Translate

Tuesday, January 13, 2026

༅༅།། ནང་པའི་དགེ་འདུན་པ་འགའ་ཡིས་འཛམ་གླིང་ཞི་བདེའི་གོམས་འགྲོས་ལ་བལྟས་པའི་ཚོར་སྣང་།


དེང་སང་དུས་རབས་ཉེར་གཅིག་པའི་སྐབས་སུ་ཚན་རིག་དང་འཕྲུལ་ཆས་ཀྱིས་འཛམ་བུ་གླིང་གི་ཁ་ཕྱོགས་དེ་འཇིགས་སུ་རུང་བ་ཞིག་ཏུ་འགྲོ་བཞིན་པའི་སྐབས་སུ་ད་དུང་རྒྱལ་ཁབ་ཀྱི་སྲིད་འཛིན་དང་། དམར་ཤོག་དང་དབང་ཆ་སྒེར་བདག་པ་སོགས་ཀྱིས་མུ་མཐུད་དུ་བཙན་གྱིས་དབང་བསྒྱུར་བྱེད་བཞིན་ཅིང་མི་རྣམས་ཀྱིས་དེ་ལ་མི་འདོད་པའི་རྣམ་འགྱུར་གྱིས་འཛམ་གླིང་གང་སར་མི་མང་གྱེན་ལངས་གྱིས་ངོ་རྒོལ་བྱེད་བཞིན་པ་དང་། ལྷག་པར་དུ་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་སྲིད་འཛིན་རྣམས་ཀྱིས་སྟོབས་དང་དབང་ཤུགས་སོགས་ངོམ་ནས་རང་སྣང་གང་ཤར་དུ་གཉོམ་ཆུང་རྒྱལ་ཁབ་ཆུང་བ་རྣམས་ལ་བརྙས་བཅོས་དང་བཙན་འཛུལ་དབང་བསྒྱུར་བྱེད་ནས་འཛམ་གླིང་གང་སར་རྡུལ་ཕྲན་མཚོན་ཆ་དང་། དམག་གི་སྟོབས་ཤུགས་སོགས་ངོམ་རེས་བྱེད་ནས་ཉམ་ཆུང་གི་མི་མང་པོ་ཞིག་ལ་སྡུག་བསྔལ་གཅིག་གི་ཐོག་ཏུ་སྡུག་བསྔལ་ཉིས་རྩེགས་ཀྱི་སྣོན་མར་གྱུར་ནས་ཅི་བྱ་ལྟོས་བྲལ་འཇིགས་སྔངས་ཅན་གྱི་དུས་འདིར། 

 

མཐོང་ན་མི་མཐུན་པ་མེད་ཅིང་། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བའི་ནང་པའི་དགེ་འདུན་པ་འགའ་ཡིས་འཛམ་གླིང་ཞི་བདེའི་ཆེད་དུ་སྐུ་ལ་ཆོས་གོས་དམར་སེར། ཕྱག་ཏུ་ལྷུང་བཟེད། ཞབས་རྐང་ཐང་དུ་ཨ་རིའི་མངའ་སྡེ་ཊིག་སེ་སི་ནས་ཝ་ཤིང་ཊོན་བར་གོམས་འགྲོས་བྱེད་ནས་ཕེབས་བཞིན་པ་སྤྱི་ཚོགས་དྲྭ་ཚིག་མང་པོའི་ཐོག་ཏུ་མཐོང་བའི་རྐྱེན་གྱིས་སེམས་ཁུངས་སུ་དགའ་སྤྲོ་ཆེན་པོ་ཞིག་བྱུང་། 

ལར་ནི་ང་ཚོ་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་གཅིག་གྱུར་ཡིན་པའི་འགྲོ་བ་མི་ཡི་སྤྱི་ཚོགས་ཆེན་པོ་ཞིག་ཡིན་པ་དང་ལྷག་པར་དུ་ང་ཚོའི་གནས་ཡུལ་ས་གོ་ལ་གཅིག་པ་ཡིན་པའི་སྟབས་ཀྱིས་ང་ཚོ་མི་འདོད་ཀྱང་ལས་ཀྱི་དབང་གིས་མཉམ་དུ་འཛོམས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཀྱང་ཡིན། ཁྱིམ་ཚང་དེ་ཉིད་ཀྱི་བདེ་སྡུག་གི་འགན་འཁྲི་ཆོས་ལུགས་དང་། རྒྱལ་ཁབ། ཕོ་མོ། རིགས་རུས། སྐྱ་སེར་སུ་ཡིན་མིན་ལ་མ་ལྟོས་པར་ང་ཚོ་འགྲོ་བ་མི་ཚང་མ་ལ་འགན་འཁྲི་ཡོད། ད་རེས་ནང་པའི་དགེ་འདུན་པ་འགའ་ཤས་ནས་མ་སྐུལ་དངས་བླངས་ཀྱིས་རང་གི་ཆོས་ལུགས་བྱེ་བྲག་པ་ཞིག་དང་། དེ་བཞིན་དུ་ཆོས་ཚོགས་ཆུང་ཆུང་ཞིག་གི་ཁྱབ་ཁོངས་ལས་བརྒལ་ནས་འཛམ་གླིང་ཞི་བདེའི་ཆེད་དུ་དཀའ་ཚེགས་དང་ངལ་དུབ་ཆེ་མིན་ལ་མ་ལྟོས་པར་གོམས་འགྲོས་སུ་ཕེབས་གནང་བ་དེ་ནི་དུས་ལ་བབས་པའི་བྱ་བ་ཧ་ཅང་བཟང་པོ་ཞིག་རེད།

 

 ལར་ནི་ནང་པའི་ཆོས་ལུགས་སུ་དགེ་འདུན་པ་རྣམས་ད་རེས་བང་བསྒྲིགས་ནས་ཞབས་རྗེན་དུ་གོམས་འགྲོས་སུ་ཕེབས་པ་འདི་ནི་སྔར་མེད་པ་ཞིག་གཏན་ནས་མིན། འདས་པའི་ལོ་ཉིས་སྟོང་ལྔ་བརྒྱའི་ཡར་ལྷག་སྔོན་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱང་འཁོར་ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱིས་སྐོར་ནས་ཕྱག་ལ་ལྷུང་བཟེད་དང་། སྐུ་ལ་ཆོས་གོས། ཐུགས་ལ་བྱམས་དང་སྙིང་རྗེ་བཅངས་ནས་རྒྱ་གར་གྱི་གྲོང་ཆེར་གཅིག་ནས་གཅིག་ཏུ་ཞབས་ཐང་དུ་བསོད་སྙོམས་སུ་ཕེབས་པའི་ལུགས་སྲོལ་ཡོད། སྐབས་དེ་ཡི་ཚེ་དེ་ཡི་དུས་སུ་སངས་རྒྱས་བཅོམ་ལྡན་འདས་དང་འཁོར་ཉན་ཐོས་དགྲ་བཅོམ་པ་རྣམས་ལ་ཚ་བ་དང་། ཆར་རླུང་གྲང་ངར། སྐབས་རེ་ཉན་ཐོས་རྣམས་ལ་སྦྲུལ་གྱིས་རྨུགས་པ་དང་། དུག་སྦྲང་གིས་སོ་བརྒྱབ་པ། ཞབས་སུ་ཚེར་མ་ཟུག་པ་སོགས་དཀའ་སྡུག་མང་པོར་གདོང་ལེན་གནང་ནས་ཕེབས་ཤིང་སྐབས་རེ་ཉན་ཐོས་པ་དང་ལྷག་པར་དུ་དེར་འདུས་པའི་མི་མང་རྣམས་ལ་སངས་རྒྱས་ཀྱིས་འཕགས་ལམ་ཡན་ལག་བརྒྱད་ཀྱི་གསུང་ཆོས་ཀྱང་གནང་གི་ཡོད། 

འཕགས་ལམ་ཡན་ལག་བརྒྱད་ནི། 

༡ ཡང་དག་པའི་ལྟ་བ། ༢ ཡང་དག་པའི་རྟོག་པ། ༣ ཡང་དག་པའི་ངག། ༤ ཡང་དག་པའི་ལས་ཀྱི་མཐའ། ༥ ཡང་དག་པའི་འཚོ་བ། ༦ ཡང་དག་པའི་རྩོལ་བ། ༧ ཡང་དག་པའི་དྲན་པ། ༨ ཡང་དག་པའི་ཏིང་ངེ་འཛིན་བཅས་ཡིན་ནོ། 

དེ་བཞིན་དུ་ད་ལྟའི་དགེ་འདུན་པ་འདི་རྣམས་ཀྱི་ཁྲོད་ནས་ཀྱང་སྟབས་མ་ལེགས་པ་ཞིག་ལ་དགེ་འདུན་པ་ཞིག་དང་རླངས་འཁོར་གྱིས་གདོང་ཐུག་བྱུང་ནས་རྐང་པ་བཅད་དགོས་བྱུང་བ་དང་། ལྷག་པར་དུ་ད་རེས་དགུན་དུས་ཀྱི་གནམ་གཤིས་གྲང་ངར་ཆེ་བའི་དུས་ཚོད་འདིར་ཆར་རླུང་དང་གྲང་ངར་། མ་ཟད་ལམ་བར་དུ་རླངས་འཁོར་གྱི་འགྲུལ་བསྐྱོད་འཚང་ཁ་སོགས་ཇི་ལྟར་ཆེ་ཡང་ཨ་རིའི་མངའ་སྡེ་གཅིག་ནས་གཅིག་ཏུ་བརྒྱུད་ནས་ལམ་བར་དུ་དམར་སེར་ན་བཟའ་ལྷབ་ལྷུབ་རླུང་གིས་གཡོ་བཞིན་ཞབས་རྗེན་དུ་ཞལ་རས་མ་བཅོས་པའི་འཛུམ་མདངས་དང་བཅས་ཁ་བའི་ཁྲོད་ནས་འཛམ་གླིང་ཞི་བདེའི་ཆེད་དུ་ཕེབས་བཞིན་པ་མཐོང་རྒྱུ་ཡོད་པ་འདི་དངོས་གནས་ཡ་མཚན་ཆེན་པོ་ཞིག་རེད། དགེ་འདུན་པ་རྣམས་ཀྱང་མངའ་སྡེ་དང་ས་ཚུགས་མ་འདྲ་བ་རེ་རེར་འབྱོར་བའི་སྐབས་སུ་ཆོས་ལུགས་དང་རིགས་རུས། ཕོ་མོ། ཤ་མདོག་དཀར་ནག་སོགས་ཀྱི་དབྱེ་བ་མེད་པར་མང་ཚོགས་སྟོང་ཕྲག་མང་པོའི་ལག་ཏུ་མེ་ཏོག་དང་ཞི་བདེའི་མཚོན་རྟགས་སོགས་བཟུང་ནས་ཕེབས་བསུ་གནང་བ་འདི་ལ་བལྟས་ན་འགྲོ་བ་མི་ཡོངས་སུ་རྫོགས་པ་ལ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་སུ་བསྟན་ཡོད། དགེ་འདུན་པ་འདི་རྣམས་ཀྱིས་ཀྱང་ལམ་བར་དུ་ཕེབས་བསུ་དང་སྣེ་ལེན་བྱེད་མཁན་རྣམས་ལ་སངས་རྒྱས་ཀྱིས་ཇི་ལྟར་ཆོས་གསུངས་པ་ནང་བཞིན། 

“ང་ཚོ་གནས་ས་འཛམ་བུ་གླིང་འདི་ཁྱིམ་ཚང་གཅིག་ཡིན་པ་དང་། ང་ཚོ་ཚང་མ་མཐུན་སྒྲིལ་བྱེད་དགོས་པ། ཡ་རབས་དྲང་བདེན་གྱི་ལམ་དུ་མདུན་བསྐྱོད་བྱེད་པ་ལས་མ་རབས་ལམ་དུ་འགྲོ་མི་ཉན་པ། བདེ་སྐྱིད་ངོ་མ་ནི་རང་གི་སེམས་འདུལ་བའི་ལམ་ནས་ཡོང་དགོས་པ་ལས་ཕྱི་དངོས་པོའི་རྒྱུ་ནོར་དང་སྟོབས་ཤུགས་ཆེ་ཆུང་སོགས་ལས་མ་ཡིན་པར། དུས་རྒྱུན་དུ་སེམས་ལ་བྱམས་པ་དང་། ཆོག་ཤེས། གཞན་ཕན་གྱི་སྙིང་རྗེ་སོགས་ཡོད་དགོས།”

ཞེས་དབྱིན་སྐད་ཐོག་ནས་གོ་བདེ་ལ་ཉན་སྤྲོ་བའི་བཀའ་སློབ་འདི་རྣམས་ཉན་དུས་སྔར་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་རྣམས་རང་དབང་མེད་པར་སེམས་ཀྱི་ཁོངས་ནས་དྲན་བཅུག་སོང་། 


དེང་སང་འཛམ་བུ་གླིང་ལ་ཕྱིའི་འབྱུང་བཞིའི་འཇིགས་པའི་དཀའ་ངལ་དང་། ནང་དུ་འདས་པའི་མི་ལོ་བཞི་ལྔའི་ནང་དུ་འཛམ་གླིང་སྤྱི་ལ་ཏོག་དབྱིབས་ནད་ངན་གྱིས་དཀའ་ངལ། དེ་དང་མ་ཟད་དེང་སང་གི་དུས་འདིར་སྟོབས་ཆེན་རྒྱལ་ཁབ་རྣམས་ཕན་ཚུན་དམག་དང་རྡུལ་ཕྲན་མཚོན་ཆ་སོགས་ངོམས་རེས་བྱེད་ནས་མི་ངན་དབང་འཛིན་པ་རེ་ཟུང་གིས་མཛུལ་མོ་འགུལ་ཐེངས་གཅིག་གིས་འཛམ་གླིང་ཐལ་བ་སྦར་མོ་
གང་དུ་བསྒྱུར་བ་ལ་སྐར་ཆ་འགའ་ཤས་ལས་མི་འགོར་བ། དོ་ནུབ་མལ་སར་ཉལ་དུས་སང་ཉིན་ཅི་ཡོང་བཤད་ཚོད་ཐེག་དཀའ་བའི་མི་རྣམས་ཉིན་མཚན་མེད་པར་སེམས་ལ་འཇིགས་སྐྲག་དང་སྡུག་བསྔལ་གྱིས་མནར་ནས་ཡོད་པའི་ཆེས་འཇིགས་སུ་རུང་བ་ཉེན་ཁ་ཆེ་བའི་འི་དུས་ཚོད་འདིར། ད་རེས་དགེ་འདུན་པ་ཁྱེད་རྣམས་ཀྱིས་ལག་ཏུ་མེ་མདའ་མེད་པར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞི་བའི་མཚོན་རྟགས་ལྷུང་བཟེད་དང་། ཞི་བདེའི་དར་ཆ། ལུས་ལ་གོ་ཁྲབ་སོགས་གང་ཡང་མེད་པར་ཆོས་གོས་དམར་སེར་གྱི་རས་རྐྱང་ན་བཟའ་རེ་མནབས་ནས། ངག་ཏུ་ཞི་བདེའི་སྨོན་ཚིག་འདོན་བཞིན་ཕེབས་པ་འདི་ནི། དུས་ཚོད་མ་ནོར་བ། རྒྱལ་ཁབ་མ་ནོར་བ། ཕེབས་མཁན་མ་ནོར་བ། མ་ནོར་བ་གསུམ་གྱི་བདམས་ནས་ཁྱེད་རྣམ་པ་ཞི་བདེའི་གོམས་འགྲོས་སུ་ཕེབས་པ་དེར་ངས་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཐོག་ཁྱེད་རྣམ་པའི་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་ལམ་ཞུ། ། 

ལྷག་པར་དུ་ང་ནི་ཆེས་དགའ་ཤོས་དེ་དུད་འགྲོ་རྣམས་ཡིན་སྟབས་ད་རེས་ཁྱེད་རྣམ་པའི་མཉམ་དུ་ཞི་བའི་གོམས་འགྲོས་ལ་ཕེབས་མཁན་ཆེས་ཡིད་དུ་འོང་བའི་ཁྱི་Aloka སྐེ་ལ་ཞི་བདེའི་མཚོན་རྟགས་ཀྱིས་རྒྱན་ནས་གང་དུ་སོང་ཡང་མཉམ་དུ་ཕེབས་པ་དེས་ཞི་བདེ་ནི་མི་ཙམ་མ་ཡིན་པར་འགྲོ་བ་ཡོངས་ལ་ཡོད་དགོས་པའི་རང་བཞིན་གྱིས་མཚོན་རྟགས་ཤིག་ཀྱང་ལུས་ཡིན། 

 

ལར་ནི་འདས་པའི་ལོ་རྒྱུས་ཁྲོད་ཆོས་ལུགས་ཀྱི་མི་སྣ་མང་པོ་དང་ལྷག་པར་དུ་ནང་པར་མཚོན་ན་ཞི་བདེའི་དེད་དཔོན་ཆེན་པོ་༸ གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པས་གཙོས་ནང་པའི་དགེ་འདུན་པ་དང་དབུ་འཛིན་རྣམས་ཀྱིས་ཀྱང་འཛམ་གླིང་སྤྱི་ལ་ཕན་པའི་རླབས་ཆེན་གྱི་ཕྱག་ལས་མང་པོ་ཞིག་གནང་ཡོད། 

ལྷག་པར་དུ་སྤྱི་ལོ་1963 སྤྱི་ཟླ་6ཚེས་པ་11 ཉིན་མོར་ཝེར་ནམ་རྒྱལ་ཁབ་ནས་ནང་པའི་དགེ་འདུན་པ་Thich Quang Duc

དགུང་ལོ་66་ཅན་དེ་ཉིད་ཀྱིས་བདེན་ཚིག་དང་སྨོན་ལམ་དང་མཉམ་དུ་འཚེ་མེད་ཞི་བདེའི་ལམ་ནས་སྐུ་ལུས་མེ་མཆོད་དུ་ཕུལ་ནས་དེ་ཉིད་ཀྱིས་ཝེར་ནམ་དང་མ་ཟད་འཛམ་གླིང་སྤྱི་ལ་བཟང་ཕྱོགས་སུ་འགུལ་བསྐྱོད་ཆེན་པོ་ཞིག་བྱུང་ཡོད། དེ་དང་ཆབས་ཅིག་ད་རེས་ནང་པའི་དགེ་འདུན་པ་ཁྱེད་རྣམས་ཀྱིས་འཚེ་མེད་ཞི་བདེའི་ལམ་ནས་ཞི་བའི་གོམས་འགྲོས་འདི་ཉིད་ཀྱིས་འཛམ་གླིང་སྤྱི་ལ་འཚེ་མེད་ཞི་བདེའི་ལམ་དུ་བསྐྱོད་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ།། 

 


ཁྱེད་རྣམ་པའི་ད་རེས་ཀྱི་ཞི་བདེའི་ཐབས་ལམ་དེ་ཇི་འདྲའི་བཟང་པོ་རེད། ཁྱེད་རྣམ་པས་ད་རེས་ཨ་རིའི་ས་གནས་མ་འདྲ་བ་རེར་ཞི་བདེའི་རྐང་རྗེས་རེ་བཞག་པ་དེས་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེའི་རྐང་རྗེས་སུ་ཁྱབ་ཡོད་། ཁྱེད་རྣམ་པས་ད་རེས་ས་གནས་མ་འདྲ་བ་རེར་ཞི་བདེའི་སྨོན་ལམ་གྱི་འབོད་ཚིག་དེས་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མི་རྣམས་ཞི་བདེའི་རྨོངས་གཉིད་ལས་བསླངས་སོང་། ཁྱེད་རྣམ་པའི་ཕྱག་ཏུ་ལྷུང་བཟེད་དང་ཞབས་རྗེན་པར་ཉིན་གྲངས་མང་པོར་ལྷག་རླུང་ཁྲོད་ནས་ཞི་བདེའི་ཆེད་དུ་གོམས་འགྲོས་གནང་བ་དེ་ཅི་འདྲ་ཡ་མཚན་ཅན་ཞིག་རེད། ང་ཚོ་ཚང་མ་ཁྱེད་རྣམས་ཀྱི་རྗེས་སུ་འབྲངས། ང་ཚོ་ཚང་མ་ཞི་བདེའི་རྗེས་སུ་འབྲངས། ང་ཚོ་ལ་དམངས་གཙོ་དང་རང་དབང་ཞི་བདེ་དགོས་པ་ལས་ང་ཚོ་ལ་སྒེར་གཅོད་དང་དམག་འཁྲུག་དུས་ནམ་ཡང་མི་དགོས། འཛམ་གླིང་ཞི་བདེ་རྒྱལ་ལོ། ནང་པའི་དགེ་འདུན་པ་རྣམས་ཁྱེད་རྣམས་རྒྱལ་ལོ། 

 

སྨོན་པ། 

གློག་དང་ཚན་རིག་འཕྲུལ་ཆའི་དུས་རབས་འདིར།། སྐྱེ་འགྲོའི་བདེ་སྐྱིད་རླག་ལ་ཉེ་བའི་དུས།། 

ཞི་བདེའི་གོམས་འགྲོས་གནང་བའི་དགེ་འདུན་པ།། ང་ཚོ་གོམས་འགྲོས་ཁྱེད་རྣམས་མཉམ་དུ་བྱེད།། 

 

དམག་དང་སྟོབས་ཀྱི་འགྲན་རྩོད་ཆེ་བའི་དུས།། ཉམས་ཆུང་མི་རྣམས་སྐྱབས་མེད་གྱུར་པའི་སྐབས།། 

དུས་སུ་བབས་པའི་ཞི་བདེའི་གོམས་འགྲོས་འདི།། བསམ་ཞིང་ཁྱེད་རྣམས་དོན་གྱི་དཔའ་བོ་ལགས།། 

 

ཁྱེད་རྣམས་ཞི་བདེའི་གོམས་འགྲོས་ཆོད་སེམས་ཀྱི།། ལྷག་བསམ་རྣམ་པར་དག་པའི་བདེན་སྟོབས་ཀྱིས།། 

དམག་འཁྲུག་འབྱུང་བཞིའི་འཇིགས་པ་རབ་ཞི་ནས།། འགྲོ་རྣམས་རྟག་ཏུ་བདེ་སྐྱིད་ལྡན་པར་ཤོག། །

 

དེང་སང་སྤྱི་ཚོགས་དྲྭ་ལམ་ནང་དུ་མི་འདོད་ཀྱང་མཐོང་ཐོས་མང་ཤོས་ནི་དམག་འཁྲུག་དང་། ནད་ཡམས་འབྱུང་བཞིའི་འཇིགས་པ་སོགས་ཀྱིས་ཡོངས་སུ་གང་བའི་དུས་ཚོད་འདིར། ད་རེས་སྐབས་སུ་བབས་པ་ཆེས་མཛེས་ཤིང་ཡིད་དུ་འོང་བ་ནི་ནང་པའི་དགེ་འདུན་པ་རྣམས་ཀྱིས་མ་སྐུལ་དང་བླངས་ཐོག་དུས་སུ་བབས་པའི་ཆར་ཞེས་པའི་དཔེ་ལྟར་ཞི་བདེའི་གོམས་འགྲོས་གནང་བཞིན་པའི་བརྙན་དང་པར་སོགས་དྲྭ་ལམ་དུ་མཇལ་བའི་རྐྱེན་གྱིས་ང་ཡང་དེར་མཉམ་ཞུགས་བྱེད་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་སྨོན་འདུན་ཤུགས་དྲག་དང་དགེ་འདུན་པ་ཁོང་རྣམ་པའི་ཆོད་སེམས་དང་དཀའ་ཚེགས་བཟོད་སྲན་སོགས་ལ་རྗེས་སུ་ཡི་རངས་དང་བཅས་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ཉ་ཞི་བདེ་རྒྱ་མཚོའི་འགྲམ་རང་ཤག་འཇམ་དབྱངས་ཆོས་འཁོར་གླིང་ནས་བོད་གངས་ཅན་པའི་དགེ་འདུན་པ་མཁན་པོ་ཀར་བསྟན་ནས་ཆོས་ཕྱོགས་ཀྱི་མཛད་རིམ་ཁྲོད་ནས་ལས་བྲེལ་ཆེ་ཡང་གལ་ཆེན་དུ་བཟུང་ནས་2026/1/11/ ལ་བྲིས་ཏེ་ཕུལ།། 

 

 

 

 


No comments:

Post a Comment