Thursday, November 28, 2013

ཨ་རིའི་བཀའ་དྲིན་རྗེས་དྲན་དུས་ཆེན་གྱི་ཉིན་མོ།

སྐྱིད་པའི་ཐུགས་རྗེའི་ལེགས་འབུལ་གྱི་ཤོག་ལིང་།
ཉིན་མོ་འདི་ནི་ཨ་རིའི་ལུང་པ་འདིའི་ནང་བཀའ་དྲིན་རྗེས་དྲན་གྱི་ཉིན་མོThanksgiving.ཞེས་དུས་ཆེན་ཁྱད་པར་ཅན་ཞིག་ཡིན། དུས་ཆེན་འདི་ནི་ཕྱི་ལོ་1621 ཡོ་རོབ་དབྱིན་ལན་སོགས་ནས་ཡུལ་མི་མང་པོ་ཞིག་ཨ་རི་ལ་སྐྱབས་བཅོལ་དུ་ཡོང་བའི་སྐབས་སུ་མི་ཨ་རིའི་གདོད་མིའི་མི་རིགས་རྣམས་ཀྱིས་ཡུལ་གྱར་བ་དེ་རྣམས་ལ་སོ་ནམ་འདེབས་ལས་དང་། འཚོ་ཐབས་སོགས་གང་ལེགས་བསླབ་ནས་རྗེས་སོར་སྟོན་ཐོག་ཡག་པོ་བྱུང་བའི་སྐབས་སུ་དྲིན་ལན་བཟང་མཇལ་གྱི་ཆེད་དུ་ཡོ་རོབ་ཀྱི་ཡུལ་མི་རྣམས་ཀྱིས་ཨ་རིའི་བ་རྣམས་ལ་ཐུགས་རྗེའི་ལེགས་འབུལ་གྱི་ཆེད་གསོལ་སྟོན་ཞིག་ཕུལ་ནས་ད་བར་ལུགས་སྲོལ་འདི་དར་སྐད་འདུག

ལར་ནི་ཆོས་ལུགས་འདྲ་མིན་དབང་གིས་ལུགས་སྲོལ་དང་རིག་གཞུང་འདྲ་མིན་འཛམ་བུའི་གླིང་ལ་དར་ཁྱབ་བྱུང་ཞིང་ཆོས་ལུགས་ཁ་ཤས་ཀྱི་རིག་གཞུང་གིས་འཛམ་བུ་གླིང་ལ་ཞི་བདེ་དང་འཚེ་བ་མེད་པ་འདི་བདེ་ཕྱི་སྐྱིད་ལམ་སྲོལ་བཟང་པོ་བྱུང་ཡོད། ཆོས་ལུགས་འགའ་ཤས་ཀྱི་བརྒྱུད་ནས་རིག་གཞུང་འདྲ་མིན་གྱི་དབང་གིས་མཐོང་ན་སྙིང་རྩ་འདར་ཞིང་། ཉན་ན་སྐྱུག་བྲོ་བའི་དཔེར་ན་དེ་རིང་གི་ཐུགས་རྗེའི་ལེགས་འབུལ་གྱི་དུས་ཆེན་ལྟར་ཉིན་མ་གཅིག་ལ་ཁྱིམ་བྱ་ས་ཡ་མང་པོའི་ཚེ་སྲོག་རྐུམ་ཞིང་། ཡེ་ཤུའི་འཁྲུངས་སྐར་གྱི་དུས་ཆེན་ཉིན་མོར་སྔོ་ལྗངས་ཡིད་དུ་འོང་བའི་ལྗོན་ཤིང་ས་ཡ་མང་པོ་བཅད་བཏུབ་བྱེད་པ། ཧིན་དུའི་ཆོས་ལུགས་སུ་རྒྱ་གར་བལ་ཡུལ་སོགས་ནས་དྷ་སེན་ཞེས་དུས་ཆེན་ཉིན་མོར་ལྷ་དབང་ཕྱུག་ཆེན་པོར་དམར་མཆོད་ཀྱི་ཆེད་དུ་ཉིན་གཅིག་ལ་ཡུལ་ལུང་ཁྲག་མཚོར་བསྒྱུར་ནས་ར་ལུག་མ་ཧེ་སོགས་ཉམ་ཆུང་སེམས་ཅན་ས་ཡ་མང་པོ་དམར་གསོད་གཏོང་བའི་ལུགས་སྲོལ་ངན་པ་འདི་རྣམས་ལ་བསམ་ནས་ངས་ནི་དེ་རིང་གི་ཉིན་མོ་འདིར་མི་སུ་གཅིག་གི་ནང་དུ་མི་འགྲོ་རྒྱུའི་དམ་བཅའ་བྱས་ནས་ཞོགས་པ་ནས་བཟུང་བདེ་ཆེན་ཞིང་སྒྲུབ་ཆོ་ག་རྒྱས་པ་ཉིད་བཏོན་ཞིང་འོད་མཚན་དང་མ་ཎི་སོགས་བགྲངས་ནས་ནང་དུ་ཐུན་བཟུང་ནས་བསྡད་པ་ཡིན།
དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཨ་མ་སུས་སིན་གཙོས་དད་ལྡན་གྱི་སློབ་མ་འགའ་བོས་ནས་མཉམ་དུ་དེ་རིང་གི་དུས་ཆེན་གྱི་ཆེད་དུ་ཁྱིམ་བྱ་གྲངས་ལས་འདས་པ་དེ་རྣམས་ཀྱི་ཆེད་དུ་བསྔོ་བ་དང་སྨོན་ལམ་སོགས་མཉམ་དུ་བྱས།

ཨ་རིའི་མགོ་སེར་གནའ་བོའི་ལུགས་སྲོལ་འདིར།།
ཐུགས་རྗེའི་ལེགས་འབུལ་ཞེས་པའི་དུས་ཆེན་ཉིན།།
ཉམ་ཆུང་ཁྱིམ་བྱ་ས་ཡ་མང་པོ་ཡི།།
སྲོག་ལ་རྒོལ་བའི་ཉི་མ་ནག་པོ་ཤར།།

ཉམ་ཆུང་ཁྱིམ་བྱ་མང་པོའི་མྱ་ངན་དང་།
མགོ་སེར་མི་ཚང་མང་པོའི་ཧབ་སྒྲ་བཅས།།
རྐང་གཉིས་འགྲོ་བ་མི་ཡི་ལས་སྟངས་འདིར།།
བསམ་ན་སྙིང་ནས་མཆི་མ་དཀུ་བའི་རྒྱུ།།

དེ་རིང་ཉེས་མེད་ཁྱིམ་བྱ་ཁྱེད་རྣམས་ཀྱི།།
འཇིག་རྟེན་ཁམས་ན་འདུག་རེས་ཐ་མ་ཡི།།
མ་ཉེས་ཐོག་ཏུ་བབས་པའི་ཁྲིམས་ཆད་འདི།།
ས་སྟེང་འདི་ནས་དཔང་པོ་སུ་ཡིས་བྱེད།།

ཚེ་གང་སྐྱབས་སུ་བསྙེན་པ་ལྷག་པའི་ལྷ།།
བདེ་ཆེན་ཞིང་གི་མགོན་པོ་འོད་དཔག་མེད།།
དུང་དུང་གདུང་བས་འབོད་པ་འདི་གསན་ན།།
ཉམ་ཆུང་བྱ་རྣམས་བདེ་ཆེན་ཞིང་དུ་དྲོངས།།


ཨོྃ་ཨ་མི་དྷེ་ཝ་ཧྲཱི༔ ཨོྃ་ཨ་མི་དྷེ་ཝ་ཧྲཱི༔
ཨོྃ་ཨ་མི་དྷེ་ཝ་ཧྲཱི༔ ཨོྃ་ཨ་མི་དྷེ་ཝ་ཧྲཱི༔
ཨོྃ་ཨ་མི་དྷེ་ཝ་ཧྲཱི༔ ཨོྃ་ཨ་མི་དྷེ་ཝ་ཧྲཱི༔
ཨོྃ་ཨ་མི་དྷེ་ཝ་ཧྲཱི༔ ཨོྃ་ཨ་མི་དྷེ་ཝ་ཧྲཱི༔

Sunday, November 24, 2013

ལྷ་བབས་དུས་ཆེན་གྱི་ཉིན་མོ།

མི་ལོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་ལ་མི་ཡི་སེངྒེ་སྟོན་པ་མཉམ་མེད་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཀྱི་མཛད་ཆེན་བཅུ་གཉིས་རེ་རེ་བཞིན་དུ་འདོན་བཞིན་དད་པས་མིག་ནས་མཆི་མ་འགའ་ཤོར།
ལར་ནི་བོད་བརྒྱུད་ནང་བསྟན་ཆོས་འདི་ཆོས་ལུགས་གཞན་གྱི་མཁས་པ་འགའ་ཡིས་རྩེད་མོའི་ཚུལ་དུ་བླ་མའི་ཆོས་ལུགས་རེད་ཅེས་བཤད་མཁན་ཡོད་པར་དཔྱད་ན་དངོས་གནས་འདྲ་བོ་ཞིག་ངས་ཀྱང་སྔ་ནས་མཐོང་གི་ཡོད། རྒྱུ་མཚན་གང་ཡིན་ཟེར་ན་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་སྐབས་ཀྱི་བླ་མའི་ཁྱད་ཆོས་རྣམས་མར་དྲུད་ཡོང་ནས་མི་མང་སྤྱི་ཚོགས་ཁྲོད་དུ་མིང་འདྲ་མི་འདྲ་ཁུར་ནས་བོད་དགོན་རེ་ཟུང་གི་བདག་པོ་རེད་ཚར་དུས་རང་ཉིད་ཀྱི་འཁྲུངས་སྐར་དང་འདས་མཆོད་སོགས་ལ་འགྲོ་སོང་འཕངས་མེད་གཏངས་ནས་སྲུང་གཙི་བྱེད་པ་ལས་བདག་ཅག་རྣམས་ཀྱི་ཆུ་མགོ་གངས་ལ་ཐུག་པའི་དཔེ་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་ཡི་འཁྲུངས་སྐར་སྲུངས་གཙི་བྱེད་རྒྱུ་ཕར་ཞོག་འཁྲུངས་ལོའི་ལོ་ཚིག་དང་། འདས་ལོ་སོགས་ཀྱང་ཕལ་ཆེར་མི་ཤེས་མཁན་ཧ་ཅང་མང་པོ་ཡོད།
ལོ་སྔོན་མར་ངོས་ཀྱི་དྲ་གྲོགས་འགའ་ནས་སངས་རྒྱས་ཀྱི་འཁྲུངས་སྐར་ལ་Card འམ་ཤོག་བྱང་འགའ་བཟོས་ནས་ངོ་དེབ་དང་དྲ་ངོས་སུ་ཡོད་པ་ཁ་ཤས་མཐོང་བའི་སྐབས་སུ་སེམས་ནང་ལ་དགའ་སྐྱོ་གཉིས་ཀ་ཡོང་གི་འདུག གང་ཡིན་ཟེར་ན་འབྱུང་ལ་ཉེ་བའི་ཡེ་ཤུའི་སྟོན་པའི་དུས་ཆེན་Christmas འདི་འཛམ་གླིང་ནང་ནས་ཆེས་དུས་ཆེན་རྩ་ཆེ་ཤོས་ཞིག་ལ་ཆགས་ནས་མི་ལོ་ལྔ་བཅུ་དྲུག་བཅུ་ཟིན་ཚར་ཡོད།

དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Thursday, November 21, 2013

ངོས་ཀྱི་དགེ་ཕྲུག་ཞིག་གི་སྐྱེ་སྐར་ལ་སོང་བའི་ཉིན་མོ།

ཁར་མེལ་རྒྱ་མཚོའི་འགྲམ་ཟུར་ཞིག
དེ་རིང་ནི་སྔ་ནས་ཁ་དན་བྱས་པ་ནང་བཞིན་ངོས་ཀྱི་དགེ་ཕྲུག་ཆོས་དབྱིངས་སྒྲོལ་མའི་སྐྱེ་སྐར་དུ་ཨ་མ་སུས་སིན་དང་བཅས་ང་ཚོ་ཐག་ཉེར་ཡོད་པའི་རྒྱ་གར་ཟ་ཁང་ཞིག་ནང་དུ་ཉིན་གུང་ཟ་མ་བཟའ་རུ་སོང་། ཉེ་ཆར་སངས་རྒྱས་སྨན་བླའི་ཆོས་ཚོགས་ནས་ཆེད་དུ་ཉོས་པའི་ཇ་འཐུང་སའི་བོད་ལུགས་ཀྱི་ཕོར་པ་ཞིག་ཉོས་པ་དེ་དང་མཉམ་དུ་ཁ་གཏགས་ཞིག་བཅས་སྤྲད་པས་མོ་རང་ཧ་ཅང་དགའ་བོ་བྱུང་སོང་། སུས་སིན་ནས་ཀྱང་གུ་རུའི་ས་སྐུ་སྤུས་ལེགས་སྒྲོས་གཙང་མཚོན་མདངས་ཅན་ཞིག་སྐྱེ་སྐར་གྱི་ལག་རྟགས་སུ་སྤྲད་བྱུང་། ངེད་གསུམ་ནས་མ་འགྲང་བར་དུ་གང་འདོད་ཟ་ཆོག་པའི་ཟས་རིགས་རྣམས་ནས་འགྲང་ཚད་ཟོས་ནས་ཟུར་དུ་ཡོད་པའི་སྐད་གྲགས་ཅན་གྱི་ཁར་མེལ་རྒྱ་མཚོའི་འགྲམ་དུ་ཁྱུག་ཙམ་སྤྲོ་འཁྱམས་ལ་སོང་ནས་ནང་དུ་འབྱོར། 
གློ་ཁུག་ནང་ནས་ཁ་པར་གྱི་ཐིར་སྒྲ་ཞིག་ཡོད་པ་དེ་ནི་ཉིའུ་ཡོག་ལ་ཡོད་པའི་ངོས་ཀྱི་ཆོས་གྲོགས་ནང་ཆེན་བ་ཨོ་རྒྱན་དར་རྒྱས་རེད་འདུག ཁོང་ནས་ཟེར་ན་འདི་ལོའི་ཉིའུ་ཡོག་བདེ་ཆེན་ཞིང་སྒྲུབས་ཐེངས་མ་གཉིས་པ་དེའི་སྐོར་དྲི་བ་རེད་འདུག ང་ནི་གནམ་གཤིས་གྲང་ངར་ཅན་གྱི་ས་ཆ་རུ་སྐྱེ་ཚར་བྱུང་ཡང་རྒྱ་བལ་སོགས་ཚ་རོང་ནང་དུ་ལོ་མང་རིང་གསོན་བསྲེགས་བྱེད་དགོས་བྱུང་བའི་སྟབས་ཀྱིས་ཁ་རླུང་བུ་ཡུགས་གྲང་ངར་ཕར་ཞོག་ཐ་ན་རླུང་གྲང་མོའི་རྡུང་ཀྱང་དེ་མ་ཐག་ཏུ་ཚ་འཁྱམས་འདྲས་རྐྱེན་ནས་ནད་གཞི་འཁྲུགས་ཡོང་གི་འདུག དེ་ཡི་སྟབས་ཀྱིས་ཨ་རིའི་མངའ་སྡེ་མང་པོར་ཁྱི་སྨྱོན་བཞིན་དུ་འཁྱམས་ནས་ཐ་མ་ད་ལྟ་ང་བསྡད་ས་ཀི་ལི་ཧྥོ་ཉ་ཁར་མེལ་ཞེས་འབྱོར་ལྡན་སྐད་གྲགས་ཅན་གྱི་ས་ཆ་འདིར་ར་རྒན་གད་བཅར་གྱི་དཔེ་ལྟར་དུ་འདིར་ཨུ་ཚུགས་བྱས་ནས་བསྡད་པ་ཡིན། དེང་སང་ཉིའུ་ཡོག་གནམ་གཤིས་ཧ་ཅང་གྲང་བས་ད་ལོའི་བདེ་ཆེན་ཞིང་སྒྲུབས་ལ་བླ་མ་གཞན་ནས་གདན་འདྲེན་ཞུ་རོགས་ཞེས་བཤད་པ་ཡིན། ཁོང་ནས་མི་འདོད་བཞིན་དུ་ཁས་བླངས་དགོས་བྱུང་སོང་། ལོ་རྗེས་མར་གནམ་གཤིས་བཟང་བའི་དུས་ཚོད་དང་བསྟུན་ནས་གྲ་རྒྱས་པོ་ཞིག་འཚོགས་རྒྱུའི་དམ་བཅའ་བྱས་པ་ཡིན་ཁོང་ནས་ཀྱང་མོས་མཐུན་གནང་སོང་།
དེ་རིང་གི་ཉིན་ཐོ་དེ་བྲིས་ནས་ཉལ་སར་སོང་ནས་གཉིད་ཡུར། 

Monday, November 18, 2013

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ།

བོད་པས་ཁྲིམས་ལ་སྦྱར་བའི་དམར་ཤོག་གི་འགོ་གཙོ་ལྔ།
ཉིན་མོ་འདི་ནི་འཆར་ཅན་ལྟར་དུ་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་དེ་ཡིན་པས་ཆུ་ཚོད་ལྔ་པའི་སྐབས་སུ་འཚོགས་ཁང་ནང་དུ་སོང་། སྐད་བསྒྱུར་བྱམས་པ་མཐར་ཕྱིན་ཀྱང་ཕེབས་འདུག་སྟབས་ཆོས་བཤད་མདོར་བསྡུས་དང་ཉེ་ཆར་ཕི་ལིའི་པེན་ལ་རྒྱ་མཚོའི་རླུང་འཚུབ་ཀྱིས་རྐྱེན་པས་མི་གྲངས་གཅིག་ཁྲི་ལྔ་སྟོང་ཙམ་རྐྱེན་འདས་སུ་གྱུར་པས་དེ་རྣམས་ཀྱི་ཆེད་དུ་འོད་ཆོག་རྒྱས་པ་ཉིད་བཏོན། མདུན་སྐྱེད་འོད་ཞུའི་སྐབས་སུ་རྫོགས་རིམ་ལ་སྟོང་ཉིད་སྐོར་འགྲེལ་བཤད་དང་སྒོམ་བྱེད་པའི་སྐབས་སུ་ཅི་ཡང་མི་དྲན་པ་ནག་ཐོམ་མེར་སོང་བ་ལྟ་བུ་མ་ཡིན་པར་སེམས་ལ་ངར་ཆ་དང་གྲུང་ཆ་སོགས་དགོས་རྒྱུ་གལ་ཆེན་ཡིན་ཚུལ་མདོར་བསྡུས་ལུང་དོན་དང་སྦྲགས་ནས་བཤད། དེ་རིང་གི་བདེ་ཆེན་ཞིང་སྒྲུབས་བསྔོ་བ་སྨོན་ལམ་གྱིས་ལེགས་པར་གྲུབ། 
ནང་དུ་འབྱོར་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་དུས་ཉེ་ཆར་སི་པན་ནང་དུ་གཏན་བཞུགས་བོད་མི་འགའ་ནས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧོས་ཅིན་ཐོའུ་རྒྱ་ནག་ནང་དུ་གྲངས་ཉུང་མི་རིགས་དང་མ་ཟད་བོད་མི་སྡེབས་གསོད་བྱས་པའི་ནག་ཉེས་ཀྱི་ཁྲིམས་གཏུགས་བྱས་པའི་དོན་འབྲས་སུ་ཧོས་ཅིན་ཐོའུ་གཙོས་པའི་རྒྱ་ནག་དམར་ཤོག་གི་འགོ་གཙོ་མི་ལྔ་ལ་ཁྲིམས་ཆད་ཕོག་ནས་ནག་ཉེས་ཅན་གྱི་མི་ལྔ་པོ་འདི་གང་དུ་སོང་ཀྱང་འཛིན་བཟུང་བྱེད་དགོས་པའི་པར་དང་མིང་སོགས་ཆ་ཚང་ངོ་དེབ་འགའ་ཡི་ནང་དུ་མཐོང་སོང་། 
ཁྲིམས་ལུགས་ཀྱི་སློབ་སྦྱོང་གང་ཡང་མེད་པའི་བོད་འབྲོག་པའི་བླ་རྒན་ངས་གནས་ཚུལ་འདི་འདི་མཐོང་བ་དང་མཉམ་དུ་རང་གིས་རང་ལ་དྲི་བ་ཧ་ཅང་མང་པོ་ཞིག་འཚང་ཁ་རྒྱབས་ནས་སླེབས་སོང་བ་མ་ཟད་ཁོག་དགད་ཀྱང་རང་དབང་མེད་པར་ཐེངས་འགའ་ཤོར་སོང་། དེ་སང་དངོས་ཡོད་གནས་ཚུལ་སྤྱིར་འཛམ་བུ་གླིང་དང་ལྷག་པར་རྒྱལ་ཁབ་ཚོགས་སྡེ་ཁག་གང་ལ་བལྟས་ཀྱང་དཔུང་། རྒྱུ། དབང་། གསུམ་གྱིས་ཁ་ལོ་བསྒྱུར་ནས་ཁྲེལ་མེད་ཁྲམ་པ་མགོ་འཕངས་མཐོ་བ་ལས། དྲང་བདེན་དང་། ཐོབ་ཐང་། གཉོམ་ཆུང་གསུམ་ནི་ཆོ་ག་མེད་པའི་ཡུགས་ས་མོ་རྒྱབ་ཆད་ལྟ་བུ་ཞིག་ཏུ་སོང་བ་ནི་ཉེ་བའི་ཆར་འཛམ་གླིང་མཉམ་འབྲེལ་འཐུས་ཚོགས་ནས་ཁ་ནས་དམངས་གཙོ་དང་ཐོབ་དང་ཞེས་གླེང་བཞིན་དུ་ཟུར་ནས་ཁྲམ་པ་ལ་དཔའ་དར་གྱི་དཔེ་ལྟར་དུ་ད་ལྟའི་རྒྱ་ནག་གཞུང་གི་བྱེད་སྟངས་ལས་སྟངས་འདི་ཕྱི་གསལ་ནང་གསལ་ཡིན་བཞིན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་བཅུགས་པ་འདི་ལ་བལྟས་ན་ཤེས་གསལ་རེད།
དེ་རིང་གི་ཉིན་ཐོ་དེ་གཏངས་ནས་གཉིད་དུ་ཡུར།

Saturday, November 16, 2013

སངས་རྒྱས་སྨན་བླའི་ཆོས་ཚོགས་ལ་སོང་བའི་ཉིན་མོ།

རྒྱལ་བ་བྱམས་པའི་ལྷ་ཁང་།
ཉིན་མོ་འདི་ནི་སྔ་ནས་དུས་ཆད་བྱས་པ་ནང་བཞིན་ངོས་ཀྱི་དགེ་ཕྲུག་ཨ་མ་སུས་སིན་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་བྱེད་གྲོགས་པོ་རེའི་བྷོབ་གཟའ་མི་གཉིས་བཅས་ང་ཚོ་མི་བཞི་པོ་ཞོགས་པ་ཆུ་ཚོད་དགུ་པའི་ཐོག་ནས་Santa Cruz ལ་ཡོད་པའི་དགེ་ལུགས་པའི་བླ་མ་བཟོད་པའི་སངས་རྒྱས་སྨན་བླའི་ཆོས་ཚོགས་སུ་སོང་། འདི་ནས་སྐར་མ་བཞི་བཅུ་ཙམ་ལ་འགྲོ་དགོས་འདུག ཆོས་ཚོགས་ཀྱི་ཁོར་ཡུག་ནི་འཇམ་ཞིང་དབེན་ལ་མཐའ་སྐོར་གྱི་ཤིང་སྡོང་གི་རྩེ་རུ་བྱ་འཇོལ་མོ་དང་། ཤིང་འབྲུ་བྱེའུ་མཆུ་རིང་སོགས་ཀྱིས་དྲུག་འགྱུར་གྱི་གླུ་དབྱངས་འཐེན་ཅིང་ལམ་ཟུར་སོགས་སུ་མ་བཏབས་ཀྱང་རང་བྱུང་གིས་སྐྱེས་པའི་མེ་ཏོག་ཁ་དོག་སྣ་ཚོགས་མིག་ལམ་ལ་མཛེས་ཤིང་གཡས་གཡོན་གྱི་ལྗོན་ཤིང་རྣམས་ནི་རླུང་གིས་ཡོམ་ཡོམ་གྱིས་གནས་དེར་ཕེབས་པའི་སྐུ་མགྲོན་རྣམས་ལ་དགའ་བའི་ཕེབས་བསུའི་སྣེ་ལེན་བྱེད་པ་དང་མཚུངས། 
ཆོས་ཚོགས་ཀྱི་ལྷ་ཁང་མདུན་ཕྱོགས་སུ་རྒྱ་སྐྱེག་གི་མདོག་ལྟར་དམར་བའི་འཁོར་དུང་ལ་གསེར་གྱི་འབུར་དོད་ཀྱིས་རྒྱ་གར་ལནྫ་དང་བོད་ཀྱི་དབུ་ཅན་སོགས་ཀྱིས་སངས་རྒྱས་སྨན་བླའི་མཚན་སྔགས་སོགས་བྲིས་པ་མཇལ་ནས་གཡས་ཕྱོགས་སུ་ཐེངས་འགའ་སྐོར། ཟུར་དུ་ཡོད་པའི་མཆོད་རྫས་ཚོང་ཁང་ཆུང་ངུ་ཞིག་ཡོད་པ་དེར་འཛུལ་བས་ནང་དུ་ཕོ་གསར་ལྟས་གཟོ་དོད་མདོག་ཅན་ཞིག་ནས་ངོས་ལ་ལག་ཕྱག་རྒྱས་གུས་ཞབས་དང་བཅས་པས་ཁམས་འདྲི་དང་ལུང་པ་འདིའི་འགྲོས་ལྟར་དུ་ལག་འཇུ་དང་མཉམ་དུ་སོ་སོའི་མིང་དང་སྡོད་གནས་སོགས་ངོ་སྤྲོད་བྱས།  ཚོང་ཁང་དེར་ཇ་འཐུང་སའི་ཕོར་པ་མུ་མེན་གྱི་མདོག་ཅན་ཞིག་ལ་ཕྱི་ལོགས་སུ་བོད་དབྱིན་སྦྱར་མ། བོད་ཡིག་ལ། སྙིང་རྗེ་སྐྱེད། དབྱིན་ཡིག་ཏུ། Love With Compassion.ཞེས་བྲིས་པ་ཅན་ཞིག་ཡོད་པ་དེ་ཆ་གཉིས་རྒྱ་གར་ལྷ་ཕྱོགས་བདེ་ཆེན་ཞིང་སྒྲུབས་ཀྱི་འཚོགས་ཁང་སྦྱིན་བཀའ་དྲིན་ཅན་རྡེའུ་རའོ་ལ་ཆེད་དུ་ཉོས། 
ཆོས་ཚོགས་ནང་དུ་དབྱིན་ཇི་མི་ལྔ་དྲུག་ཞིག་ནས་སྒོམ་རྒྱག་བཞིན་འདུག ཟུར་དུ་ཡོད་པའི་རྒྱལ་བ་བྱམས་པའི་ལྷ་ཁང་ནང་དུ་སོང་ནས་བྱམས་སྨོན་ཚར་གཅིག་དང་བདེ་སྨོན་སོགས་བཏོན་ནས་ཅུང་དེར་བསྡད། མར་སྒོ་ཁར་དོན་པ་དང་མཉམ་དུ་བོད་པའི་གྲྭ་པ་མཐོང་མྱོང་ཅན་ཞིག་ལ་ཐུག་སོང་། ལུང་པ་དང་གདན་ས་སོགས་སྐད་ཆ་དྲིས་དུས་ཁོང་ནི་སྐྱེ་ཡུལ་ལྷ་ས་དང་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པ་རེད་འདུག མུ་མཐུད་ནས་གླེང་མོལ་བྱས་དུས་སེ་ར་བྱེས་མཁན་ཟུར་བྱམས་པ་ཐེག་མཆོག་གི་དགེ་ཕྲུག་ཀྱང་རེད་འདུག ཉིས་སྟོང་བཞི་ལོར་བཞུགས་སྒར་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་རིམ་འབྲིང་པོའི་གསུང་ཆོས་སྐབས་སུ་མཁན་ཟུར་བྱམས་པ་ཐེག་མཆོག་དང་། བཀྲ་ཤིས་ལྷུན་པོའི་མཁན་པོ་བཀའ་ཆེན་བློ་བཟང་ཚུལ་ཁྲིམས་སོགས་དང་གྲལ་གདན་གཅིག་པ་ཡིན། ཁོང་རྣམ་པས་ང་ལ་བཀའ་བརྒྱུད་བླ་མ་ཞེས་འབོད་ཀྱི་ཡོད། རྒན་མཁན་ཟུར་བྱམས་པ་ཐེག་མཆོག་ནས་ང་ལ་དཔེ་མེད་མཉེས་པོ་གནང་མྱོང་ཡོད། མཁན་ཟུར་མཆོག་ནི་དགུང་ལོ་མཐོ་ནའང་མཁན་ཟུར་ཡིན་པ་མ་ཟད་བོད་བསྟན་སྲིད་དོན་དུ་སེམས་ཤུགས་ཧ་ཅང་ཆེན་པོ་ཅན་ཞིག་ཡིན། 
ཆོས་ཚོགས་གཡས་གཡོན་དུ་པར་དང་གློག་བརྙན་ལེན་པ་སོགས་འཁྱམས་ཉུལ་འདོད་བློ་མ་ཁེངས་བར་དུ་བྱས། རྒན་བྱམས་པ་ཐེག་མཆོག་གི་དགེ་ཕྲུག་གྲྭ་བསམ་གཏན་ལགས་ནས་ང་ཚོ་མི་བཞི་པོར་ཁོང་གི་ཁང་པར་ཁྲིད་ནས་བོད་ཇ་དང་ཁམས་ཟས་སོགས་སྤྲད་བྱུང་། དེ་ནས་དགོང་མོ་རླངས་འཁོར་དུ་ཞུགས་ནས་དེ་རིང་སྐྱིད་རབ་དང་བཟང་རབ་སོགས་སྐད་ཆ་བྱེད་བཞིན་ནང་དུ་ལོགས།
དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།


Friday, November 15, 2013

ཁ་འདོན་བྱས་ནས་ནང་དུ་བསྡད་པའི་ཉིན་མོ།

ནང་དུ་འཇོག་ལ་བརྩོན་ཁུལ་བྱེད་པའི་པར།
དེ་རིང་ནི་ཐི་བྱ་ཚང་དུ་འཇུག་པའི་དཔེ་ལྟར་དུ་ཞོགས་པ་ནས་བཟུང་སྟེ་ས་མ་རུབ་བར་ང་རང་གཅིག་པུར་ནང་དུ་བསྡད། ལུང་པ་འདིའི་མི་རྣམས་ནི་ལས་ཀ་ཞིག་མེད་ན་རང་གར་ནང་དུ་ལྷོད་དལ་བྱེད་ནས་འདུག་མི་སྲིད་པའམ་གཏན་ནས་འདུག་མི་ཐུབ། ཕྱག་རྫོགས་སོགས་སེམས་ནང་གི་ཉམས་ལེན་སྟོང་ཉིད་ཀྱི་ལྟ་བ་དང་བྱང་སེམས་སོགས་རྒྱ་ཆེར་མ་ཤེས་ཀྱང་། ང་ནི་ཁ་འདོན་དང་དཔེ་ལྟས་ཚུན་བྱེད་ནས་ཉི་མ་ནང་དུ་ཇ་འཐུང་བཞིན་འདུག་རྒྱུ་ཡོད་པའི་གོ་སྐབས་ལས་སྐྱིད་པ་ཞིག་མེད།
དེ་རིང་སྔ་དྲོ་ཁ་འདོན་རྣམས་ཚར་བར་བྱས་ནས་དེ་སྔོན་པོར་ལེན་ཌི་ཆོས་གྲོགས་ཤེས་རབ་སྐལ་ལྡན་མདུན་ནས་གཡར་བའི་རི་བོ་དགེ་ལུགས་པའི་ཆོས་སྤྱོད་སྣ་ཚོགས་ཀྱི་འགྲེལ་བ་ཞེས་པའི་དེབ་དེའི་ནང་ནས་རྗེ་རིན་པོ་ཆེས་མཛད་པའི་རྟོགས་བརྗོད་མདུན་ལེགས་མ་ལ། ཞང་སྟོན་བསྟན་པ་རྒྱ་མཚོས་མཛད་པའི་འགྲེལ་བ་དེ་ལ་དཔེ་མཇལ་ཞུས་སྐབས་རྒྱུད་སྡེ་བཞིའི་སྤྱི་ཁོག་དང་། སྤྱི་འགྲོས་སོགས་ཁ་གསལ་གནང་བ་མ་ཟད་རྒྱུད་སྡེའི་ཁོང་སོགས་གསལ་པོར་གསུངས་འདུག་པས་སེམས་ལ་ཕན་པོ་བྱུང་། ང་ཡི་སྤུན་ཆེ་བ་དེ་དགེ་ལུགས་པའི་བླ་མ་ཞིག་ཡིན་པའི་སྟབས་ཀྱིས་ང་ཚོའི་ནང་མི་རྣམས་དགོང་འཚོགས་ཁ་འདོན་སྐབས་སུ་ཉིན་གཅིག་ལ་བར་ཆད་ལམ་སེལ་དང་བསམ་པ་ལྷུན་འགྲུབ་སོགས་རྙིང་མ་བཀའ་བརྒྱུད་གྱི་སྨོན་ལམ་སྐོར་དང་། ཉིན་གཅིག་ལ་དགེ་ལུགས་པའི་རྟོགས་བརྗོད་མདུན་ལེགས་མ་དང་། བདེ་སྨོན་ཕུལ་བྱུང་མ་སོགས་རེས་མོས་བྱེད་ནས་འདོན་སྲོལ་ཡོད། ང་ནི་རྗེ་རིན་པོ་ཆེའི་གསུངས་དེ་རྣམས་ལ་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་ཡིན་ཀྱང་སེམས་ཀྱི་རྟིང་ནས་དད་པ་སྐྱེ་གི་ཡོད། དགོང་མོ་ཨ་མ་སུས་སིན་དང་མཉམ་དུ་ཚོང་ཁང་དུ་སོང་ནས་ཨ་སྒོར་བརྒྱད་བཅུའི་བདུན་ཕྲག་གཅིག་གི་ཟ་མ་རྣམས་གང་དགོས་ཉོས་ནས་ནང་དུ་འབྱོར།

Saturday, November 9, 2013

སེམས་པ་སྐྱོ་བའི་ཉིན་མོ།

པོ་ཏ་ལའི་ཐང་ཆེན་གྱི་འགྲམ་དུ་རྒྱ་ཡི་དམག་སྦྱོང་བྱེད་བཞིན་པ།
ཞོགས་པ་ལངས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཐུང་ཙམ་བྱས་ནས་ནང་དུ་འབྱོར་ཞིང་ཞོགས་ཟས་ལ་རོལ་ནས་ཁ་འདོན་རྣམས་ཚར་བར་བྱས། ངོས་ནི་དེང་སང་སེམས་པ་མ་སྐྱིད་པ་འདྲ་བོ་ཞིག་བྱུང་འདུག་སྟབས་རྒྱུ་རྐྱེན་གང་ཡིན་རྩད་གཅོད་བྱས་དུས་རྒྱུ་རྐྱེན་གཉིས་རང་རྙེད་བྱུང་། གཅིག་ནི་ཉེ་ཆར་བོད་ནས་གྲོགས་པོ་ཞིག་ནས་ངོས་ཀྱི་ལུང་པ་དང་དགོན་པའི་པར་སོགས་གཏངས་བྱུང་བས་ཉིན་ལྟར་རེ་ཞིག་ཕ་དགོན་དང་། ཕ་ཡུལ་སོགས་དྲན་འདུག་པ་མ་ཟད་ངོས་ཀྱི་དགོན་པའི་ཆོས་གྲོགས་བླ་མ་ཁ་ཤས་གཅིག་རྗེས་གཉིས་མཐུད་ཕྱི་མའི་ལྔ་ལམ་དུ་གཤེགས་སོང་བས་རེད་འདུག 
རྒྱུ་རྐྱེན་གཅིག་ནི་ཉེ་ཆར་ནག་ཆུ་འབྲི་རུ་ཞན་ནང་དུ་རྒྱ་མིའི་དྲག་གནོན་ཚབ་ཆེན་བྱས་ནས་ངོས་ཀྱི་གནས་གྲོགས་རྒྱ་མིས་འཛིན་བཟུང་བྱས་ནས་ལོ་བདུན་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་སྐད་ངན་དེ་གོ་བས་རེད་འདུག ༡༩༩༧ ལོར་མི་འདོད་བཞིན་དུ་ཕ་ས་དང་སྐྱིད་པའི་ཕ་དགོན་ཆོས་གྲོགས་ནང་མི་གཉེན་འབྲེལ་དང་བཅས་པ་མི་འདོད་བཞིན་དུ་བཞག་ནས་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་ལ་ཡོང་བའི་སྐབས་སུ་མདོ་དབུས་ཁམས་གསུམ་ནས་འདུས་པའི་སྐྱ་སེར་བཞི་བཅུ་ཐམས་པ་ཡོད། དེའི་ནང་ནས་མང་ཤོས་ནི་ཁམས་ནང་ཆེན་དང་སྡེ་དགེ་སོགས་ནས་ཡིན། ནག་ཆུ་འབྲི་རུ་ནས་ཡིན་པའི་བཙུན་མ་གསུམ་དང་གྲྭ་གཅིག་གྲྭ་བཙུན་བཞི་ཡོད་པའི་ཁོངས་ནས་གྲྭ་བསྟན་འཛིན་རབ་བཟང་ད་རེས་ནག་ཆུའི་འབྲི་རུའི་དོན་རྐྱེན་དེ་མི་མང་ལ་སྐུལ་སློང་བྱེད་མཁན་གཏེ་བོ་ཡིན་པའི་ནག་ཉེས་ཀྱིས་རྒྱ་ནག་གཞུང་ནས་ཁོང་ལ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་སྐད་ངན་དེ་གོ་བས་རེད་འདུག ཁོང་ནི་ངོས་ཀྱི་གནས་ཁྲ་མོ་བསྐོར་བའི་གནས་རོགས་དང་། བྱ་གོ་རྒན་བསད་པའི་སྡིག་རོགས་ཞེས་པའི་དཔེ་ལྟར་དུ་བོད་ཉི་མ་ལྷ་ས་ནས་རྒྱ་གར་བཞུགས་སྒར་རྡ་རམ་ས་ལའི་བར་དུ་ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་གྱིས་ལ་ཆེན་ཐོད་ལ་བླངས། ཐང་ཆེན་བྲང་གིས་གཤགས་ནས་ཡོང་བའི་ལམ་གྲོགས་རྒྱལ་གཅེས་དཔའ་བོ་ཁོང་དྲན་ཐེངས་རེར་ཡང་སྐྱར་ང་ཡི་སྙིང་ལ་སོས་མེད་ཀྱི་རྨ་ཁ་གསར་པ་ཞིག་བྱས་སོང་། གང་ལྟར་གོང་གི་རྒྱུ་རྐྱེན་དེ་གཉིས་པོའི་རྐྱེན་བྱས་ནས་དེང་སང་གཞིས་ལུས་བོད་མི་རྣམས་ལ་སེམས་ཁྲལ་ལྷག་མ་ཞིག་དང་ངོས་ལའང་འདས་པའི་མི་ལོ་ལྔ་བཅུ་ང་བཞིའི་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་གཞི་བྱེས་བོད་རིགས་འདས་གསོན་རྣམས་ཀྱིས་བསད་རྡུང་གི་ཁྲག་མཚོ། མནར་གཅོད་ཀྱི་མུག་ཤི། ཟས་བཅད་ཀྱི་བཀྲེས་སྐོམ། འབོད་ཚིག་གི་མིག་ཆུ། མེར་བསྲེགས་ཀྱི་བསུར་དྲི་སོགས་ཡ་ང་བའི་དཀའ་སྡུག་ལ་བསམ་ནས་ཁྲ་ཆུང་སེམས་ལ་མི་ཐེག་པའི་ཁུར་པོ་ལྷག་མ་ཞིག་ཀྱང་སྤྲད་བྱུང་།

Sunday, November 3, 2013

པདྨ་འོད་གསལ་གླིང་ལ་སོང་བའི་ཉིན་མོ།

ཞྭ་བེར་གྱོན་ནས་བསྒྲལ་ལས་བྱེད་བཞིན་པ།


ཉིན་མོ་འདི་ནི་སྔ་མོ་ནས་དུས་ཆད་བྱས་པ་ནང་བཞིན་པདྨ་འོད་གསལ་གླིང་ལ་འགྲོ་དགོས་པས་ངོས་ཀྱི་ཨ་མ་སུས་སིན་ངེད་གཉིས་ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་ལང་ནས་སོང་། ཉེ་ཆར་བླ་མ་མཐར་ཕྱིན་རིན་པོ་ཆེ་གློ་བུར་དུ་འདས་ནས་བཟུང་སྟེ་པདྨ་འོད་གསལ་གླིང་སྔགས་བཙུན་རྣམས་ནི་སྐྱབས་མེད་དྭ་ཕྲུག་ཁྱུ་གཅིག་དཔེར་ན་ཁྱིམ་ཚང་ནང་གི་ཕ་རྒན་མེད་པའི་ནང་མི་ཞིག་ཏུ་གྱུར་འདུག ཉེ་བའི་ཆར་སྔགས་པ་བསོད་ནམས་ཀྱི་རེ་བ་ལྟར་བདུད་འཇོམས་གཏེར་གསར་ཕུར་པ་སྤུ་གྲི་རེག་ཕུང་གི་སྒོ་ནས་སྲི་མནན་ཞིག་དགོས་རྒྱུ་དེ་ཡིན། དགོན་ནང་དུ་ཆུ་ཚོད་དགུ་ཙམ་འབྱོར། བོད་ནས་ཕེབས་པའི་སྤྲུལ་སྐུ་ཞིག་དང་སྔགས་པ་བསོད་ནམས་སོགས་སྐྱ་སེར་བཞི་བཅུ་ཙམ་ནས་ངོས་ལ་ཕེབས་སྒུག་བྱས་འདུག ཕུར་པ་སྤུ་གྲི་རེག་ཕུང་སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དགྲ་བགེགས་བསྒྲལ་བ་གཉིས་ཀྱི་སྒོ་ནས་ཉིན་གྲངས་ཧྲིལ་པོ་གསུམ་རིང་ཞོགས་པ་ཆུ་ཚོད་བརྒྱད་ནས་བཟུང་དགོང་མོ་ཆུ་ཚོད་བདུན་བར་སྒྲུབས་ཞག་ཚང་བར་བྱས།  ངོས་ནི་བཀའ་རྙིང་གཉིས་ཀྱི་འཚོགས་པ་གང་འདྲ་ཞིག་ཡོད་ཀྱང་ཆོ་ག་ཕྱག་ལེན་འདོན་རྟ་དབྱངས་སོགས་ལ་ངོ་གནོང་མི་དགོས་པ་མགོ་མཐོ་ལིང་ངེར་གྲལ་མགོར་འདུག་གཟོད་པ་འདི་ནི་ཐུད་སྣུམ་པ་མར་གྱི་དྲིན་གྱི་དཔེ་ལྟར་བཀའ་དྲིན་ཟླ་མེད་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་སྐུ་དྲིན་གྱིས་ཡིན་པ་ཤེས་ཚོར་བྱུང་། གཡས་ཕྱོགས་ཀྱི་ཁྲི་ཐོག་ཏུ་ཡོད་པའི་བོད་ནས་ཕེབས་པའི་སྤྲུལ་སྐུ་དེས་བསྒྲལ་ལས་སྐབས་སུ་གཡབ་དར་བཟུང་ལུགས་དང་འགུགས་རྒྱ་བཅའ་ལུགས་ཚུན་མཆོད་གཡོགས་ཕྱི་གླིང་བའི་མགོ་སེར་རྣམས་ནས་ཁྲིའུ་ཟུར་ནས་ཡར་བསླབ་དགོས་པ་མཐོང་བའི་སྐབས་སུ་སེམས་ལ་གནོང་འགྱོད་ཀྱི་མྱ་ངན་དང་། གདོང་ལ་ངོ་ཚས་དམར་པོར་གྱུར་སོང་། ཉིན་ཐ་མ་མནན་པའི་སྐབས་སུ་བླ་མ་བསོད་ནམས་ཀྱི་འདོད་པ་ལྟར་དུ་སྤྲུལ་སྐུ་ངེད་གཉིས་ནས་ཞྭ་ནག་བེར་ཐུལ་སོགས་འཆམས་གོས་གྱོན་ནས་མནན་དོང་ཁར་སོང་། སྲི་མནན་སྐབས་སུ་ཕྱི་ཡི་ཨོ་ཟོབ་ཙམ་མ་ཡིན་པར་ཚེ་ཁྲུས་ལུང་གི་དགོངས་པའི་དམིགས་པ་གང་ཤེས་ཀྱིས་ལེགས་པར་གྲུབ་པར་བྱས། ཆོས་ཚོགས་དང་མི་མང་ནས་གཏངས་རག་དང་སྐུ་འགྱེད་ཀྱིས་མདུན་ཅོག་ཁ་གཏགས་དང་ཤོག་ཁུག་གིས་ཁེངས་སོང། དེ་རིང་གཙོར་བྱས་ཉིན་གསུམ་གྱི་ཆོས་ཕྱོགས་ཀྱི་བགྱི་བྱ་རྣམས་ལེགས་པར་གྲུབ་ནས་ཨ་མ་སུས་སིན་ངེད་གཉིས་ཀྱང་མགྲོན་པོ་རང་ཁྱིམ་དུ་ལོགས་པའི་དཔེ་ལྟར་དུ་ནང་དུ་འབྱོར།       
ང་བདག་གཉིས་འཛིན་དགྲ་བོ་རུམ་དུ་བཅུགས།།
 ལས་ངན་བུ་ཆུང་དམ་སྲི་འདྲེ་རུ་བཟུང་།
ཕ་རྒན་སྔགས་ནག་ཧོམ་ཁུང་ཁ་ནས་ལྡིང་།
དུས་མཐའི་སྔགས་པ་རྣམས་ལ་སྙིང་རེ་རྗེ།།
སྲོག་སྡོམ་གཟེར་བཞིའི་གོ་ཡུལ་ཙམ་ཡང་མེད།།
ཚེ་ཁྲུས་ལུང་གི་གནད་རྣམས་མ་རྟོགས་པ།།
བེར་ཐུར་ལྭ་བ་གྱོན་ནས་རྫིག་ཉམས་སྟོན།།
ང་འདྲའི་སྔགས་རྫུན་རྣམས་ལ་ཡིད་རེ་སྐྱོ།།
ཞེས་རང་ཉིད་ཀྱིས་རང་ལ་ཁྲེལ་འདེབས་རྩོམ་ཐུང་འདི་དང་དེ་རིང་གི་ཉིན་ཐོ་བཅས་མཉམ་དུ་གཏངས།།