག་རྟེན་ཐ་མལ་ལས་སྡུག་པ།།
འ་ཅག་བོད་བསྟན་བདག་པོ་ང་འདྲ་ཡི་སེར་གཟུགས།།
ཡ་མ་རཱ་ཛའི་མདུན་ནས་བྲོས་ས་འདྲ་ཡོད་དམ།།

དེ་རིང་གི་སེམས་སྐྱོ་བའི་མིག་ཆུའི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།  

Tuesday, February 12, 2013

རབ་གནས་ཆུ་སྦྲུལ་ལོའི་ལོ་གསར་ཉིན་མོ།

ལོ་གསར་སྐབས་སུ་བླངས་པའི་ཟུར་པར་ཞིག
ཉིན་མོ་འདི་ནི་ནམ་རྒྱུན་བོད་ཀྱི་ལོ་གསར་ཞེས་ཆེས་དགའ་སྟོན་གྱི་དུས་ཆེན་གྱི་ཉིན་མོ་ཞིག་ཡིན་ཀྱང་གང་དུ་བཀྲ་ཤིས་ཡོད་པ་དེར་སྣ་ནག་མ་ཡོད་པ་བཞིན་བོད་རིགས་རྣམས་སྤྱི་མཐུན་གྱི་བསོད་ནམས་དམན་པའི་དབང་གིས་འདས་པའི་མི་ལོ་ལྔ་བཅུ་ནང་ཚུད་ཕ་ས་དགྲ་ལག་ཏུ་ཤོར་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་བོད་རིགས་འབུམ་གཅིག་ལྷག་མི་འདོད་བཞིན་དུ་འཛམ་གླིང་གང་སར་སྲན་ཕུང་དབྱུག་པས་སྟོར་བ་ནང་བཞིན་ཁ་འཐོར་ནས་སྐྱབ་བཅོལ་དུ་བསྡད་དགོས་བྱུང་ཡོད་། མ་ཟད་ཉིས་སྟོང་བརྒྱད་ནས་བོད་ཞི་བའི་གྱེན་ལངས་ཆེན་མོ་ནས་བཟུང་སྟེ་རྒྱ་ནག་གཞུང་ནས་བོད་ནང་ཁུལ་ལ་ཆེས་གདུག་རྩུབ་ཆེ་བའི་སྲིད་ཇུས་ཀྱིས་བོད་རིགས་ཉེས་མེད་མང་པོ་འཛིན་རྡུང་བསད་གསུམ་གྱིས་དྲག་གནོན་བྱས་པར་བརྟེན་བོད་རིགས་སྤུན་ཟླ་རྣམ་པས་རྒྱ་གཞུང་གི་སྲིད་ཇུས་ལ་མི་འདོད་པའི་རྣམ་འགྱུར་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་དང་སྦྲགས་ནས་འདས་པའི་ལོ་གཉིས་ནང་དུ་མདོ་སྟོད་སྨད་གཉིས་གཙོར་བྱས་པའི་ཆོལ་ཁ་གསུམ་གྱི་དཔའ་བོ་དཔའ་མོ་བརྒྱ་ལ་ཉེ་བ་ཞིག་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ལུས་མེ་མཆོད་དུ་ཕུལ་བས་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གྱི་ཆེད་དུ་ལོ་གསར་དུས་ཆེན་སྲུང་རྩི་མ་བྱས་ནས་ལོ་གསུམ་ཙམ་ཡིན། 
དེ་རིང་ཡང་སྔ་ནས་གྲ་བསྒྲིགས་བྱས་ཟིན་པ་ནང་བཞིན་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་དགེ་རྩ་རྣམས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་ཙམ་ལས་དགའ་སྤྲོ་ཐུགས་སྤྲོ་གང་ཡང་མེད། དེ་རིང་ནི་དབྱིན་ཇི་མི་གྲངས་ཉི་ཤུ་ཙམ་ཞིག་སླེབས་འདུག་པས་དང་པོ་ཕྱེ་མར་དང་ཟ་མ་སོགས་ཟོས་རྗེས་འཚོགས་ཁང་ནང་དུ་སོང་ནས་བདེན་ཚིག་སྨོན་ལམ་དབྱངས་རྟ་ལ་སྐྱོན་ནས་མཉས་འདོན་བྱས་ཤིང་དེ་རིང་གི་ལོ་གསར་འདི་ཡི་ངོ་སྤྲོད་མདོར་བསྡུས་གྲུབ་རྗེས་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་པར་ལ་ཚང་མས་མཇལ་དར་ཕུལ།  དེ་ནས་ནམ་རྒྱུན་ལྟར་བདེ་ཆེན་ཞིང་སྒྲུབས་མཉམ་འདོན་བྱས་ནས་དགེ་རྩ་སྤྱིར་སེམས་ཅན་རྣམས་དང་མ་ཟད་བོད་བསྟན་སྲིད་ཆེད་དུ་ཚེ་ལས་འདས་པའི་རྒྱལ་གཅེས་པ་རྣམས་ཀྱི་དོན་དུ་བསྔོ་སྨོན་གང་དྲག་བྱས་ཤིང་དེ་རིང་གི་ལོ་གསར་དེ་གནས་སྐབས་མཇུག་ཡོངས་སུ་གྲུབ། སྤྱིར་གཏང་ས་གནས་འདིར་བོད་རིགས་གསུམ་ལས་མ་གཏོགས་མེད་ཀྱང་དེ་སྔ་ཕན་ཆོད་ལོ་གསར་གཙོར་བྱས་པའི་དུས་ཆེན་ཁག་ལ་མཉམ་འཛོམས་དང་བོད་དོན་ཆེད་དུ་ལས་ཀ་གང་དྲག་བྱེད་ཀྱི་ཡོད། 
ཁ་སང་ཀ་རྩོམ་གྱི་འཕྲོ། 
 ཙཱ་རིའི་ནགས་སོགས་དབེན་ཁྲོད་ཉམས་དགའ་ཡི་གནས་སུ།།
ཚ་གྲང་དཀའ་སྤྱད་མེས་པོ་གོང་མ་ཡི་རྣམ་ཐར།།
ཛཱ་ཧུའི་བུ་མོ་བཞིན་དུ་གུས་རྟག་གིས་འབད་ན།།
ཝ་ལེར་གསལ་བའི་སངས་རྒྱས་ཐག་རིང་ན་མི་འདུག།

Saturday, February 9, 2013

དགུ་ཐུག་འཐུང་བའི་ཉིན་མོ།

ཟས་སྣ་དགུ་འདུས་ཀྱི་ཞིམ་པོའི་དགུ་ཐུག
ཉིན་མོ་འདི་ནི་བོད་ཟླ་བཅུ་གཉིས་ཀྱི་ཚེས་ཉེར་དགུ་དྲག་པོ་མངོན་ཕྲིན་ལས་ཀྱི་གཟེར་ཁ་སྤུ་གྲི་ལྟར་རྣོ་བའི་དུས་ཆེན་ཡིན་པས་རྒྱ་བལ་འབྲུག་གསུམ་གཙོས་ས་ཕྱོགས་གང་དུ་གནས་པའི་བོད་དགོན་ཡོངས་ནས་དགུ་གཏོར་ཆེན་མོ་ཞེས་ཆོས་ལུགས་སོ་སོའི་ཡི་དམ་དང་སྲུང་མ་ལ་འཕྲིན་བཅོལ་བྱེད་པའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན། ངོས་ཀྱང་མི་འདོད་བཞིན་དུ་བྱ་སྒྲོ་རླུང་གིས་ཁྱེར་བའམ་ཚེ་འདས་བར་དོ་ལ་འཁྱམས་པ་བཞིན་དུ་རི་བོ་ཧི་མ་ལ་་རྐང་འགྲོས་ཀྱིས་གཤགས་ནས་ད་བར་གནས་ལ་ངེད་མེད་ལུང་པ་འདྲ་མིན་དང་། གྲོགས་ལ་ངེས་མེད་མགོ་སེར་ནག་སོགས་རང་ཡུལ་ཕ་ལུང་ཕྱུགས་མོ་དང་། རང་དགོན་ཆོས་ར་ཁྲ་མོ་རྣམས་ལས་ཁ་བྲལ་ནས་མི་ལོ་བཅོ་ལྔ་ཏག་ཏག་དེ་རིང་འཁེལ་འདུག་པས་སེམས་སྐྱོ་གདུང་གིས་ཁེངསད་ལྟ་ནི་གཡར་པོའི་རྒྱལ་ཁབ་ཨ་རིའི་ནང་དུ་ཡོད། ཡར་ལངས་ཏེ་སྐྱོ་བའི་མིག་ཆུ་ཕྱི་བཞིན་མཆོད་པ་བཤམས་ནས་ཁ་འདོན་རྣམས་ཚར་བར་བྱས་ཞིང་ཐུགས་སྒྲུབ་གསང་ཐིག་ཕུར་པའི་ཚོགས་རྒྱས་པ་ཞིག་བཏོན། དགོང་མོར་བོད་རིགས་དབུས་གཙང་སོགས་ཀྱི་ལུགས་སྲོལ་ལྟར་དུ་ཟས་སྣ་གུ་འཛོམས་པའི་ཐུག་པ་ཞིག་བཀོལ་ནས་ངོས་ཀྱི་དགེ་ཕྲུག་ཆོས་དབྱིངས་སྒྲོལ་མ་ལྷན་དུ་ཞིམ་རབ་དང་ཡག་རབ་སོགས་ཀྱི་ངོ་བསྟོད་བྱེད་རེས་བྱས་ནས་མཉམ་འཐུང་བྱས། བོད་ཁམས་སོགས་དང་ཁྱད་པར་དུ་ངོས་ཀྱི་ལུང་པའི་ནང་ནས་དགུ་ཐུག་འདི་འཐུང་སྲོལ་མེདངོས་ཀྱི་ལུང་པར་མཚོན་ན་ཉིན་མོ་འདིར་དགུ་མགོ་ཟ་ཟེར་ནས་དགུན་ཁ་གཤས་པའི་ཟོག་ལུག་སེམས་ཅན་རྣམས་ཀྱི་མགོ་སུག་རྣམས་ཉིན་མོ་འདིར་བཙོ་བསྲེགས་བྱེད་ནས་ཟ་སྲོལ་ཡོད། ལྷག་པར་དུ་ཉིན་མོ་འདིར་ཁྱིམ་གཙང་མ་བྱེད་ཅིང་ཡུལ་པའི་ཁང་རྒན་རྣམས་སུ་ལོ་མང་རིང་ཆགས་པའི་དུད་དྲེག་ནག་པོ་རྣམས་གཞུང་ལམ་དང་། འཁྱག་ཐོག་ཏུ་མདའ་གཞུའི་དབྱིབས་བྲི་ནས་རྩེ་མོ་སྒྲ་གཅན་ཕྱོགས་སུ་བསྟེན་པའམ་བྱང་ཤར་སོགས་སུ་བསྟེན་པའི་ལུགས་སྲོལ་ཡོད། 
དུས་ཚོད་འདི་ཡི་སྐབས་སུ་བོད་ལ་གྲངས་ངར་ཧ་ཅང་ཆེ་བས་ངོས་ཀྱང་ན་མཉམ་བྱིས་པ་སྣབས་ལུགས་རྣམས་དང་ལྷན་འཁྱག་པའི་ཐོག་ནས་རྩེད་མོ་རྩེ་བ་སོགས་དྲན་ཡུལ་ལ་ལྷང་ངེར་འདུགས་པ་སྣབས་ལུད་རྣམས་ཀྱི་ཁྲོད་ནས་འཁྱག་སྒར་གཞུར་བ་དང་། ཐལ་རྩེད་རྩེ་བ་སོགས་ད་ལྟ་དྲན་པའི་སྐབས་སུ་མི་ཚེའི་ནང་གི་སྐྱིད་ཤོས་དེ་སྐབས་དེ་དུས་ཡིན་པར་དྲན་སོས་ཀྱི་འདུག 
དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་གཉིད་དུ་ཡུར། 
ཁ་སང་གི་ཀ་རྩོམ་འཕྲོ།  
པ་ལོ་རྒྱབ་ཏུ་བཅིངས་པའི་སྒྲུབ་བརྒྱུད་ཀྱི་མངའ་བདག།
ཕ་རྒན་མར་པ་ལོ་ཙཱའི་གདམས་ངག་གི་ཁྱད་ཆོས།།
བ་གླང་རྫི་ཡན་གྲོལ་བའི་བདེ་སྟོང་གི་མྱུར་ལམ།།
མ་ཡེངས་ཕྱག་རྒྱ་ཆེན་པོའི་ལྟ་བ་དེ་སྐྱོངས་ཤིག།

Wednesday, February 6, 2013

ཀུན་གླེང་ལ་ཉན་པའི་དཔྱད་ཞིབ།

གསར་འགྱུར་རྒྱངས་སྲིང་བ་རྣམ་རྒྱལ་ཤསྟི།
ཞོགས་པ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་སྐར་མ་སུམ་བཅུ་ཙམ་སོང་ནས་ནང་དུ་འབྱོར་ནས་ཞོགས་ཟས་ལ་རོལ་བཞིན་ཉོས་ནས་བགྲང་བྱ་བརྒྱད་འཁོར་ལ་ཉེ་བའི་བཀའ་དྲིན་ཅན་གྱི་ལག་ཁྱེར་རྩིས་འཁོར་གོབ་ཏོ་རྙིང་པ་དེ་ཁ་ཕྱེས་ནས་གཟའ་ལྷག་པའི་ཀུན་གླེང་ལ་གཅེར། དེ་རིང་གི་གསར་འགྱུར་སྒྲོག་སྦྱངས་པ་ནི་ངོས་ཀྱི་མིག་ལ་ཆེར་མི་མཛེས་མཁན་རྣམ་རྒྱལ་ཤསྟྲིམི་འདོད་བཞིན་དུ་དྲ་ཚིག་ཏུ་མཐོང་སོང་། གསར་འགྱུར་ནི་ཉེ་བའི་ཆར་བཀའ་སྤྱི་གཉིས་ནས་སྣེ་ཁྲིད་པའི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ། 'གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ།'ཞེས་པ་དེ་རེད། འདྲི་བ་འདོན་སའི་སྔ་རྒོལ་ནི་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་དང་། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་གཉིས་རེད་འདུག  སྐད་ཆ་ནི་ཡོལ་ཚར་མ་ཐག་པའི་བཀའ་སྤྱི་གཉིས་ཀྱི་སྣེ་ཁྲིད་པའི་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དེའི་སྐོར་གྱི་ཉོབ་གཏམ་འདྲ་རེད་འདུག གསར་འགྱུར་བསྒྲག་གཏམ་པ་རྣམ་རྒྱལ་འདི་ལ་ཞན་ཆ་ཞིག་ཡོད་པ་དེ་ནི་རང་འདོད་ཆེ་ཞིང་ཁ་པར་ལམ་ནས་དྲི་བ་གཏོང་མཁན་ཚོའི་བརྗོད་བྱའི་དོན་ཟབ་མིན་ལ་མ་ལྟོས་པར་རྗོད་བྱེད་ཀྱི་ཚིག་གསལ་མིན་དང་སྒྲ་གོ་མིན་ཅུང་ཙམ་རེ་བྱུང་ན་གློ་བུར་དུ་ཁོ་རང་ནས་སྟངས་འཛིན་བྱེད་པ་དང་། ཆེས་གལ་ཆེ་བ་ནི་འདྲི་བ་འདོན་མཁན་རྣམས་ཀྱི་རྒྱབ་ཏུ་ཁུར་ཡོད་པའི་ལྷག་བསམ་དང་སེམས་ཤུགས་ལ་གུས་བཀུར་ཡེ་ནས་མེད་པའི་སྐྱོན་ཆ་དེ་རེད། ལར་ནི་བོད་ཀྱི་རླུང་འཕྲིན་ཁང་དང་བརྡ་གཏོང་ཁང་དེ་བཞིན་ད་ལྟ་གླེང་བཞིན་པའི་ཀུན་གླེང་བརྙན་འཕྲིན་ཁང་སོགས་ནས་ཆེས་མི་མཛེས་པ་ནི་བོད་སྐད་ནང་དུ་ཧིན་དྷའི་སྐད་དང་། དབྱིན་སྐད་བོད་རང་གི་ཡུལ་སྐད་བྱེ་བྲག་པ་སུས་ཀྱང་གོ་དཀའ་བའི་ཚིག་མང་པོ་ཞིག་བེད་སྤྱོད་བྱེད་བཞིན་པ་འདི་རེད། 
དཔེར་ནམེ་འཁོར་ལ་རི་ལི་དང་། མི་མང་རླངས་འཁོར་ལ་སྦ་སུ། དྲ་རྒྱའི་བརྡར་རྟ་ལ་ལིང་། སྤྱི་ཚེས་ལ་རྟ་རེའུ། དོ་སྣང་ལ་དབྱིངས། རླངས་འཁོར་ལ་མོ་ཊ་སོགས་རེད། 
 གཞིས་ལུས་རྒྱལ་གཅེས་མི་མང་སེམས་ཤུགས་རི་རྒྱལ་བས་ཆེ་ཞིང་། ལྷག་བསམ་དུང་ཟླ་ལས་དཀར་བའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཉིན་མཚན་ཀུན་ཏུ་རྣ་བ་བཙན་བྱོལ་བོད་མའི་རླུང་འཕྲིན་ལ་དཀྲོང་ངེར་ཉན་བསྡད་པ་དེ་རྣམས་ཀྱིས་གོ་དཀའ་བའི་ཆོལ་ཁ་གསུམ་གང་གི་ཕྱོགས་སུ་མ་གཏོགས་པའི་བསྲེ་བསླད་ཅན་གྱི་ཚིག་རོའི་ཐལ་རྡུལ་དེ་རྣམས་བཙན་གྱིས་མེས་པོའི་འབྲི་ཞོ་སེར་མོའི་གསེར་ཕོར་ནང་དུ་འཛུལ་ཡོང་བ་འདི་བསམ་ནས་ཉན་འདོད་འདྲ་ཆེར་མ་བྱུང་། ལར་ནི་དེ་སྔོན་ཨེ་ཤ་ཡའི་རླུང་འཕྲིན་ཁང་དང་། ཨ་རིའི་རླུང་འཕྲིན་སོགས་ལ་དེ་རིགས་རྣག་ཐོག་གི་བཙའ་གུ་ལྟར་དུ་ཡིག་ངག་གཉིས་ཆར་ཞུས་ཀྱང་། བཤད་མཁན་ལ་ཆེན་པོར་འོས་པའི་མིང་དང་ཐོབ་སོགས་ཀྱིས་སྟོངས་བས་དོན་འབྲས་ཆེར་སོན་མེད་པ་འདྲ། ད་ནི་དབང་མེད་དེ་ཁ་མང་། གཡོག་མོ་དེ་ལྟོ་ཆེ་ཞེས་ཁམས་པའི་གཏམ་དཔེ་ལས་མ་འདས་པས་དེ་རིང་གི་ཉིན་ཐོ་ཀུན་གླེང་བལྟས་པའིའཁང་ར་དེ་མི་འདོད་བཞིན་དུ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 
ཁ་སང་ཀ་རྩོམ་གྱི་འཕྲོ།
ཏཱ་ཐ་གཱ་ཏའི་ཆོས་ཀྱི་སྙིང་པོ་ཡི་ཡང་རྩེ།།
ཐ་མལ་འགྲོ་འདུག་སྤྱོད་ལམ་རྣམ་བཞི་ཡི་སྐབས་སུ།།
ད་ལྟའི་གསལ་རིག་ཤེས་པ་མ་ཡེངས་ཙམ་སྐྱོང་ན།།
ན་འཆི་སྔས་མགོར་སླེབས་ཀྱང་དངངས་སྐྲག་ཞིག་མི་དགོས།།

Monday, February 4, 2013

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ།

ཉེ་བའི་ཆར་ཚེ་ལས་འདས་པའི་ཀརྨ་མགོན་པོ།
ཉིན་མོ་འདི་ནི་གཟའ་ཟླ་བའི་འཆར་ཅན་ལྟར་བདེ་ཆེན་ཞིང་སྒྲུབས་དེ་ཡིན་པས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་འཚོགས་ཁང་ནང་དུ་སོང་བས་དེ་རིང་ནི་མི་གྲངས་བཅུ་བདུན་ཙམ་ལས་མི་འདུག དེ་རིང་གི་བདེ་ཆེན་ཞིང་སྒྲུབས་འདི་ནི་དུས་ཚོད་གཅིག་ཐོག་ནས་འཛམ་གླིང་གང་སར་བལྟ་ཉན་ཐུབ་པའི་དྲྭ་བརྙན་ལས་རིམ་ཐོག་ནས་རྒྱངས་བསྲིངས་དྲྭ་ཚིག་འདིའི་ཐོག་ནས http://rinpoche.livenetworks.tv ་བྱེད་ཀྱི་ཡོད། དེ་རིང་སྐད་བསྒྱུར་མེད་སྟབས་འདོན་པ་མ་བཏོན་པའི་གོང་ནས་ངོས་ཀྱི་དབྱིན་ཇི་ཆག་རོ་དེ་རྒྱབ་ནས་ཀུན་སློང་བཅོས་སྟངས་སྐོར་རྟ་མེད་ན་བོང་བུའི་རྒྱུག་འདུལ་མ་བྱས་ཀ་མེད་ཆགས་སོང་། ལར་ནི་ཨ་རིའི་མི་འདི་རྣམས་ངོ་བསྟོད་ལ་མཁས་གྲགས་ནས་ངོས་ཀྱི་དབྱིན་ཇི་ཆག་རོ་དེ་ལའང་ངོ་བསྟོད་ཀྱིས་གོང་ཚད་འཕར་མ་ཞིག་སྤྲད་ནས་སེམས་ཤུགས་འཕར་འཇུག་སོང་། དེ་རིང་གི་ཞིང་སྒྲུབ་བོད་ཡིག་སྒྲ་ཐོག་ཏུ་བཏོན་ནས་བསྔོ་བའི་སྐབས་སུ་ཁ་སང་ཞི་བར་གཤེགས་པ་ངོས་ཀྱི་དགེ་ཕྲུག་ཆོས་མིང་དུ་ཀརྨ་བློ་བཟང་གི་ཕ་རྒན་དང་། བདུན་ཕྲག་གཅིག་གོང་ཉི་ཡོག་ནས་ངོས་ཀྱི་དགེ་ཕྲུག་ཆོས་མིང་དུ་ཀརྨ་མགོན་པོ་གཉིས་ཀྱི་ཆེད་དུ་མིང་ནས་བཟུང་སྟེ་ཡོན་བསྔོ་བྱས། ཞིང་སྒྲུབ་ཚར་བ་དང་མཉམ་དུ་ནང་དུ་ཡོང་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 
ཁ་སང་ཀ་རྩོམ་གྱི་འཕྲོ།  
་དག་དབེན་པ་མ་བསྟེན་རང་བྱུང་གི་གཤིས་ལུགས།།
ཆ་ལུགས་གང་གིས་མ་བསྒྱུར་གསལ་རིག་གི་ངོ་བོ།།
ཇ་ཡུན་ཙམ་ལ་མ་ཡེངས་མ་ཧཱ་ནི་མུ་དྲ།།
ཉ་ཆུ་བཞིན་དུ་འབྲལ་མེད་སྐྱོང་བ་འདི་ཨེ་མ།།


Saturday, February 2, 2013

ཆོས་བཤད་བྱས་པའི་ཉིན་མོ།

གྲོགས་མགོན་པོ་ནས་བཟོས་པའི་བརྡ་ཁྱབ
ཉིན་མོ་འདི་ནི་སྔ་ནས་གྲ་བསྒྲིགས་བྱས་པའི་ཆོས་བཤད་བྱེད་རྒྱུ་དེ་ཡིན། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཆོས་ཚོགས་སུ་སོང་བས་མི་མང་ལྔ་བཅུ་མ་ཟིན་ཙམ་གྱིས་ཕལ་ཆེར་འཚོགས་ཁང་ཁེངས་འདུག དེ་རིང་གི་བཤད་རྒྱུའི་ཆོས་ནི"བྱམས་པ་དང་སྙིང་རྗེའི་ཉམས་ལེན།"ཞེས་པ་ཉིད་ཡིན་པས་སྐད་སྒྱུར་བྱམས་པ་ལགས་བརྒྱུད་ནས་དང་པོ་བྱམས་པ་དང་སྙིང་རྗེའི་ཕན་ཡོན་དེའི་མི་མཐུན་ཕྱོགས་ཁོང་ཁྲོའི་ཉེས་དམིགས་སོགས་བཤད་ནས་དངོས་བཞིའི་ཆོས་བཤད་སྐབས་སུ་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ལུགས་ལྟར་དུ་དང་པོ་ཐོགས་མེད་ནས་ཇོ་བོའི་ལུགས་ལ་རྒྱུ་འབྲས་མན་ངག་བདུན་རིམ་བཞིན་ཉམས་ལེན་བྱེད་སྟངས་དང་། གཉིས་པ་ཀླུ་སྒྲུབ་ནས་ཞི་བ་ལྷའི་ལུགས་ལྟར་དུ་སྤྱོད་འཇུག་ནས་གསུངས་པ་ལྟར་དུ། 
དང་པོ་བདག་དང་གཞན་རྣམས་ནི
མྱུར་དུ་སྐྱབས་པར་འདོད་པ་དེས། 
བདག་དང་གཞན་དུ་བརྗེ་བྱ་བ། 
གསང་བའི་དམ་པ་སྤྱད་པར་བྱ། 
ཞེས་གསུངས་པ་ལྟར་དུ་དང་པོ་བདག་གཞན་མཉམ་པ། བར་དུ་བདག་གཞན་བརྗེ་བ། ཐ་མ་བདག་བས་གཞན་གཅེསསོགས་རིམ་བཞིན་འགྲེལ་བཤད་བྱས་ཤིང་མཐར་གོང་གི་བཤད་དོན་རྣམས་སྐར་མ་བཅུ་ལ་སྒོམ་བཅུག་ནས་མཐར་དྲི་བ་དྲིས་ལན་སོགས་ཀྱིས་དེ་རིང་གི་ཆོས་ཐུན་ཡོངས་སུ་གྲུབ་པར་བྱས། 
དེ་ནས་ནང་དུ་ཡོང་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 
  
ཀ་དག་གཡོ་བ་མེད་པ་རྩེ་གཅིག་གི་ངང་ནས།།
ཁ་ཚིག་བརྗོད་པ་ལས་འདས་སྤྲོས་བྲལ་གྱི་ལྟ་བ།།
ག་ལེར་སྣང་སེམས་དབྱེར་མེད་རོ་གཅིགཏུ་རྟོགས་ནས།།
ང་ཚོ་མེས་པོའི་སྒོམ་མེད་རྒྱལ་ས་རུ་སྙེག་འགྲོ།།