ཨ་རིའི་པོར་ལེན་ཌི་ནུབ་བྱང་བོད་རིགས་ཚོགས་པས་གོ་སྒྲིག་འོག་འདི་ལོའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་མི་ལོ་ཧྲིལ་པོ་ཐེངས་མ་བཅོ་བརྒྱད་པ་དེ་གེགས་མེད་ལེགས་གྲུབ་བྱུང་།
སྤྱི་ལོ་༢༠༠༨་ལོར་༧སྤྱི་ནོར་སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུ་ལ་བྱང་ཨ་རིའི་བོད་རིགས་རྣམས་ཀྱིས་ཨ་རིའི་མངའ་སྡེ་ཝི་སི་ཀོན་སེན་ནས་བརྟན་བཞུགས་མཛད་སྒོ་སྐབས་སུ་ངོ་ཤེས་བྱུང་བའི་ཨ་རིའི་མངའ་སྡེ་པོར་ལེན་ཌི་ནས་ཡིན་པའི་ཚེ་བརྟན་དབང་ཕྱུག་ཉིན་གུང་ཇ་བར་གསེང་སྐབས་སུ་ངོ་ཤེས་བྱུང་། ཁོང་ནི་སྐབས་དེ་དུས་པོར་ལེན་ཌི་ནུབ་བྱང་བོད་རིགས་ཚོགས་པའི་ཆོས་ཕྱོགས་ཀྱི་འགན་འཛིན་ཡིན་སྐབས་ཁོང་གི་རྒྱུད་ནས་པོར་ལེན་ཌི་བོད་རིགས་རྣམས་དང་འབྲེལ་བ་བྱུང་། དུས་དེ་ནས་བཟུང་སྟེ་ད་བར་མི་ལོ་ཧྲིལ་པོ་བཅོ་བརྒྱད་རིང་པོར་ལེན་ཌི་བོད་རིགས་རྣམས་དང་ལྷན་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འཚོགས་རྒྱུ་བྱུང་། དུས་ཚོད་ནི་ཅི་འདྲའི་མགྱོགས་པོ་ཞིག་རེད་ཨང་། ང་ཨ་རིར་འབྱོར་ནས་མི་ལོ་བཅུ་དགུ་ཏག་ཏག་རེད་ཚར་འདུག གང་ལྟར་ཀྱང་འདས་པའི་མོ་ལོ་བཅོ་བརྒྱད་རིང་པོར་ལེན་ཌི་ལ་གནས་བཞུགས་དམ་གཙང་གི་ཆོས་གྲོགས་རྣམས་དང་ལྷན་ད་བར་བདེ་ཆེན་ཞིང་སྒྲུབ་མཉམ་འཚོགས་དང་མ་ཟད་ངོས་ཀྱི་གང་ཤེས་ཆེ་ས་ནས་སྤྱོད་འཇུག་ཆེན་མོ་དང་། ཀུན་བཟང་བླ་མའི་ཞལ་ལུང་། ཆུང་ས་ནས་ཁྲིད་ཡིག་དང་བསླབ་བྱ་སོགས་ཆོས་ཚན་ཧ་ཅང་མང་པོ་ཞིག་གི་ཆོས་ཁྲིད་ཀྱང་བཤད་རྒྱུ་བྱུང་། སྤྱི་ལོ་༢༠༠༤་ནས་བཟུང་སྟེ་བལ་ཡུལ་ལ་འཇམ་དབྱངས་ཆོས་འཁོར་གླིང་ཆོས་ཚོགས་སྒོ་ཕྱེས་ནས་བཟུང་སྟེ་བལ་ཡུལ་དང་ཧི་མ་ལ་ཡའི་ནང་པ་རྣམས་ལ་བདེ་ཆེན་ཞིང་སྒྲུབ་བཙུག་ནས་བཟུང་སྟེ་ད་བར་རྒྱལ་ཁབ་དྲུག་དང་། ས་གནས་ཁག་མི་འདྲ་བ་བཅུ་གཉིས་སུ་ཟབ་ཆོས་བླ་མེད་བདེ་ཆེན་ཞིང་སྒྲུབ་འདི་གསར་འཛུགས་བྱེད་ཐུབ་པ་བྱུང་བ་ནི་དངོས་གནས་ཧ་ཅང་སྐལ་པ་བཟང་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
ཉེ་བའི་ཆར་ཨ་རིའི་པར་ལེན་ཌི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་མ་བཅོ་བརྒྱད་པ་དེ་འཚོགས་ལ་སོང་བས་གནམ་ཐང་ནས་དམ་གཙང་གི་ཆོས་གྲོགས་མི་ཉུང་བ་ཞིག་ནས་ལག་ཁ་བཏགས་ཀྱིས་སྒུག་འདུག ཆོས་གྲོགས་རྣམས་དངོས་སུ་མཇལ་དུས་སེམས་ལ་དགའ་བ་བརྗོད་མི་ཤེས་པ་ཡོང་གི་འདུག དེ་ནས་གཉའ་ནང་བ་ཆོས་གྲོགས་ཤེས་རབ་སྐལ་ལྡན་ནང་དུ་སོང་ནས་དེ་ནུབ་ངལ་གསོ་བྱས་ནས་བསྡད། ཕྱི་ཉིན་ཞོགས་པ་ཆུ་ཚོད་དགུ་པའི་སྐབས་སུ་བོད་ཁང་ལ་སོང་བས་ཆོས་གྲོགས་མང་པོ་ཞིག་ནས་སྒུག་འདུག དེ་ནས་མི་མང་རྣམས་མཉམ་རུབ་ཀྱིས་མཆོད་གཤམས་དང་གཏོར་མ་བཅའ་བ་སོགས་བྱས་པས་དུས་ཚོད་ཐུང་ངུའི་ནང་ལས་ཀ་རྣམས་ཚང་མ་གེགས་མེད་ལེགས་འགྲུབ་བྱུང་། ཉིན་གུང་ཟ་མ་སྔ་ནས་དུས་ཆད་བྱས་པ་ལྟར་ཨ་ཅ་ངག་དབང་ནང་དུ་སོང་ནས་ཞིམ་པོའི་བོད་ཟས་ལ་ར་མ་ཚྭ་ཆུ་དང་འཕྲད་པ་ལྟར་བྱས་ནས་འགྲང་ཚད་ཟོས། ཕྱི་ཉིན་ནས་བཟུང་སྟེ་ཉིན་གྲངས་དྲུག་གི་རིང་ལ་ཉིན་ལྟར་ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་འཚོགས་ཁང་དུ་འཛོམས་ནས་བསྙེན་གནས་ཡན་ལག་བརྒྱད་པའི་གསོ་སྦྱོང་གི་སྡོམ་པ་ཞུ་ཞིང་། བདེ་ཆེན་ཞིང་སྒྲུབ་པདྨ་དྲྭ་བའི་ཁོག་ནས་བདེ་ཆེན་ཞིང་སྒྲུབ་ཆེན་མོའི་མཚམས་ལ་བསྡད། ཞིང་སྒྲུབ་ཀྱི་སྐབས་སུ་དམར་ཟས་མི་མཆོད་པ་མ་ཟད་དུས་མ་ཡིན་པའི་ཟས་དགུང་མོའི་ཞལ་ལག་ནི་རྒན་གོག་དང་ནད་པ་ཡིན་ན་མ་གཏོགས་གནང་བ་མེད་པས་ཚང་མས་དུས་ཁྲིམས་རྣམས་དགའ་བཞིན་དུ་སྲུང་བར་མཛད། འདི་ལོའི་ཞིང་སྒྲུབ་སྐབས་སུ་དམིགས་བསལ་གྱི་ཆོས་བཤད་གང་ཡང་མེད་ཀྱང་ཞིང་སྒྲུབ་ཀྱི་ཁོངས་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་དང་། གསང་སྔགས་ཀྱི་ཡོངས་དག་རྣམ་པ་བཞི་སོགས་སྒོམ་ཁྲིད་དང་སྦྲགས་ནས་འགྲེལ་བཤད་གང་དྲག་བྱས།
བདུན་གཉིས་ཀྱི་བར་མཚམས་ཉིན་འགའ་ཡི་རིང་ང་ནི་ཆོས་གྲོགས་སློབ་མ་རྣམས་ཀྱི་རེ་འདོད་ལྟར་མི་ཚང་མ་འདྲ་བ་རེར་འགྲོ་ནས་བྲོ་བཅུད་ལྡན་པའི་བོད་ཟས་ལ་མཉམ་རོལ་ངང་ཕན་ཐུན་ཁ་བརྡ་བྱེད་ཅིང་དུས་ཚོད་གཏོང་ནས་འདུག་དུས་གཅིག་རྒྱུད་གཅིག་ལོན་དང་། ཕན་ཚུན་བརྩེ་སེམས་ཡིད་ཆེས་སོགས་སྔར་ལས་ལྷག་པར་ཡོང་གི་འདུག
ང་ནི་པོར་ལེན་ཌི་བདེ་ཆེན་ཞིང་སྒྲུབ་སྐབས་སུ་ཟ་སྐྱིད་ཆོས་གསུམ་ཟེར་བ་དེ་མཉམ་དུ་དངོས་སུ་ཡོང་གི་ཡོད་པས་ད་ལོ་ཡང་ཧ་ཅང་དགའ་བོ་བྱུང་།
ཨ་རིའི་པོར་ལེན་ཌི་བོད་རིགས་འདི་རྣམས་ལ་དེ་སྔ་ཕན་ཆོད་མི་དགོས་པའི་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་མེད་ཅིང་། དགོས་པའི་ཡ་རབས་བཟང་སྤྱོད། ཆོས་ལ་དད་འདུན་ཆེ་ཞིང་ལུགས་གཉིས་གང་གི་ཐད་ནས་ཡིན་ཀྱང་བཟང་སྤྱོད་མ་ཉམས་པའི་བོད་མི་མང་པོ་ཞིག་ས་གནས་འདིར་ཡོད་པ་གཞན་ཟེར་ལས་ཟློས་ཙམ་མ་ཡིན་པའི་འདས་པའི་མི་ལོ་བཅོ་བརྒྱད་ཁྲོད་ཕན་ཚུན་རྒྱུས་ལོན་བྱས་པའི་ཉམས་མྱོང་ཡིན་ནོ།།
ཉིན་ཐ་མའི་སྐབས་སུ་ཚོགས་འཁོར་དང་མར་མེ་སྨོན་ལམ་བྱས་ཤིང་ཐུགས་རྗེའི་ལེགས་འབུལ་གྱི་མཇལ་དར་མཛད་སྒོའི་སྐབས་སུ་དམ་གཙང་གི་ཆོས་གྲོགས་མང་པོ་ཞིག་ནས་བླ་མ་སློབ་མའི་གྱེས་བྲལ་མྱ་ངན་གྱིས་ངག་ནས་སྨོན་ལམ་ཤབ་ཤུབ་འདོན་བཞིན་མིག་ཆུ་ནར་ནར་གཏོང་གི་ཡོད་པ་མཐོང་དུས་ང་ཡང་སེམས་པ་སྐྱོ་ལྷང་ལྷང་འདྲ་ཡོང་གི་འདུག། ཉིན་ཐ་མ་ཆོས་གྲོགས་ཚེ་རིང་ཆོས་འཕེལ་དང་། ཨ་ཅ་ཚེ་རིང་སྒྲོལ་མ་གཉིས་ནང་དུ་བསྡད་ནས་ཕྱི་ཉིན་ཞོགས་པ་སྔ་བོར་པོར་ལེན་ཌི་གནམ་ཐང་དུ་སྐྱེལ་མ་གནང་ནས་ཁ་ལི་ཧྥོ་ཉའི་གནམ་ཐང་རྒྱུད་ནས་མོན་ཊུ་རེའི་གནམ་ཐང་དུ་ཉིན་རྒྱབ་ཆུ་ཚོད་དང་པོའི་སྐབས་སུ་བདེ་བར་འབྱོར།
གནམ་ཐང་ནས་ཆོས་ཚོགས་ཀྱི་ཚོགས་གཙོ་Rachel ནས་ལག་ཏུ་ཁ་བཏགས་བཟུང་ནས་སྒུག་འདུག་པས་ངེད་གཉིས་ཤར་རྒྱག་རང་གནས་འཇམ་དབྱངས་ཆོས་འཁོར་གླིང་ལ་བདེ་འབྱོར་བྱུང་། ཆོས་ཚོགས་ཀྱི་སྒོ་འགྲམ་ནས་སློབ་མ་འགའ་ཡིས་ཁ་བཏགས་བཟུང་ནས་སྒུག་འདུག་པས་ཕན་ཚུན་ཁམས་འདྲི་དང་ལག་འཇུ། ཐོད་གཏུག་སོགས་ཅི་རིགས་བྱས་ནས་ཉིན་རྒྱབ་མགྲོན་པོ་རང་ཁྱིམ་དུ་འབྱོར་བའི་དཔེ་ལྟར་རང་ཁྱིམ་དྲོད་མོའི་ནང་དུ་ངལ་གསོ་བྱས་ནས་ལྷོད་ལྷོད་ངང་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་།

No comments:
Post a Comment