༅༅།། སྡིག་པ་བཤགས་པའི་སྟོབས་བཞིའི་འགྲེལ་བཤད་མདོར་བསྡུས།
སྤྱིར་བྱ་བ་གང་ཡིན་ཀྱང་མ་ཤེས་པའི་དབང་གིས་ནོར་འཁྲུལ་ཡོང་སྲིད། ནོར་འཁྲུལ་ཚར་བའི་སྐབས་སུ་འགྱོད་བཤགས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ། སྡིག་པ་ནི་ཧ་གོ་བཞིན་དུ་བྱེད་མཁན་ཉུང་ཤས་ལས་མེད། སྡིག་ལྟུང་ཡོངས་རྫོགས་ལྟུང་བ་འབྱུང་བའི་སྒོ་བཞི་ལས་ཡོང་གི་ཡོད། དེ་གང་ཡིན་ཟེར་ན། མ་ཤེས་པ། མ་གུས་པ། བག་མེད་པ། ཉོན་མོངས་པ་མང་བ་བཅས་བཞི་པོ་ཡིན། སྤྱིར་སྡིག་པ་ལ་ཡོན་ཏན་མེད་ཀྱང་བཤགས་ནས་འདག་ཐུབ་པ་ནི་སྡིག་པའི་ཡོན་ཏན་ཡིན་ཅེས་གསུངས་པ་ལྟར་སྡིག་པ་བྱས་ཚར་མ་ཐག་འགྱོད་སེམས་དྲག་པོའི་གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་བཤགས་བྱེད་དགོས། གཉེན་པོ་སྟོབས་བཞི་ནི། རྟེན་གྱི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སུན་འབྱིན་པའི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས་བཅས་བཞིའོ།
༼དེ་ལ་དང་པོ་རྟེན་གྱི་སྟོབས་ནི།
བཤགས་པའི་ལྷ་མཆོག་རིགས་གཅིག་རྡོ་རྗེ་སེམས་དཔའ་འམ་དེ་ལས་གཞན་གང་རུང་བླ་མ་དང་ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མདུན་གྱི་ནམ་མཁར་བཤགས་ཡུལ་དཔང་པོའི་ཚུལ་དུ་དམིགས་རྟེན་དུ་སྒོམ་པ་ལ་ཟེར།
སྤྱོད་འཇུག་ལས།
དེ་བས་རྒྱལ་བ་འགྲོ་བའི་མགོན།།འགྲོ་བ་སྐྱོབས་པའི་དོན་བརྩོན་པ།།
སྟོབས་ཆེན་འཇིགས་པ་ཀུན་སེལ་བ།།དེ་རིང་ཉིད་ནས་སྐྱབས་སུ་མཆི།།
ཞེས་པ་ནས།
སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས།།ད་ནི་འཇིགས་པ་ཆེར་མཐོང་ནས།།
ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས།།འཇིགས་པ་མྱུར་དུ་བསལ་དུ་གསོལ།།
ཞེས་བཤགས་ཡུལ་གྱི་ལྷ་ཚོགས་རྣམས་སྐྱབས་གནས་སུ་འཚོལ་ནས་སྡིག་པ་ལ་མི་དགེ་བར་ངོས་འཛིན་ནས་དཔེར་ན་ཁ་ཟས་དུག་དང་ནོར་ནས་ཟོས་པའི་ནད་པ་ཉིད་མྱུར་དུ་ཛ་དྲག་གི་སྨན་པ་བསྟེན་པ་ལྟར་རང་གིས་བྱས་པའི་སྡིག་པ་ཉིད་འགྱོད་སེམས་དྲག་པོའི་སྒོ་ནས་བཤགས་དགོས།
༼གཉིས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི།
རང་ཉིད་ཚབ་ཆེན་ནད་ཀྱིས་མནར་བའི་ནད་པ་ལ་སྨན་པའི་ངག་བཞིན་ཉན་ནས་སྨན་བཟའ་དགོས་པ་ལྟར་དང་པོ་རང་ཉིད་སྐྱེ་བ་ཐོག་མེད་ནས་ད་བར་ནད་ཆེས་སྡུག་ཤོས་ཉོན་མོངས་དུག་གསུམ་གྱིས་མནར་བ་ལ་སྨན་མཆོག་ཏུ་གྱུར་པ་ཤེས་རབ་དང་ཡེ་ཤེས་བྱམས་དང་སྙིང་རྗེ་སྟོང་ཉིད་ཀྱི་ལྟ་བ་སོགས་ཉམས་ལེན་བྱེད་ནས་ཉོན་མོངས་ཀྱི་ནད་ངན་འདི་ལས་གྲོལ་བར་བྱེད་དགོས། དེ་ལ་གསང་སྔགས་ཀྱི་སྐབས་སུ་རང་གི་སྤྱི་གཙུག་ཏུ་སྡིག་སྦྱོང་གི་ལྷ་རྡོ་རྗེ་སེམས་དཔའ་ཉིད་སྒོམ་ནས་རྡོ་རྗེ་སེམས་པའི་སྐུ་ལས་བདུད་རྩི་དཀར་པོའི་རྒྱུན་བབས་རང་གི་སྤྱི་བོ་རུ་བབས། ལུས་ཀྱི་སྡིག་སྒྲིབ་དག རང་ལུས་རྡོ་རྗེ་སེམས་དཔའི་སྐུ་རུ་གྱུར། བདུད་རྩི་མགྲིན་པ་རུ་བབས། ངག་གི་སྡིག་སྒྲིབ་དག རང་གི་ངག་རྡོ་རྗེ་སེམས་དཔའི་གསུང་གི་རང་བཞིན་དུ་གྱུར། བདུད་རྩི་སྙིང་གར་བབས། སེམས་ཀྱི་སྡིག་སྒྲིབ་དག རང་གི་སེམས་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་རང་བཞིན་དུ་གྱུར། མཐར་རང་གི་མ་དག་པའི་ལུས་ངག་ཡིད་གསུམ་འདི་ཉིད་རྡོ་རྗེ་སེམས་དཔའི་སྐུ་གསུངས་ཐུགས་ཀྱི་རང་བཞིན་དུ་གྱུར་པར་བསམ་ནས་བསྒོམ་བྱས་ན་སྡིག་སྒྲིབ་དག་སྟོབས་ཆེ་ཞེས་རྒྱུད་ལས་གསུངས།
༼ གསུམ་པ་སུན་འབྱིན་པའི་སྟོབས་ནི།
དཔེར་ན་ཁ་ཟས་དུག་དང་ནོར་ནས་ཟོས་པ་དེ་དུག་ཡིན་པར་ཧ་གོ་བ་བཞིན་རང་གིས་ཚེ་འདིར་བསགས་པའི་སྡིག་པ་ལུས་ཀྱི་སྒོ་ནས། སྲོག་བཅད་པ་དང་། གཞན་ནོར་མ་བྱིན་པ་བླངས་པ་དང་། མི་ཚངས་སྤྱོད་པ་གསུམ་དང་། ངག་གི་སྒོ་ནས། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི། ཡིད་ཀྱི་སྒོ་ནས། བརྣབས་སེམས། གནོད་སེམས། ལོག་ལྟ་བཅས་མདོར་ན་ལུས་ངག་ཡིད་གསུམ་གྱིས་མི་དགེ་བ་གང་བྱས་པ་རྣམས་རང་བློ་ལྐོག་ཏུ་མ་གྱུར་བ་ཡིན་སྟབས་དེ་ལྟ་བུའི་སྡིག་པ་གང་བྱས་པ་རྣམས་སེམས་ཐོག་ཏུ་བླང་ཞིང་ཉེས་པ་ལ་ཉེས་པར་མཐོང་ནས་འགྱོད་སེམས་དྲག་པོའི་སྒོ་ནས་རང་གིས་སྡིག་པ་གང་བྱས་པ་རྣམས་ལ་རང་ངོས་ནས་ངོ་ཚ་བ་དང་། གཞན་ངོས་ནས་འཇིགས་ཤིང་སྐྲག་པ་དང་བཅས་པའི་སྒོ་ནས་བཤགས་དགོས་སོ།
༼བཞི་པ་ཉེས་པ་ལས་སླར་ལྡོག་པའི་སྟོབས།
དཔེར་ན་ཕྱིན་ཆད་དུག་ཟ་འདོད་གཏན་ནས་མེད་པ་ནང་བཞིན་རང་གིས་མ་ཤེས་པའི་དབང་གིས་བྱུང་བའི་སྡིག་པ་བཙན་དུག་ལྟ་བུ་དེ་འདྲ་བ་འཆི་བ་སྲོག་ལ་ཐུག་ཀྱང་མི་བྱེད་རེ་བསམ་པའི་སྔར་བྱས་ཀྱི་སྡིག་པ་ལ་བཤགས་པ་དང་ཕྱིན་ཆད་མི་བྱེད་པའི་དམ་བཅའ་དྲག་པོ་དགོས།
སྤྱོད་འཇུག་ལས།
འདི་ནི་བཟང་པོ་མ་ལགས་པས།། སླན་ཆད་བདག་ནི་ཡོང་མི་བགྱིད།།
ཅེས་གསུངས་པ་ལྟར་སྡིག་པ་ཉིད་སྐྱོན་ཅན་དུ་ངོས་ཟིན་པའི་ཐོག་ནས་སྔར་བྱས་ཀྱི་སྡིག་པ་ལ་བཤགས་པ་དང་ཕྱིན་ཆད་མི་བྱེད་པའི་དམ་བཅའ་ལ་འབད་དགོས། སྡིག་པ་ནི་མ་ཤེས་པ་དང་བག་མེད་པའི་དབང་གིས་བྱུང་བ་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་དྲན་ཤེས་བག་ཡོད་བྱས་ན་རང་རྒྱུད་ལ་སྡིག་པས་གོས་མི་ཐུབ།
ཇི་སྐད་དུ།
བག་ཡོད་དགེ་བས་བདེ་སྐྱིད་ལྡན།།བག་མེད་མི་དགེས་སྡུག་བསྔལ་འབྱུང་།།
གང་ཞིག་བདེ་སྐྱིད་ལྡན་འདོད་རྣམས།།ཀུན་ཏུ་བག་དང་ལྡན་པར་མཛོད།།
ཅེས་གསུངས་པ་ལྟར་དུས་ཀུན་དྲན་ཤེས་བག་ཡོད་དང་ལྡན་པར་བྱས་ན་སྡིག་ལྟུང་འབྱུང་བའི་སྒོ་རྒྱབ་ཚར་བ་ཡིན་པས་བག་ཡོད་དགེ་བའི་ལས་བརྩོན་པར་བྱའོ།
སླར་སྨྲས་པ།
སྟོབས་བཞིའི་ཉི་མའི་འོད་ཟེར་གྱིས།། སྡིག་ལྟུང་མུན་པ་བསལ་བྱས་ཤིང་།།
ཤེས་རབ་བདེ་སྐྱིད་སྣང་བ་ཡི།། འགྲོ་རྣམས་སྐད་ཅིག་མི་འབྲལ་ཤོག།།
གུས་མཁན་མིང་ཙམ་འཛིན་ཅིང་སྙོམས་ལས་པ་ཀར་བསྟན་ནས་ཕྱི་རྒྱལ་བའི་སློབ་མ་གསར་བུ་བ་རྣམས་ཀྱི་ཆེད་དུ་སྟོབས་བཞིའི་འགྲེལ་བཤད་མདོར་བསྡུས་གོ་སླའི་ཚུལ་དུ་༢༠༡༦སྤྱི་ཟླ་༡༡སྤྱི་ཚེས་༦ཉིན་མོ་རང་ཤག་འཇམ་དབྱངས་ཆོས་གླིང་ནས་སྦྱར་བས་དགེ་ལེགས་འཕེལ།། །།
Translate
Friday, January 2, 2026
༅༅།། སྡིག་པ་བཤགས་པའི་སྟོབས་བཞིའི་འགྲེལ་བཤད་མདོར་བསྡུས།
Subscribe to:
Post Comments (Atom)

No comments:
Post a Comment