Translate

Sunday, November 23, 2025

༢༠༢༥་ལོ་མཇུག་མཚམས་ལ་བསྡད་པའི་ཚོར་སྣང་།


འདི་ལོ་སྟེ་སྤྱི་ལོ་༢༠༢༥ ལོར་ཟླ་བ་བཅུ་པའི་ཚེས་བཅུ་གཉིས་ནས་བཟུང་སྟེ་ཁ་སང་སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་བར་ཟླ་གཅིག་ལྷག་རིང་མཚམས་ལ་བསྡད་པའི་སྐབས་སུ་མྱོང་ཚོར།
ང་ལ་མཚོན་ན་ཆུང་ནས་བཟུང་སྟེ་བོད་གངས་ཅན་ལྗོངས་ནས་མདོ་སྔགས་ཀྱི་ཆོས་རྣམས་ལ་ཐོས་བསམ་སྐལ་བ་མ་ཆད་ཙམ་བགྱིད་ནས་ལྷག་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་ཆོས་རྣམས་ཆུང་ནས་དམ་པའི་སྐྱེས་བུ་མང་པོའི་མདུན་ནས་དབང་ཁྲིད་ཀྱི་གདམས་པ་རྣམས་ཐོབ་ཅིང་། རང་ལོ་ཉེར་གཅིག་སྐབས་སུ་རང་དགོན་མཆོག་གླིང་གཏེར་གསར་སྒྲུབ་ཁང་ཐོག་མའི་ནང་དུ་དྲིན་ཅན་ཕ་འདས་པོ་དེ་དང་། བཀའ་དྲིན་འཁོར་མཐའ་མེད་པའི་དྲིན་ཅན་རྩ་བའི་བླ་མ་བླ་རྒན་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་སྐུ་དྲིན་ལ་བསྟེན་ནས་རྒྱན་གྲལ་དུ་མ་བཞག་ནས་གདམ་གསེས་བྱས་ནས་སྒྲུབ་གྲོགས་བླ་མ་དགུ་དང་མཉམ་དུ་ལོ་གསུམ་ཕྱོགས་གསུམ་འདུག་རྒྱུའི་གོ་སྐབས་བྱུང་། སྐབས་དེ་དུས་ནི་བསྐལ་བཟང་དུས་བཟང་གི་དུས་ཚོད་ཡིན་པས་མི་རྣམས་རང་བཞིན་གྱིས་ཆོས་ལ་དད་པ་དང་སྙིང་རུས་ཆེ་ཞིང་། བརྩོན་འགྲུས་དང་སྒྲུབ་ཚུགས་བཟང་བས་རང་ཤོང་ཁང་མིག་ཆུང་ངུ་རེའི་ནང་དུ་སྒོམ་ཁྲིའི་ནང་དུ་དཀྱིལ་དཀྲུང་བཅའ་ནས་ཚུག་གེར་འདུག་པ་ལས་ཉལ་གདན་ཐོག་ཏུ་མི་ལོ་གསུམ་རིང་ཧྲེང་ཉལ་གཏན་ནས་བྱེད་མ་མྱོང་། སྒྲུབ་གྲོགས་བརྩོན་འགྲུས་ཅན་འགའ་རེ་ནི་མཚན་མོ་སྒོམ་ཁྲིའི་ནང་ཆུ་ཚོད་གཉིས་རེ་མ་གཏོགས་གཉིད་མ་མྱོང་ཞེས་གསུངས་མཁན་ཡང་ཡོད་དར། གང་ལྟར་ཀྱང་དུས་དེ་ནས་བཟུང་སྟེ་བློ་ཆོས་སུ་འགྲོ་ཞིང་ཆོས་ལམ་དུ་འགྲོ་བའི་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེས་ཏེ། སླད་ཕྱིན་ཆད་གང་ཐོས་བསམ་དགེ་སྦྱོར་གྱི་ཆོས་རྣམས་ཤར་ནུབ་ཀྱི་རི་བོ་བཞིན་དུ་རང་རྒྱུད་དང་ཐ་དད་དུ་མ་སོང་བ་དེ་ནི་དང་པོ་ཆུང་དུས་ནས་བླ་མ་མཚན་ཉིད་ལྡན་དང་པར་འཕྲད་ནས་ལོ་གསུམ་ཕྱོགས་གསུམ་རིང་ཉིན་མཚན་དབྱེར་མེད་དུ་ཉམས་ལེན་བྱས་པའི་འབྲས་བུ་ཞིག་ཡིན་པ་གཞི་ནས་ཤེས་སོང་།
བོད་ཕྱི་ནང་གཉིས་སུ་ལོ་མང་རིང་ནང་ཆོས་ལ་སྦྱང་པ་བྱས་པའི་དགེ་བཤེས་དང་མཁན་པོའི་མཚན་གནས་ག་གེ་མོ་ཅན་མང་པོ་ཞིག་དང་དེང་སང་མཉམ་དུ་ཁ་བརྡ་བྱེད་ཡོང་བའི་སྐབས་སུ་ཧ་ལས་ཧོན་འཐོར་དགོས་པ་ཞིག་ལ་སྟོང་པ་ཉིད་ལ་གོ་མྱོང་རྟོགས་གསུམ་གྱི་ཉམས་ལེན་གྱི་སྐད་ཆ་བྱེད་རྒྱུ་ཕར་ཞོག་ཞིབ་ཏུ་སྐད་ཆ་བྱེད་ཡོང་དུས་ཚན་རིག་ཐར་ཐོར་གོ་མྱོང་བ་དེ་སྐྱར་བཟློས་བྱེད་ནས་ནང་བསྟན་ནས་བཤད་པའི་ལས་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་མེད་པར་སྒྲུབ་ཅི་ཐུབ་བྱེད་མཁན་འགའ་དང་འཕྲད་མྱོང་ཡོད་པས་དུས་དེ་ནས་བཟུང་སྟེ་རང་ཉིད་ཇི་འདྲའི་བསོད་ནམས་ཅན་གྱི་མི་ཞིག་ཡིན་པ་ལམ་ཞུགས་ས་མ་ནོར། མགོ་སྙེ་ས་མ་ནོར། སྐྱབས་བཅོལ་ས་མ་ནོར་བ་ཡིན་པ་གཞི་ནས་ཤེས་བྱུང་།
༡ ལམ་ཞུགས་ས་མ་ནོར་བ་ནི། སྤྱིར་ནང་པའི་ཆོས་དང་ལྷག་པར་གསང་སྔགས་རྡོ་རྗེ་ཐེག་པ་དེ་ལས་ཀྱང་བཀའ་རྙིང་ཟུང་འབྲེལ་གྱི་བརྒྱུད་པ་དཔེར་ན། རྟ་ཕོ་ལ་སྒ་སྲབ། མདའ་མོ་ལ་སྒྲོ་ཡིས་རྒྱན་པ་ལྟར་ཕྱག་རྫོགས་ཟུང་འཇུག་གི་ལྟ་སྒོམ་ལ་ཐོས་བསམ་ཡན་གར་དུ་མ་སོང་བར་བཀའ་རྙིང་གི་ཆོས་ལ་ཆུང་ནས་གོམས་ཤིང་འགྲུས་པར་བྱེད་པ་དེའོ།
༢ མགོ་སྙེ་ས་མ་ནོར་བ་ནི། ཉམས་ལེན་སྒྲུབ་པའི་བཀའ་བབས་འགྲོ་མགོན་བཀའ་བརྒྱུད་པའི་གྲལ་མཐར་སྐྱེས་ནས་བཟུང་ཉམས་ལེན་གྱི་སྙིང་པོ་བློ་ལྡོག་རྣམ་བཞི་དང་། མོས་གུས་། སྒྲུབ་ཚུགས། ཞེན་ལོག ཡེངས་མེད་སོགས་ལ་སྦར་འཇུག་བྱས་ནས་རང་ལོ་ཉེར་གཅིག་ནས་ད་བར་གནས་གང་དུ་བསྡད། གྲོགས་སུ་དང་འགྲོགས། ལས་ཇི་ལྟར་བྱས་ཀྱང་ཚེ་སྟོད་ཐོས་བསམ་དང་ཉམས་ལེན་གང་བྱས་པ་རྣམས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཆེད་དུ་དུས་ཚོད་གང་ཁོམས་ལ་ལོ་རེར་རང་གཅིག་པུར་དབེན་མཚམས་རེ་ཉུང་མཐར་ཟླ་བ་གཅིག་ཙམ་རེ་འདུག་ཁུལ་བྱེད་ཀྱི་ཡོད་པ་དེའོ།

༣ སྐྱབས་བཅོལ་ས་མ་ནོར་བ་ནི། དེང་སང་དུས་ངན་གྱི་ཁུགས་སོ་འདིར་ངེས་འབྱུང་གི་རྩ་བ་ཆད། ལས་འབྲས་ཀྱི་མེ་ཏོག་སྐམ། དམ་ཚིག་གི་ཡལ་འདབས་དང་བྲལ་བའི་མཁས་མིན་མཁས་པར་རྫུ་བའི་ཟོག་པོ་ཆུ་ཤིང་སྐམ་པོ་དང་འདྲ་བའི་རིགས་རྣམས་དང་གཏན་ནས་བསྡུར་ཐབས་མེད་པའི་འཇིག་རྟེན་ཆོས་བརྒྱད་རྡོག་རྫིས་སུ་བཏང་། རི་ཡི་བུ་བྱས། ན་བོན་གྱི་གོས་གྱོན། གྱོང་ལྟོ་གོས་གཏམ་གསུམ་རླུང་ལ་སྐུར་བའི་མཚན་སྨོས་པ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་བའི་བཀའ་དྲིན་གཞལ་བར་དཀའ་བའི་ངེས་པ་དོན་གྱི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་རྗེས་སུ་ཟིན་པ་དེའོ།
ལྷག་པར་དུ་འདི་ལོ་༢༠༢༥་ཤིང་སྦྲུལ་ལོ་འདི་ནི་ངོས་ཀྱི་ལོ་ཐོག་ཏུ་ཁེལ་ཡོད་སྟབས་ལོ་མགོ་འདི་ཚེས་ནས་བཟུང་འདུ་ཁམས་འཁྲུགས་རྐྱེན་གྱིས་གཟུགས་པོ་ཅུང་མ་བདེ་བ་བྱུང་བས་བོད་ཕྱི་ནང་གཉིས་ནས་ལྷ་བླའི་བཀའ་རྟགས་ལུང་དོན་ལྟར། འདི་ལོར་འཇམ་དབྱངས་ཆོས་འཁོར་གླིང་གི་ཆོས་ཕྱོགས་ཀྱི་ལས་འཆར་རེས་གཟའ་སྤེན་པའི་ཞི་གནས་ཀྱི་སྒོམ་ཁྲིད་དང་། རེས་གཟའ་ཟླ་བའི་དགོང་མོ་རྒྱུད་སྡེའི་ཉམས་ལེན། དུས་ཚོད་ངེད་མེད་རྣམས་སུ་དྲྭ་ལམ་ཁག་ཏུ་ཆོས་ཁྲིད་དང་གཤིན་པོར་འཕོ་འདེབས་དང་གསོན་པོར་སྨོན་ལམ་སོགས་དང་། རྒྱལ་ཁབ་གཞན་དང་མངའ་སྡེ་གཞན་རྣམས་སུ་ཆོས་ཕྱོགས་ཀྱི་འགྲུལ་བསྐྱོད་སོགས་མདོར་ན་རྫོགས་རྒྱུ་མེད་པའི་ཆོས་ཕྱོགས་ཀྱི་ལས་ཀ་དེ་རྣམས་རེ་ཞིག་མཚམས་འཇོག་བྱས་ནས་ཁ་ལི་ཧྥོ་ཉའི་ནུབ་ཀྱི་ཕྱོགས་སུ་ཡོད་པའི་དབེན་ཁྲོད་ཞིག་ཏུ་རང་ཉིད་གཅིག་པུར་བསྙེན་མཚམས་ཀྱི་ཚུལ་དུ་སྤྱི་ཟླ་བཅུ་པའི་སྤྱི་ཚེས་བཅུ་གཉིས་ནས་བཟུང་སྟེ་ཟླ་བ་གཅིག་དང་ཉིན་མ་བཅུ་གྲངས་ཤིག་རིང་བསྡད་པས་ལུས་སེམས་གཉིས་ཀ་ལ་ཧ་ཅང་ཕན་ཐོག་ཆེན་པོ་བྱུང་།

ད་ལྟའི་མཚམས་ཀྱི་སྐབས་སུ་ཉམས་ལེན་ཇི་ལྟར་བྱས་པ་དང་། ཚུལ་ཇི་ལྟར་ཉམས་ལེན་བྱས་པ་རྣམས་མདོར་བསྡུས་སུ་བཀོད་ན།
ཉིན་ལྟར་ཞོགས་པ་ཆུ་ཚོད་ལྔ་དང་དྲུག་ཡས་མས་སྐབས་སུ་མལ་ལས་ལངས་ནས་སྦྱོར་ཆོས་མདོར་བསྡུས་སྔོན་དུ་སོང་བའི་ཐོག་ནས་ལུས་སེམས་གཉིས་ཀའི་དགེ་སྦྱོར་དང་འཕྲོད་བསྟེན་གྱི་ཕྱིར་དུ་རྐྱང་ཕྱག་བརྒྱ་ཕྲག་གཉིས་དངགཅིག་ལས་མི་ཉུང་བ་འཚལ། དེ་ནས་གདན་ཐོག་ཏུ་བསྡད་ནས་ཞོགས་པ་བསྟར་ཆགས་སུ་བླ་སྒྲུབ་བྱིན་རླབས་ཆར་འབེབས་ཁ་བཏོན་དུ་བྱེད་ཅིང་རྩ་བརྒྱུད་ཀྱི་བླ་མ་རྣམས་སྤྱི་གཙུག་ཏུ་སྒོམ་ནས་ཉམས་ལེན་བླ་སྒྲུབ་ཟབ་མོའི་གཡོས་སྦྱོར་ལ་གསོལ་འདེབས་མོས་གུས་ཀྱི་མེ་ཆེན་སྦར་ནས་སྤྲོས་བྲལ་བདེ་བ་ཆེན་པོ་གཉིས་མེད་མཉམ་ཉིད་འཁོར་གསུམ་འཛིན་རྟོགས་དང་བྲལ་བའི་ངང་ནས་ཟས་ལ་རོལ་བཞིན་ཡོད། ཞོགས་ཟས་ཆུ་ཚོད་བརྒྱད་དང་ཕྱེད་ཐོག་བཟའ་ཞིང་ཆུ་ཚོད་དགུ་དང་ཕྱེད་ཐོག་ཡང་སྐྱར་སྔ་ཐུན་དུ་ཞུགས་ནས་རིང་ནས་བསྙེན་པའི་ལྷག་པའི་ལྷ་མཆོག་ཕུར་པ་རྡོ་རྗེ་གཞོན་ནུའི་ལས་བྱང་ལ་འཇུག་ནས་བསྙེན་སྒྲུབ་སྐབས་སུ་བསྐྱེད་རྫོགས་དང་ལྷག་པར་དུ་སྐུ་གསུམ་ལམ་ཁྱེར་སོགས་ལ་ཞོགས་པ་ཆུ་ཚོད་དགུ་དང་ཕྱེད་ཐོག་ནས་ཉིན་རྒྱབ་ཆུ་ཚོད་གཉིས་ཀྱི་བར་དུ་ཐུན་གཉིས་རིང་དཔྱད་སྒོམ་དང་འཇོག་སྒོམ་སྤེལ་མར་བྱེད་ཅིང་ཆུ་ཚོད་གཉིས་པའི་སྐབས་སུ་ཉིན་གུང་ཟས་ལ་རོལ། དེ་ནས་ཆུ་ཚོད་གཅིག་རིང་ངལ་གསོའི་རིང་རྗེ་བདག་ཉིད་ཆེན་པོའི་མཛད་པའི། "ལམ་རིམ་ཆེན་མོ།"དང་། སྔ་ལོར་བལ་ཡུལ་ཡང་ལེ་ཤོད་བན་ཆེན་བཤད་གྲྭའི་ནང་དུ་ཟླ་བ་གཅིག་རིང་མཚམས་ལ་བསྡད་པའི་སྐབས་སུ་བན་ཆེན་དཔེ་མཛོད་ཁང་ནས་ཉོས་པའི། “རྡོ་རྗེ་འཆང་ཐུང་མའི་འགྲེལ་བ་ཕྱོགས་བསྒྲིགས”དང་། “རི་ཆོས་དཔེ་ཆ་ཕྱོགས་བསྒྲིགས།” འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི། “རྒྱུད་ལུགས་རྡོ་རྗེ་ཕུར་པའི་རྣམ་བཤད།”བཅས་བཀླགས་པ་ཙམ་མ་ཟད་གལ་གནད་ཆེ་བའི་གདམས་ངག་རྣམས་བརྗེད་དུ་འཕངས་ནས་ཟུར་དུ་ཟིན་བྲིས་སུ་ཡང་བཏབས། དགོང་མོ་ཆུ་ཚོད་བདུན་པའི་སྐབས་སུ་ཞོ་ནང་དུ་རྒུན་འབྲུམ་བཏབས་པའི་དགོང་ཟས་མདོར་བསྡུས་ཤིག་ལ་རོལ་མཐར་བསུར་དང་། གཅོད། ཕུར་པའི་བཀའ་སྲུང་དང་ཕྲིན་བཅོལ་སོགས་ཀྱིས་ཉིན་གཅིག་གི་ཐུན་མཇུག་ལེགས་པར་ཡོངས་སུ་གྲུབ་པར་བྱེད་ནས་ཉིན་ལྟར་དགོང་མོ་ཆུ་ཚོད་དགུ་དང་ཕྱེད་ལས་མ་འཕྱི་བར་བྱེད་ནས་ཉལ་གྱི་ཡོད།


ད་རེས་ཀྱི་མཚམས་དེ་ཟླ་བ་གཉིས་རིང་འདུག་རྒྱུ་བྱུང་ན་བསམ་ཡང་འདུག་སའི་ཁང་པ་འདི་གཞན་ནས་གཡར་པོ་བྱས་སྟབས་དུས་ཚོད་ངེས་ཅན་ཞིག་ནང་རྩིས་སྤྲོད་བྱེད་རྒྱུ་ཐག་བཅད་ཟིན་པས་གང་ལྟར་ཟླ་བ་གཅིག་དང་ཉིན་བཅུ་གཉིས་ལས་འདུག་རྒྱུ་མ་བྱུང་། ཉིན་ཐ་མའི་སྐབས་སུ་ཕུར་པའི་ཚོགས་འཁོར་དང་། དངོས་གྲུབ་ལེན་ཆོག དབང་བཞི་ལེན་པ་སོགས་ཀྱིས་ད་ལོའི་ངོས་ཀྱི་སྒེར་གྱི་བསྙེན་མཚམས་དེ་ལེགས་གྲུབ་བྱུང་། གང་ལྟར་དུས་ཚོད་ཐུང་ཡང་ད་རེས་ཀྱི་བསྙེན་མཚམས་འདིའི་སྐབས་སུ་ཧ་ཅང་སྐྱིད་པོ་བྱུང་ཞིང་དགེ་སྦྱོར་ལའང་འབོག་འདོན་ཆེ་ཙམ་བྱུང་བས་ད་རེས་བསྙེན་མཚམས་འདི་ལ་གོ་སྐབས་དང་རྒྱབ་སྐྱོར་གནང་མཁན་འཇམ་དབྱངས་ཆོས་འཁོར་གླིང་གི་ཚོགས་གཙོའི་གཙོས་རྒྱུན་ལས་རྣམ་པ་དང་རོགས་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ།།🙏

མཇུག་བསྡུ་བ་ནི།
སེམས་ཉིད་གནས་ལུགས་སྟོང་པའི་རང་ཞལ་འདི།། 
མ་མཇལ་བར་དུ་དབེན་པའི་གནས་རྣམས་སུ།།
ལྟར་སྣང་བདེ་བ་མགོ་བོ་མ་འཁོར་བར།། 
ཚེ་ཆོས་སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག།

རྙེད་པར་དཀའ་བའི་ལུས་རྟེན་བཟང་པོ་འདི།། 
མ་འདོར་བར་དུ་དོན་ཆེན་དགེ་བ་ལས།།
མི་དགེའི་སྡིག་ལས་དབང་དུ་མ་སོང་བར།། 
ཚེ་ཆོས་སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག།

བདག་འཛིན་དྲག་པོའི་ལྕགས་ཀྱི་ཐག་པ་འདི།། 
མ་འགྲོལ་བར་དུ་ཐེག་ཆེན་དམ་ཆོས་ལ།།
ཉིན་དང་མཚན་དུ་དབྱེར་བ་མེད་པ་ཡི།།
ཚེ་ཆོས་སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག།

དེ་རིང་གི་ཉིན་ཐོ་གནས་སྐབས་དེ་ཙམ་ཡིན་ཚང་མ་ལ་བཀྲ་ཤིས་བདེ་ལེགས།
༢༠༢༥/༡༡/༢༢/
x

No comments:

Post a Comment