Translate

Monday, August 3, 2026

གནས་སྐོར་བ་རྣམས་ལ་ཆེད་དུ་བྲིས་པའི་དྲན་སྐུལ།


འདི་ལོར་སྤྱི་ཟླ་བཅུ་པའི་ནང་ནུབ་ཕྱོགས་པའི་ང་ཡི་ཆོས་གྲོགས་རྣམས་དང་ལྷན་རྒྱ་གར་འཕགས་པའི་ཡུལ་ལ་གནས་སྐོར་དང་ཞོར་དུ་འཛམ་གླིང་བདེའི་དེད་དཔོན་ཆེན་པོ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ཀྱང་མཇལ་ཁ་ལ་འགྲོ་འཆར་ཡོད་པས་དང་པོ་ང་ཡི་ཆོས་གྲོགས་དང་སློབ་མ་རྣམས་ལ་གནས་སྐོར་ལ་འགྲོ་དགོས་པའི་རྒྱུ་མཚན་དང་ཕན་ཡོན་སོགས་མདོར་བསྡུས་ཙམ་ས་བཅད་རྣམ་པ་ལྔ་ཡི་སྒོ་ནས་འགྲེལ་བཤད་བྱེད་ཀྱི་ཡིན། 

 

༼དང་པོ་བོད་ཡིག་ལ་གནས་སྐོར་ཞེས་པའི་ཚིག་འདི་གཉིས་ཀྱི་གོ་དོན་བཤད་པ། 


‘གནས་ནི།’ 

སྐལ་པ་མང་པོ་དང་ལོ་གྲངས་མང་པོའི་གོང་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། གྲུབ་ཐོབ་དང་རྩ་ཆེའི་བླ་མ་རྣམས་ཀྱིས་སྒྲུབ་པ་དང་ཉམས་ལེན་གནང་སའི་ཡུལ་དང་ས་ཆ་ཁྱད་པར་ཅན་ཞིག་ལ་གོ་དགོས་སོ། 


‘སྐོར་ནི།’ 

དེ་ལྟ་བུའི་རྩ་ཆེའི་གནས་དེ་ཉིད་ལ་རང་ཉིད་དངོས་སུ་འགྲོ་ནས་གནས་ནང་དུ་སྒྲུབ་པ་དང་། ཉམས་ལེན། ཕྱག་མཆོད་དང་། སྐོར་བ་སོགས་ཚོགས་བསག་སྒྲིབ་སྦྱོང་བྱེད་པ་ལ་གོ་དགོས།

ད་ལྟ་ང་ཚོ་འགྲོ་ཡུལ་གྱི་གནས་འདི་རྣམས་ནི། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་པའི་གནས། རྡོ་རྗེ་གདན། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་སྐོར་བའི་གནས། ཝཱ་རཱ་ཎ་སི། སྐུ་འཁྲུངས་སའི་གནས། ལུམ་བིའི་ཚལ།  མྱ་ངན་ལས་འདས་པའི་གནས། རྩ་མཆོག་གྲོང་བཅས་ཡོངས་གྲགས་ཀྱི་གནས་ཆེན་བཞི་པོ་དེ་རེད། འགྲེལ་བཤད་རྒྱས་པ་ང་ཚོ་གནས་ནང་དུ་འབྱོར་བའི་སྐབས་སུ་ཡོང་གི་རེད་བསམ། 

 

༼གཉིས་པ་ཀུན་སློང་ནི། 

ནང་ཆོས་ཀྱི་ཐོག་ནས་ལུས་ངག་ཡིད་གསུམ་གྱི་དགེ་བ་ཇི་ལྟར་བྱས་ཀྱང་དང་པོ་ཀུན་སློང་ཉིད་གཙོ་ཆེ་ཞིང་། རྒྱུ་ཀུན་སློང་བཟང་ངན་གྱི་དབང་གིས་ལུས་ངག་གི་དགེ་བ་ཡང་དེ་དང་མཐུན་པའི་སྒོ་ནས་འབྲས་བུ་འབྱུང་བའོ། གནས་སྐོར་ལ་མ་འགྲོ་བའི་གོང་ནས་རང་ཉིད་ད་རེས་གནས་སྐོར་འདི་ལྟ་བུ་ཞིག་ལ་འགྲོ་བ་དེ་ནམ་རྒྱུན་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་བ་ལྟ་བུ་མ་ཡིན་པར། གནས་དེ་ཉིད་ཀྱི་ལོ་རྒྱུས་དང་གནས་སྐོར་གྱི་ཕན་ཡོན་སོགས་ཧ་གོ་བའི་ཐོག་ནས་དད་པ་དང་མོས་གུས་ཀྱིས་རང་ཉིད་ད་རེས་གོ་སྐབས་བཟང་པོ་འདི་རྒྱུད་ནས་གནས་སྐོར་ལ་འགྲོ་རྒྱུ་བྱུང་བ་དེ་ཧ་ཅང་སྐལ་པ་བཟང་པོ་ཡིན་བསམ་ནས་སེམས་ལ་དགའ་སྤྲོ་དང་བཅས། ད་རེས་ཀྱི་གནས་སྐོར་འདི་རང་གཅིག་པུ་སྐྱིད་པོ་གཏོང་བྱེད་ཙམ་མ་ཡིན་པས་འགྲོ་བ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་བའི་ཆེད་དུ་ཡིན་བསམ་དགོས་སོ། དེ་ལྟར་བསམ་པ་བཟང་པོའམ་ཀུན་སློང་ཡང་དག་པས་རྩིས་ཟིན་པ་ཡིན་ན་ཁྱེད་རང་གི་དངོས་གཞི་གནས་སྐོར་དེ་ཉིད་ཀྱང་ཐེག་ཆེན་གྱི་རྩིས་ཟིན་པའི་གནས་སྐོར་གྱི་དགེ་བ་ཡང་དག་པར་འགྱུར་བས་ཅི་ནས་ཀྱང་ཀུན་སློང་བཟང་པོས་ཟིན་པའི་ཐབས་ཤེས་བྱེད་དགོས་སོ།། 


༼གསུམ་པ་གནས་ཇི་ལྟར་སྐོར་དགོས་པའི་ཚུལ། 

གོང་དུ་ཀུན་སློང་གཞན་ཕན་བསམ་པ་བཟང་པོས་རྩིས་ཟིན་པའི་ཐོག་ནས་དངོས་གཞི་གནས་སྐོར་དངོས་ལ་འཇུག་པའི་སྐབས་སུ། རང་ཉིད་ལ་དགོས་པའི་ཡོ་བྱད་མ་ཚང་བ་མེད་པ་གྲ་སྒྲིག་ལེགས་པར་བྱེད་ཅིང་ད་ལྟ་ང་ཚོའི་འགྲོ་ཡུལ་གནས་ནི་རྒྱ་གར་འཕགས་པའི་ཡུལ་ཡིན་ཀྱང་རྒྱ་གར་ལྟ་བུ་ལ་མཚོན་ན་ཁོར་ཡུག་དང་། ཁ་ཟས། གནམ་གཤིས་སོགས་གང་ཐད་ནས་ཀྱང་ཨ་རིའི་རྒྱལ་ཁབ་དང་གཏན་ནས་མི་འདྲ་བས་ཚང་མས་དེ་ལུགས་ཧ་གོ་བའི་ཐོག་ནས་ཟས་དང་སྤྱོད་ལམ་གང་ཐད་གཟབ་ནན་བྱེད་དགོས། ལྷག་པར་དུ་ནམ་རྒྱུན་སོ་སོའི་སྨན་དང་མཁོ་བའི་ཡོ་བྱད་རྣམས་ཁུར་རྒྱུ་མ་བརྗེད་པར་དམིགས་བསལ་གྲ་སྒྲིག་བྱེད་དགོས། དེ་ནས་གནས་སྐོར་དངོས་ལ་འཇུག་པའི་སྐབས་སུ་ནམ་རྒྱུན་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་བ་ལྟར་མ་ཡིན་པར་གནས་ནང་དུ་འདུག་ནས་གནས་དེ་ཉིད་ཀྱི་ལོ་རྒྱུས་ཡིད་ལ་དྲན་པའི་ཐོག་ཐོག་མའི་གནས་བྱིན་གྱིས་བརློབ་མཁན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། གྲུབ་ཐོབ་དང་བླ་མ་སོགས་གང་ཡིན་ཀྱང་དེ་ཉིད་ཀྱི་བསྟོད་པ་འདོན་ཅིང་སྒོམ་སྒྲུབ་ཉམས་ལེན་སོགས་ཅི་ཐུབ་བྱེད་དགོས། འགྲོ་བའི་སྐབས་སུ་སྣེ་ཤན་པའི་ལམ་སྟོན་ལྟར་མི་མང་དང་མཉམ་དུ་འགྲོ་བ་ལས་རང་ཉིད་གཅིག་པུ་རྗེས་སུ་ལྷག་པ་དང་། ཟུར་ཆད་བྱེད་ནས་འགྲོ་བ། སྔོན་ལ་འགྲོ་བ་སོགས་མི་བྱེད་ཅིང་དུས་རྒྱུན་དུ་མི་མང་དང་ལྷན་མཉམ་འགྲོ་མཉམ་འདུག་བྱེད་དགོས། 

 

༼བཞི་པ་གནས་སྐོར་གྱི་ཕན་ཡོན་ནི། 

ནམ་རྒྱུན་རང་ཉིད་ཆོས་ཉམས་ལེན་གནང་མཁན་ཡིན་ཚེ་རང་གི་ཁྱིམ་དུ་ལོ་གཅིག་ཉམས་ལེན་བྱས་པ་ལས་ཀྱང་གནས་ཁྱད་པར་དུ་འཕགས་པའི་ནང་ཉིན་གཅིག་ཉམས་ལེན་བྱས་པ་གཉིས་གནས་ནང་དུ་ཉིན་གཅིག་ཉམས་ལེན་བྱས་པ་ཕན་ཡོན་ཆེ་ཞེས་གསུངས་ཡོད། ལར་ནི་གནས་ཀྱིས་གང་ཟག་བྱིན་གྱིས་བརློབ་པ་དང་། གང་ཟག་གིས་གནས་བྱིན་གྱིས་བརློབ་པ་ཞེས་གཉིས་གསུངས་ཡོད། སྐབས་འདིར་གནས་ཀྱིས་གང་ཟག་ངེས་པར་དུ་བྱིན་གྱིས་བརློབ་པའི་གནས་ཁྱད་པར་དུ་འཕགས་པ་རྣམས་ཡིན་དུས་གོང་དུ་བཤད་པ་ལྟར་བྲེལ་ཟིང་མེད་པར་ལྷོད་ལྷོད་ཀྱིས་གནས་ནང་དུ་ཁ་འདོན་དང་སྒོམ་སྒྲུབ་ཉམས་ལེན་སོགས་ལ་འབད་དགོས་སོ། དེ་ལྟར་བྱས་ན་སྐལ་པ་བཟང་པོའི་རིགས་ཅན་འགའ་ཤས་ལ་གནས་ཀྱི་ནང་དུ་སེམས་ལ་འགྱུར་བ་ཁྱད་ཅན་ཕྱིན་ནས་ས་ལམ་གྱི་ཡོན་ཏན་མགྱོགས་པོ་གོང་དུ་འཕེལ་བའི་ལོ་རྒྱུས་ཧ་ཅང་མང་པོ་ཡོད་པས་དེ་རིང་འདིར་འགོད་དགོས་པར་མི་སྣང་ངོ་། 

 

༼ལྔ་པ་འཕྲོས་དོན་གྱིས་མཇུག་བསྡུ་བ་ནི། 

ད་རེས་ང་ཚོ་བླ་མ་དང་སློབ་མ། ཆོས་གྲོགས་དང་ལྟ་སྤྱོད་མཐུན་པའི་གྲོགས་ཕོ་མོ་རྣམས་དང་ལྷན་རྒྱ་གར་ལ་གནས་སྐོར་དུ་མཉམ་དུ་འགྲོ་བ་དང་། དེ་དང་ཆབས་ཅིག་ཏུ་ཆེས་དགའ་འོས་པ་ཞིག་ལ་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་གཙོ་འཛིན། འཛམ་གླིང་ཞི་བདེའི་དེད་དཔོན། སྐྱབས་མགོན་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་མཆོག་དགུང་ལོའི་བབས་དང་། དུས་ཚོད་ཀྱོག་མཚམས་སོགས་གང་ལ་བསམ་ཡང་ད་རེས་ཀྱི་མཇལ་ཁ་འདི་ནི་དུས་ཚོད་མ་ནོར་བ་ཞིག་ཡིན་པས་བླ་མའི་མཇལ་ཁ་དང་གནས་སྐོར་བཟང་པོ་འདི་ལྟ་བུ་གཉིས་ནི་མི་ཚེ་གཅིག་གི་ནང་དུ་ཐེངས་གཅིག་ཙམ་ཡིན་པས་དུས་ཚོད་གོ་སྐབས་མ་ཤོར་བའི་ཐོག་ཚང་མས་མཉམ་ཞུགས་གནང་ཞིང་འགྲུལ་བཞུད་སྐབས་སུ་གལ་སྲིད་མགྲོན་ཁང་དང་། ཟ་མ། གནས་གྲོགས་ཕོ་མོ། གནམ་གཤིས་སོགས་ཀྱིས་ནམ་རྒྱུན་རང་ཉིད་གཅིག་པུར་སོ་སོ་ངན་ལང་དུ་སོང་བའི་གོམས་བཤིས་ཀྱི་བསམ་བློ་ལ་ཅུང་མ་འགྲིག་པ་རེ་བྱུང་ན་ངེས་པར་བཟོད་སྒོམ་བྱེད་རྒྱུ་ལས་གཞན་ཐབས་ལམ་གང་ཡང་མེད། སྤྱིར་བཏང་ད་ལྟའི་འགྲུལ་བཞུད་འདི་གནམ་གཤིས་དང་། ཡུལ་སྐོར་སྣེ་ཤན་པའི་གྲ་སྒྲིག འགྲོ་ཡུལ་གནས་སོགས་གང་ཐད་ནས་ཚོད་དཔག་བྱས་ན་ཧ་ཅང་ཡག་པོ་ཡོང་བའི་རེ་བ་ཡོད། གང་ཡིན་ཞེ་ན། ད་རེས་ང་ཚོའི་གནས་སྐོར་འདིའི་གཙོ་འཛིན་དང་ལམ་སྟོན་པ་ཚང་མ་ང་ཡི་ཆོས་ཀྱི་གཅེན་པོ་བླ་མ་ཀོ་ཟེན་ལགས་དང་ཁོང་གི་སློབ་མ་བཅས་མཉམ་ཞུགས་གནང་མཛད་པ་དེས་ང་ཧ་ཅང་བློ་བདེ་བོ་འདུག །གང་ཡིན་ཞེ་ན། ཁོང་ནི་ནམ་རྒྱུན་སློབ་མ་རྣམས་དང་ལྷན་གནས་སྐོར་ལ་འགྲོ་བའི་ཉམས་མྱོང་ཡོད་པ་མ་ཟད། ནུབ་ཕྱོགས་པ་དང་ཤར་ཕྱོགས་པའི་ཆོས་དང་རིག་གཞུང་གཉིས་ཀ་ལ་རྒྱུས་མངའ་ཡོད་མཁན་ཡིན་པའི་སྟབས་ཀྱིས་རེད། ད་རེས་ང་ཚོའི་གནས་སྐོར་འདི་ནི་ནང་ཆོས་ཐེག་པ་ཆེན་པོ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཚོགས་ཀྱི་སློབ་མ་གཉིས་མཉམ་དུ་གནས་སྐོར་ལ་འགྲོ་རྒྱུ་བྱུང་བ་འདི། བོད་ཀྱི་གཏམ་དཔེར། སྟག་སེང་འཇིང་པ་མཉམ་བཤིབས། ཟེར་སྲོལ་ཡོད་པ་ལྟར་རེད། ཧ་ཅང་སྐལ་པ་བཟང་པོ་རེད། ངས་གོ་སྐབས་འདི་བརྒྱུད་ནས་ང་ཡི་སྙིང་ནས་བརྩེ་བའི་བླ་མ་ཀོ་ཟེན་ལགས་ལ་ཁྱེད་ད་རེས་གནས་སྐོར་འདིར་ང་ཚོ་དང་ལྷན་མཉམ་ཞུགས་གནང་བ་ལ་ངས་སྙིང་དབུས་ནས་བཀའ་དྲིན་བླ་མེད་དུ་ཆེ་ཆེ་ཞུ།།  

གནས་སྐོར་ལ་འགྲོ་མཁན་རྣམས་ཀྱིས་ཀྱང་སེམས་ལ་ངེས་དགོས་རྒྱུ་ཞིག་ལ། ནམ་རྒྱུན་རང་ཉིད་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་རྣམས་སུ་ལུང་པ་གར་སྐྱིད། མགྲོན་ཁང་སུ་རྫིག། ཟ་མ་སུ་ཞིམ། གནམ་གཤིས་གང་བཟང་སོགས་ལ་འགྲོ་བ་དང་ཅུང་ཟད་མི་འདྲ་བས་ད་རེས་དཀའ་ཚེགས་ངལ་དུབ་ཇི་ལྟར་བྱུང་ཡང་ཉིན་བཅུ་དགུའི་རིང་གནས་སྐོར་གྱི་ཆེད་དུ་ངེས་པར་བཟོད་སྲན་བྱེད་དགོས་བསམ་པའི་སྙིང་སྟོབས་ཀྱིས་གོ་ཆ་གྱོན་དགོས་སོ། ཚང་མས་དེ་ལུགས་གྲ་སྒྲིག་སྡུག་ས་ནས་བྱོས། རེ་བ་བཟང་ས་ལ་རྒྱོབ་ཟེར་བ་ལྟར་ཞུ། 

ད་རེས་ཀྱི་ང་ཚོའི་གནས་སྐོར་འདི་ལ་གེགས་དང་བར་ཆད་གང་ཡང་མེད་པར་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ། 

མཁན་པོ་ཀར་བསྟན་དེས་གནས་སྐོར་བ་རྣམས་ལ་དགོས་མཁོའི་ཆ་རྐྱེན་ཆེད་དུ་བྲིས་པའོ། །

སརྦ་མངྒ་ལམ། བཀྲ་ཤིས་བདེ་ལེགས། ། 







 

 


No comments:

Post a Comment