Saturday, February 11, 2012

ཨེ་ཤ་ཡའི་རླུང་འཕྲིན་ཁང་དུ་སྐད་ཆ་བཤད་པའི་ཉིན་མོ།

མཛེས་སྡུག་ལྡན་པའི་ས་ཆ་ཨེས་ལེན་ཌའི། 
ཁ་སང་གི་ཉིན་མོ་འདིར་ངོས་ལ་ས་གནས་འདིར་སྤྱི་ལེ་བརྒྱ་ཙམ་གྱི་སར་ཡོད་པའི་སྐད་གྲགས་ཅན་གྱི་ས་ཆ་༼ཨེརསི་ལན་དེའི་༽ཞེས་པ་དེར་ངོས་ཀྱི་གྲོགས་པོ་སྦྲེན་ཊེ་དང་ལྷན་དུ་སོང་། ས་ཆ་དེ་ནི་ཀི་ལི་ཧྥོ་ཉའི་ས་གནས་ཡག་ཤོས་ཞིག་ལ་ངོས་འཛིན་བྱེད་ནས་མི་མང་པོ་ཞིག་དེར་ཡོང་ནས་ཞགས་བསྡོད་བྱེད་པ་དང་ལྟ་སྐོར་ལ་འགྲོ་བ་སོགས་རྒྱུན་མི་ཆད་པ་ཞིག་ཡོད་པ་རེད། ས་གནས་དེར་རང་བྱུང་གི་ཆུ་ཚན་གྱི་རྫིང་བུ་སྐྱིལ་ནས་ཡོད་པས་མགོ་སེར་དང་མགོ་ནག་སོགས་མི་རིགས་རྣམས་ངོ་ཚའི་སྒྲིབ་གཡོགས་གང་ཡང་མེད་པར་དམར་ཧྲང་དུ་ཆུ་ནང་དུ་ཧྲེང་ཉལ་བྱེད་པ་དང་། ཁ་ཤས་ཀྱིས་ཆུ་ནང་ནས་ཀྱང་དེབ་བཀླགས་པ་སོགས་བྱེད་ཀྱི་འདུག་ངོས་ནི་དང་པོ་ས་གནས་འདིར་སླེབས་པ་དང་མཉམ་དུ་ཉམ་ང་བག་ཚ་གང་ཡང་མེད་པར་དམར་ཧྲང་དུ་གྱུར་པའི་མི་རྣམས་མཐོང་བ་དང་མཉམ་དུ་ངོ་ཚ་ཞིང་མིག་གིས་ལྟ་མ་ཕོད་པ་འདྲ་ཞིག་འདུག དེ་ནས་ཉིན་གུང་ཟ་མ་རུ་ངོས་ཀྱི་སློབ་མ་ཀེལ་ལེའི་སྔ་ནས་མངགས་པའི་ཟ་མ་ག་ཚད་ཟོས་ཀྱང་ཆོག་པའི་ཟས་རིགས་འདྲ་མིན་ལ་རོལ་ནས་ངོས་ས་ཆ་དེའི་གཡོན་ཕྱོགས་སུ་ཡོད་པའི་མེ་ཏོག་ལྡུམ་ར་ཞིག་ཡོད་པ་དེའི་ནང་བསྡད་ནས་ཁ་འདོན་རྣམས་ཚར་བར་བྱས་པས་ངོས་ཀྱི་གྲོགས་པོ་སྦྲེན་ཊེ་ནི་དམར་ཧྲང་དུ་ཆུ་ཚ་བོའི་ནང་དུ་མཛུལ་སོང་། དེ་ནས་ཉིན་གུང་རྒྱབ་ལོགས་ཆུ་ཚོད་ལྔ་པའི་སྐབས་སུ་རླངས་འཁོར་ཁ་མོ་རི་ནའི་ཕྱོགས་སུ་བསྒྱུར་ནས་ཡོང་བས་ནང་དུ་དགོངས་མོ་ཆུ་ཚོད་བཅུ་པའི་སྐབས་སུ་གཞི་ནས་ནང་དུ་འབྱོར་སོང་། ཁ་པར་ནང་དུ་ལན་ཞིག་ཡོད་པ་དེ་ནི་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ལ་ཡོད་པའི་བོད་ཀྱི་རླུང་འཕྲིན་ཁང་ལས་ཁུངས་ནང་ནས་ཨ་ཅ་རིག་ལྡན་སྒྲོལ་མ་ལགས་རེད་འདུག མོ་རང་གིས་ལན་ཞིག་ཡོད་པ་དེ་ནི་ཉེ་ཆར་ནང་ཆེན་ས་གནས་སུ་ལྷག་དཀར་སྲུང་བརྩི་བྱས་པའི་སྐབས་སུ་མི་མང་གྱེན་ལངས་བྱས་པ་དེའི་སྐོར་ཤེས་འདོད་ཡོད་པ་རེད་འདུག ངོས་ནས་མོ་རང་ལ་ཕར་ཁ་པར་གཏང་བས་མོ་རང་ནས་གསུངས་ན་སང་ཉིན་ཞོག་པ་ཀི་ལི་ཧྥོ་ཉའི་ཆུ་ཚོད་ལྔ་པའི་སྐབས་སུ་ངོས་དང་ཉི་ཡོག་བོད་ཀྱི་དོན་གཅོད་ནས་ཟུང་དྲུང་ཀུན་དགའ་བཀྲ་ཤིས་གཉིས་ལ་དྲི་བ་དྲིས་ལན་ཡོད་ཅེས་པའི་རེ་འདུན་བཏོན་སོང་བས་ངོས་ཀྱང་ཞོག་པ་སྔ་བོ་ཡིན་པར་མ་མཛེམས་ནས་ཁས་ལེན་བྱས་པ་ཡིན། དེ་ནས་སང་ཉིན་སྐད་ཆ་བཤད་རྒྱུ་མདོར་བསྡུས་ཞིག་ཡིག་ཐོག་ཏུ་ཕབས་ནས་གྲ་བསྒྲིགས་འདྲ་ཞིག་བྱས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།


ད་ནང་ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་མགོ་སྔས་ཟུར་དུ་ལག་འཛིན་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ད་ནུབ་སྐད་བརྡ་བྱས་པའི་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་ནས་ཨ་ཅ་རིག་ལྡན་སྒྲོལ་མ་ལགས་རེད་འདུག ངོས་ནི་གཉིད་ཚ་དཀྲོགས་བྱས་པའི་རྐྱེན་གྱིས་མིག་ཅག་དང་སོ་བྲེགས་སོགས་ཕྱི་ལོང་དང་བཀྲུ་ལོང་སོགས་མ་བྱུང་བར་གློ་བུར་དུ་རླུང་འཕྲིན་ཁང་ནང་དུ་སྐད་ཆ་བཤད་རྒྱུའི་མགོ་འཛུགས་བྱས་པ་ཡིན། མོ་རང་ནས་གསུངས་ན་ཀུན་དགའ་ལགས་དང་ངོས་གཉིས་ལ་སྡོམ་པས་སྐར་མ་བཞི་བཅུའི་དུས་ཚོད་ཡོད་གསུངས་བྱུང་། ངས་བཤད་རྒྱུ་དེ་ནི་ནང་ཆེན་ཕྱོགས་ལ་ཁ་སང་ལྷག་དཀར་གྱི་དུས་ཆེན་ནས་བཟུང་ད་ལྟའི་བར་གནས་སྟངས་གང་འདྲ་ཡོད་མེད་སྐོར་རེད་འདུག་པས་ཚང་མ་ཆད་ལུས་མེད་པར་བཤད་པ་ཡིན། ཀུན་དགའ་ལགས་ལ་དེང་སང་རྒྱ་ནག་གི་དཔོན་རིགས་རྣམས་དང་སྔོན་མའི་དཔོན་རིགས་རྣམས་ཀྱི་ཁྱད་པར་དང་། རྒྱ་ནག་གིས་བོད་ལ་ལྟ་ཕྱོགས་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཡོད་མེད་སོགས་རེད་འདུག དེ་ནས་རླུང་འཕྲིན་ནང་དུ་སྐད་ཆ་ཚར་བ་དང་མཉམ་དུ་ཉལ་སར་སོང་ནས་གཉིད་དུ་ཡུར་བས་ཞོགས་པ་ཆུ་ཚོད་དགུ་པའི་བར་གཉིད་ཐུན་གཅིག་རེད་འདུག ཡར་ལངས་ནས་ཁ་འདོན་མདོར་བསྡུས་ཞིག་བྱས་ནས་ཞོག་ཟས་ལ་རོལ་བཞིན་པའི་སྐབས་སུ་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཉི་ཡོག་ལ་ཡོད་པའི་ལུང་པ་ཀོ་ལམ་བྷེའི་ནས་ཡིན་པའི་ངོས་དགེ་ཕྲུག་༼ཨསེ་མེ་རའི་ཌ་༽རེད་འདུག་མོ་རང་གི་དྲི་བ་ནི་ངོས་ཉི་ཡོག་ནམ་ཡོང་མིན་སྐོར་རེད་འདུག ཐོག་ཁར་སོང་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་པས་ཡང་སྐྱར་འཁྲི་འདུ་ལབ་དགོན་པ་ནས་ཡིན་པའི་གྲྭ་པ་ཞིག་ནས་སྐུ་ལུས་མེ་ལ་ཕུལ་བའི་གནས་ཚུལ་ཡི་མུག་པ་ཞིག་འདུག་དེ་ནི་ངོས་ལ་མཚོན་ན་ཆེས་མི་མཛེས་པའི་བྱ་ལས་ཞིག་ཀྱང་ཡིན། ཉིན་གུང་ཟ་མ་རུ་ཁ་སང་བཀོལ་བའི་ཟྭ་ཐུག་ལྷག་མོ་དེ་གྲངས་གློག་ནང་ནས་བཏོན་ཅིང་ཚ་བོ་བྱས་ཞིང་རྩམ་པ་ཞིག་རྫིས་ནས་མཉམ་དུ་ཟོས་པས་དཔེ་མེད་ཞིམ་པོ་འདྲ་ཞིག་བྱུང་། དེ་ནས་སུ་སིན་དང་མཉམ་དུ་འཕྲོད་བསྟེན་གྱི་ཆེད་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ལྷག་སོང་ནས་ནང་དུ་འབྱོར་ཞིང་ཁ་སང་དེ་རིང་གཉིས་ཀྱི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་འཛམ་གླིང་གི་སྒེའུ་ཁུངས་ནང་ནས་ལྟ་ཙམ་བྱས་པས་ཁ་བརྡའི་དྲ་ཚིགས་ནང་དུ་ཨ་མདོ་རྔ་བ་ནས་ཡིན་པའི་བཙུན་མ་བསྟན་འཛིན་དབང་མོ་ཟེར་བ་ལོ་བཅོ་བརྒྱད་ཅན་གྱི་རྒྱལ་གཅེས་ཀྱི་དཔའ་མོ་ཞིག་ནས་ལུང་ཁུག་ཞིག་ནང་དཔངས་རྟགས་སོགས་གང་ཡང་མེད་པར་རྙེད་པར་དཀའ་བའི་མི་ལུས་རིན་པོ་ཆེ་དེ་ཐལ་བ་སྦར་མོ་གང་ལ་རྗེས་འདུག་པའི་གནས་ཚུལ་ཡ་ང་ཞིག་མི་འདོད་བཞིན་དུ་རོ་མིག་དེས་མཐོང་སོང་བས་ཞེ་འགྱོད་དང་སྐྱོ་སྣང་གིས་ཁེངས་བཞིན་གཉིད་དུ་ཡུར་བའི་ཐབས་ཤེས་བྱས། 

1 comment:

  1. Rinpoche, can you post the Radio Free Asia interview link. Thanks!

    ReplyDelete