Translate

Wednesday, July 23, 2014

ཨ་རིར་འབྱོར་བའི་ཉིན་མོ།

ཨ་རིའི་གནམ་ཐང་དུ་འབྱོར་མ་ཐག
ཟླ་བ་གསུམ་མ་ཟིན་ཙམ་གྱི་རིང་རྒྱ་གར་སོགས་ལ་སོང་ནས་ཁར་ནུབ་མགྲོན་པོ་རང་ཁྱིམ་དུ་འབྱོར་བའི་དཔེ་ལྟར་གེགས་མེད་བདེ་བླག་ངང་འབྱོར་སོང་། གནམ་ཐང་ལ་ངོས་ཀྱི་དགེ་ཕྲུག་འགའ་ནས་ལག་ཏུ་མེ་ཏོག་དང་ཁ་བཏགས་བཟུང་ནས་ཕེབས་སྒུག་བྱས་འདུག དེང་སང་ཉིན་མཚན་གོ་ལྡོག་པའི་དབང་གིས་མཚན་མོ་གཉིད་མི་ཁུག་པ་དང་ཉིན་མོར་གཉིད་དུ་ཤོར་བའི་ན་ཚ་འདིས་ཟིན་ནས་ཉིན་ཤི་མཚན་ལང་བྱེད་དགོས་འདུག ངོས་ལ་ར་གན་གསེར་རློམ་ཅན་དད་ལྡན་མ་ཨ་མ་སུས་སིན་སྟབས་མ་ལེགས་པ་ཞིག་ལ་བདུན་གཉིས་གོང་ཟས་དུག་འདྲས་རྐྱེན་བྱས་ནས་བཤའ་བཅོས་བྱེད་དགོས་འདུག་སྟབས་དེ་རིང་གནམ་ཐང་སླེབ་ཐུབ་མི་འདུག 

Saturday, July 19, 2014

རྨི་ལམ་ཡ་མཚན་ཅན་ཞིག་རྨིས་པའི་ཞོགས་པ།


༧གོང་ས་མཆོག་གཞོན་ནུའི་སྐབས་སུ། 
ཉེ་སྔོན་འགྲུལ་བཞུད་མང་དྲགས་པའི་རྐྱེན་གྱིས་ཚ་འཆམས་ཞིག་ཕོགས་ནས་གཟུགས་པོ་ཧ་ཅང་ཐང་ཆད་འདུག་སྟབས་བོད་སྒར་བསམ་ཡས་གླིང་པོ་ཏཱ་ལའི་མགྲོན་ཁང་ནང་ངོས་ཀྱི་ཚ་མོ་གཉིས་དང་མཉམ་དུ་ཁ་སང་ལྷོད་ལྷོད་ངང་འདུག་རྒྱུ་བྱུང་། 
ཡུན་རིང་ནས་མཐོང་ཐོས་མ་བྱུང་བའི་ཨ་རིའི་བོད་སྐད་རླུང་འཕྲིན་དང་། ཀུན་གླེང་སོགས་ལ་བལྟ་ཉན་བྱེད་བཞིན་པའི་སྐབས་སུ་ཉེ་བའི་ཆར་༧གོང་ས་སྐྱབས་མགོན་ཆེན་པོའི་གསང་གསུམ་གྱི་མཛད་འཕྲིན་སྤྱི་དང་། མ་ཟད་གྲུབ་མ་ཐག་པའི་ལ་དྭགས་སུ་མི་འབུམ་གཅིག་དང་ཕྱེད་ལྷག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་མཛད་འཕྲིན་ཁག་ལེགས་གྲུབ་བྱུང་བ་རྣམས་རླུང་འཕྲིན་རྣམས་སུ་རྒྱངས་བསྲིང་བྱེད་བཞིན་པ་མཐོང་ཐོས་བྱུང་བས་སེམས་ལ་བཤད་མི་ཤེས་པའི་དགའ་སྐྱོ་འདྲེས་མའི་ཚོར་སྣང་ཞིག་བྱུང་། སེམས་དགའ་འོས་པ་ནི། གཞིས་བྱེས་གཉིས་སུ་གྱེས་པའི་བསོད་ཟད་ལས་ངན་བོད་པ་རྣམས་ཀྱིས་བསམ་ཤེས་ཐུབ་ན་ང་ཚོ་ལ་ས་སྟེང་འདིར་སུ་གང་ལ་ཡང་མེད་པའི་དབུ་ཁྲིད་ཡང་དག་པ་ཞིག་གི་གྲིབ་ནས་འཛམ་གླིང་འདིའི་སྒང་བོད་པ་ཟེར་དུས་ངོ་གནོང་མི་དགོས་པ་ཞིག་ཡོད་པ་མ་ཟད་ལུགས་གཉིས་གང་གི་ཐད་ནས་མ་གཅིག་པས་བུ་ལ་བརྩེ་བ་ལྟར་སྐྱོང་བཞིན་པའི་བཀའ་དྲིན་འདི་ལ་བསམ་ནས་ཡིན། 
སེམས་སྐྱོ་དགོས་པ་ནི། ད་རེས་ང་རྒྱ་གར་ལ་སླེབས་ཐུབ་ཀྱང་ཆོས་ཕྱོགས་ཀྱི་བྱེད་སྒོ་འགའ་ཡི་རྐྱེན་དབང་གིས་དུས་འཁོར་དབང་ཆེན་ལ་ཆེད་བཅར་བྱེད་མ་ཐུབ་པ་ནི་ང་ལ་མཚོན་ན་ཆོས་ཕྱོགས་ནས་གྱོང་གུད་དེ་ལས་ཆེ་བ་ཞིག་མེད། ལར་ནི་འདུས་པའི་ཐ་མ་བྲལ་ཞེས་པའི་དཔེ་ལྟར་སང་ཉིན་མི་འདོད་བཞིན་དུ་ཨ་རི་གཡར་པོའི་རྒྱལ་ཁབ་གཉིས་པར་འགྲོ་དགོས་སྟབས་ཆོས་བྱེད་ང་ལྟ་བུ་ལ་མཚོན་ན་རྩ་བའི་བླ་མ་དང་ཁ་བྲལ་བ་ནི་མི་དཀྱུས་མར་ཕྲུ་གུ་ཕ་མ་དང་དང་ཁ་བྲལ་བ་ལས་ཀྱང་སྡུག་བསྔལ་ཆེ་བ་ཡོད་པས་སེམས་གཏིང་ནས་བླ་མ་དྲན་པས་བཟོད་གླགས་མེད་པར་མིག་ནས་མཆི་མ་ཤོར་འགྲོ་འདུག མ་འོངས་པར་ལོ་ཟླ་ཚེས་གྲངས་སོགས་དུས་ཚོད་ངེས་ཅན་ཞིག་ནང་དྲིན་ཅན་རྩ་བའི་བླ་མའི་མཐོང་གྲོལ་ཞལ་གྱི་དཀྱིལ་འཁོར་དང་། ཐོས་གྲོལ་གསུང་གི་བདུད་རྩི་གཉིས་མཉམ་་དུ་ལོངས་སུ་སྤྱོད་ཐུབ་པའི་རེ་བ་དང་སྨོན་ལམ་བྱས་ནས་གཉིད་ལ་ཡུར། 

ཞོགས་པ་ཆུ་ཚོད་ལྔ་ཙམ་ལ་རྨི་ལམ་ཁྱད་མཚར་འདི་འདྲ་ཞིག་རྨིས་བྱུང་། ཉེ་ཆར་འབྲུག་ལ་གནས་མཇལ་ལ་ཁྱུག་ཙམ་སོང་བའི་རིང་འབྲུག་པའི་ལྷ་ཁང་འགའ་མཇལ་རྒྱུ་བྱུང་བས་བག་ཆགས་དེའི་སྟོབས་ཀྱིས་ཡིན་ན་གང་ལྟར་ཀྱང་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་སྐུ་འཁོར་ཉུང་ཤས་ཞིག་འབྲུག་པའི་ལྷ་ཁང་ལྟ་བུ་ཞིག་གི་ནང་ནས་མཇལ་བྱུང་། ངས་ནམ་རྒྱུན་ཡི་དམ་རྡོ་རྗེ་གཞོན་ནུ་རྒྱུན་བསྙེན་བྱེད་བཞིན་ཡོད་སྟབས་མི་མང་ཁྲོད་ནས་འཛེམས་ཟོམ་གང་ཡང་མེད་པར་མཆོག་གླིང་གཏེར་གསར་གསང་ཐིག་ཕུར་པའི་ལྷ་བསྐྱེད་སྐད་ཤུགས་ཆེན་པོའི་འདོན་གྱིན་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ཐུགས་ཐོག་ནས་ཤ་ར་ར་མཉམ་འདོན་གནང་སོང་། བསྙེན་པའི་སྐབས་སུ། 
རང་གི་སེམས་ཉིད་འདི་དག་ནི།། 
རྡོ་རྗེ་གཞོན་ནུ་ཉིད་དུ་བལྟ།།
ཞེས་དང་རྫོགས་རིམ་སྐབས་སུ།
རང་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བ་རྡོ་རྗེ་གཞོན་ནུའི་ངང་དུ་རྫོགས་ཤིང་། ངོ་བོ་སྟོང་ལ་རང་བཞིན་གསལ་བའི་སྣང་ཆ་རྣམས་དངོས་མེད་སྒྱུ་མ་ལྟ་བུ་རྟོག་བྲལ་ཤར་གྲོལ་དུས་མཉམ་འོད་གསལ་གྱི་ངང་དུ་མཉམ་པར་བཞག།

ཅེས་པའི་ཚིག་འདི་དལ་བུས་བཏོན་དུས་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་ཁོང་གི་དམིགས་བསལ་གྱི་སྤྱན་གཉིས་པོ་ང་ལ་འབྲུ་ཚུགས་སུ་གཟིགས་ནས་སྤྱོད་འཇུག་ཤེས་རབ་ལེའུ་ནང་ནས་ཤོ་ལོ་ཀའི་ཚིག་གཅིག་གསུངས་བཞིན་དུ་ང་ལ་དབུ་ཐོད་ཅིག་གཏུགས་ནས་གསུང་ཤུགས་ཆེན་པོའི་གད་མོ་ཆེན་པོ་ཞིག་དགོད་བཞིན་མི་སྣང་བར་གྱུར་སོང་། 
ང་ནི་ཞོགས་པ་བླ་མ་ལ་མོས་གུས་ཀྱིས་ངུས་པའི་མིག་ཆུས་མགོ་སྔས་ཡང་རློན་པ་ཆག་འདུག སྤྱོད་འཇུག་གི་ཚིག་དོན་རྣམས་ནི་དྲན་པའི་ཡུལ་ལ་མི་འདུག གང་ལྟར་ཀྱང་ད་ནངས་ཞོགས་པ་ལངས་བའི་སྐབས་སུ་སེམས་ལ་སྔ་ན་མེད་པའི་དགའ་སྤྲོས་ཁེངས་འདུག

ཐ་མལ་སྣང་བ་འགགས་ནས།། 
རང་རིག་བླ་མར་ཤེས་ན།། 
བླ་མ་མ་མཇལ་བསམ་པའི།། 
སྡུག་ཡུས་ངུ་སྐད་མི་དགོས།།

མཉམ་མེད་དྭགས་པོའི་རྗེས་འཇུག།། 
མོས་གུས་དཀར་པོ་ཆིག་ཐུབ།། 
སྟོང་ཉིད་རྟོགས་པའི་གཞུང་ཤིང་། 
གེགས་སེལ་བོགས་འདོན་མན་ངག།

གཟུགས་སྐུའི་འགྲོ་དོན་བླ་མ།། 
ལུས་དང་གྲིབ་མར་མེད་ཀྱང་།
རིག་སྟོང་དོན་གྱི་བླ་མ།། 
ཡེ་ནས་ཡོད་པས་འཚེང་ངོ་།

བོད་སྒར་བསམ་ཡས་གླིང་པོ་ཏཱ་ལའི་མགྲོན་ཁང་ནས་ལིམ་ཇ་སྐྱུར་མོ་ཞིག་འཐུང་ཞོར་ད་ནུབ་མཚན་མོའི་རྨི་ལམ་དེའི་སྐོར་དེ་རིང་གི་ཉིན་ཐོ་རུ་བསྐྱལ། 

Friday, July 18, 2014

རྒྱ་གར་ལྷོ་ཕྱོགས་ཞིང་སྒྲུབ་ཚར་ནས་འབྲུག་འབྲས་ལྗོངས་སོགས་ལ་སོང་བའི་སྐོར།

འཇིགས་རྔམ་ཆེ་བའི་འབྲས་ལྗོངས་ཀྱི་ཤུལ་ལམ།
ཉེ་བའི་ཆར་ཉིན་ལྔ་ཡི་རིང་རྒྱ་གར་ལྷོ་ཕྱོགས་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ལེགས་གྲུབ་བྱུང་། ད་ལོའི་རྒྱ་གར་ལྷོ་ཕྱོགས་ཐེངས་དྲུག་པའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཧ་ཅང་གྲ་རྒྱས་པོ་དང་མི་མང་པོ་འཛོམས་བྱུང་། འདི་ལོའི་ཞིང་སྒྲུབ་ཆེན་མོའི་སྦྱིན་བདག་རྣམས་སིངྒ་པོར་གནས་བཞུགས་ངོས་ཀྱི་སློབ་མ་རྣམས་ཡིན། སང་ལོའི་སྦྱིན་བདག་མ་ལེ་ཞ་དང་། གནང་ལོའི་སྦྱིན་བདག་ཨ་རི་སོགས་རེས་མོས་བྱེད་རྒྱུ་བྱས་ཡོད། མི་ལོ་ཧྲིལ་པོ་ལྔ་ཡི་རིང་ངོས་ནས་ཁྲག་བསོགས་རྣག་གསོགས་བྱས་ནས་བསགས་ཞིང་གཏངས་བའི་སྒོར་མོ་རྣམས་གཞིས་ཆག་རྒན་གོག་རྣམས་ནས་རང་ཆོས་རང་བདག་གི་དཔེ་ལྟར་ས་རྡོ་རྒལ་པར་ཁུར་ཞིང་རྗེ་བཙུན་མི་ལ་རས་པས་ལྷོ་བྲག་མར་པའི་བསས་མཁར་དགུ་ཐོགས་བཞེངས་པ་ནང་བཞིན་ད་ལོར་འཚོགས་ཁང་གི་འོག་ཁང་དེ་ལེགས་གྲུབ་བྱུང་ནས་བླ་སློབ་རྣམས་འཚོགས་ཁང་གསར་པའི་ནང་ད་རེས་མཉམ་དུ་བདེ་ཆེན་ཞིང་སྒྲུབ་འཚོགས་རྒྱུ་བྱུང་བ་དངོས་གནས་ཧ་ཅང་དགའ་བོ་བྱུང་། ཉིན་ལྔ་ཧྲིལ་པོར་བདེ་ཆེན་ཞིང་སྒྲུབས་འཚོགས་ཞིང་ད་ལོར་དམིགས་བསལ་རྫོགས་ཆེན་དགོན་དང་། བག་ཡོད་དགོན། རྟ་རྣ་དགོན། སྟག་ཤམ་དགོན། དར་རྒྱས་དགོན་སོགས་ནས་གདན་འདྲེན་ཞུས་པའི་བླ་སྤྲུལ་མཁན་པོ་དགེ་བཤེས་གྲྭ་སྔགས་སོགས་སྡོམས་པས་ཉིན་ལྟར་དགེ་འདུན་པ་དྲུག་བཅུ་དང་བདུན་བཅུའི་ཡས་མས་ཕེབས་ཀྱི་འདུག མི་མང་ཡང་ཉིས་བརྒྱ་མ་ཟིན་ཙམ་ཞིག་སྡོམ་པས་སྐྱ་སེར་སུམ་བརྒྱ་མ་ཟིན་ཙམ་ཞིག་ཉིན་ལྟར་འཚོགས་ཞུགས་གནང་མཁན་འདུག ངས་ཀྱང་བདེ་ཆེན་ཞིང་སྒྲུབ་དང་འབྲེལ་བའི་ཆོས་བཤད་གང་དྲག་བྱས་པས་མི་མང་རྣམས་ཧ་ཅང་དགའ་བོ་བྱས་སོང་། ཉིན་ཐ་མའི་སྐབས་སུ་རྟེན་འབྲེལ་མ་འགྲིག་རང་འགྲིག་གི་དཔེ་ལྟར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ལ་ཁེལ་འདུག་སྟབས་མི་མང་རྣམས་དང་མཉམ་ཞུགས་བྱས་ནས་གཞིས་ཆགས་མི་མང་ནས་རྐང་བྲོ་གླུ་གཞས་སོགས་ལྟད་མོ་མིག་གི་བདུད་རྩིར་གྱུར། ཕྱི་ཉིན་ཞོགས་པ་སྔ་བོར་ལངས་ནས་བདེ་ཆེན་ཞིང་སྒྲུབས་ཚོགས་གཙོ་བསྟན་འཛིན་རིན་ཆེན་གཙོས་མི་གསུམ་གྱིས་བླ་མ་བསོད་ནམས་རྡོ་རྗེ་ངེད་གཉིས་བྷེང་ལོར་གནམ་ཐང་ལ་བསྐྱེལ་མ་བྱས་སོང་།

འབྲུག་དང་འབྲས་ལྗོངས་སོགས་གནས་སྐོར་ལ་ཁྱུག་ཙམ་སོང་བའི་ཉིན་ཐོ། 
 ལྷོ་ཕྱོགས་ཆོས་ཀྱི་བྱེད་སྒོ་ཁག་ལེགས་གྲུབ་བྱུང་ནས་རིང་ནས་སྙིང་དུ་གནག་པའི་རེ་བ་རྡོ་རྗེ་གླིང་ན་བཞུགས་པའི་ངོས་ཀྱི་ཆོས་གྲོགས་བླ་མ་མིག་དམར་རྡོ་རྗེ་དང་། འབྲུག་གྲྭ་དགེ་ལེགས་གཉིས་ཀྱི་རོགས་རམ་དང་མཐུན་འགྱུར་འོག་འབྲུག་དང་རྒྱ་གར་ས་མཚམས་ཕུན་ཚོགས་གླིང་བརྒྱུད་ནས་ཐེམ་བུ་དང་སྦ་གྲོ་སོགས་ལ་ཉིན་གཉིས་རིང་འགྲུལ་བཞུད་ཐུང་ཙམ་འགྲོ་རྒྱུ་བྱུང་། འབྲུག་པའི་ཡུལ་ལྗོངས་ནི་ཧ་ཅང་མཛེས་ཀྱང་ད་རེས་ཆར་བསྡུས་ཀྱི་དུས་ཚིག་ལ་ཁེལ་ནས་འགྲོ་ལམ་བདེ་བོ་མེད་པ་རེད་འདུག འབྲས་ལྗོངས་ལ་བཞུགས་པའི་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་མཇལ་བསམ་ཀྱང་སྐུ་མཚམས་བཅད་རྒྱར་ཁེལ་ནས་མཇལ་ཁ་མ་བྱུང་། གང་སར་འཁྱམས་ཉུལ་མང་དྲག་པ་དང་རྒྱ་གར་ཆར་བསྡུས་ཀྱི་མགོ་ཟིན་ནས་གནམ་གཤིས་འཁྲུགས་པའི་རྐྱེན་གྱིས་ཉིན་གཉིས་གོང་ནས་ངོས་ལ་ཚ་བ་འབར་ཞིང་གློ་རྒྱབ་པ་སོགས་ཚ་འཆམས་ཞིག་ཕོག་ཀྱང་འདི་ཟླའི་ཚེས་པ་ཉི་ཤུ་ཉིན་ཨ་རིར་འབྱོར་དགོས་སྟབས་འབྲུག་དང་འབྲས་ལྗོངས་སོགས་ལ་དགུ་ལུང་དགུ་རྣམས་རྒྱབས་ནས་སི་རི་གུ་རིའི་གནམ་ཐང་བརྒྱུད་ད་ནུབ་བོད་སྒར་བསམ་ཡས་གླིང་ལ་ཤི་མ་གསོན་གྱིས་སླེབས་སོང་། ས་གནས་འདིར་ཡོད་པའི་ངོས་ཀྱི་ཚ་མོ་ཆོས་དབྱིངས་དབང་མོ་དང་དགའ་སྐྱིད་ནས་ངོས་ཀྱི་ཟ་མ་དགའ་ཤོས་སྐྱུར་ཐུག་ཧ་ཡང་གང་བསྐོལ་ནས་སྒུག་འདུག ད་རེས་བྱེས་ཡུན་འདི་ཡི་སྐབས་སུ་ངོས་ཀྱི་འདོད་པ་ལྟར་དུ་བོད་ཟས་ཞིམ་པོ་ཞིག་མ་རག་པས་གླང་རྒན་གྱིས་ཚ་ཆུ་འཐུང་པ་ནང་བཞིན་སྐྱུར་ཐུག་ཕོར་རྒན་གཉིས་བྲོད་ཁོག་ནང་དུ་བླུགས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Wednesday, June 25, 2014

རྡ་ས་ནས་ལྡི་ལིར་ཡོང་བའི་ཉིན་མོ།

མན་ཇུ་ཀ་ཏྲི་ལའི་སྲང་བར་ཟུར་ཞིག
ད་ནུབ་ངོས་ཀྱི་ཚ་མོ་ཆོས་དབྱིངས་དབང་མོ་དང་དགའ་སྐྱིད། གཞན་བླ་མ་བསོད་ནམས་རྡོ་རྗེ་བཅས་ངེད་བཞི་པོ་སྟབས་བདེའི་སྤྱི་སྤྱོད་རླངས་འཁོར་ཞིག་ནང་དུ་མི་རེས་ཧིན་སྒོར་བདུན་བརྒྱ་རེ་སྤྲད་ནས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་རྡ་ས་ནས་ཐོན་ནས་ཡོང་བས་ད་ནངས་ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་ཁ་སྐྱུག་དྲི་ཕ་ལེ་བོད་སྒར་བསམ་ཡས་གླིང་རྙོག་ལུད་ཁྲོད་དུ་འཕངས་སོང་། 
སང་ཉིན་ཞོགས་པ་ཆུ་ཚོད་གསུམ་པའི་སྐབས་སུ་སྔ་ལངས་བྱེད་ནས་བླ་མ་བསོད་རྡོ་དང་ལྷན་ལྡི་ལིའི་གནམ་ཐང་བརྒྱུད་ནས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ལ་འགྲོ་དགོས། གལ་ཆེའི་ལས་ཀ་ནི་བྷེང་ལོར་ནས་རླངས་འཁོར་ཆུ་ཚོད་དྲུག་ཙམ་གྱི་སར་ཡོད་པའི་ཀོ་ལི་སྒར་དོན་ལྡན་གླིང་གཞིས་ཆགས་སུ་བདེ་ཆེན་ཞིང་སྒྲུབ་འཚོགས་རྒྱུ་དེ་ཡིན། ཆོས་ཕྱོགས་ཀྱི་ལས་ཀ་འདི་ནི་ཉིས་སྟོང་ལྔ་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གུས་ལ་ཆེད་དུ་བཀའ་གནང་ནས་འདི་ལྟར་གསུང་མྱོང་ཡོད། 

ཁྱེད་རང་ནས་ས་ཁུག་ལུང་ཀྱོག་ཞིག་ཏུ་དགོན་པ་གཞེངས་ནས་ཨ་ནེ་དང་གྲྭ་པ་མང་པོ་གསོ་སྐྱོང་བྱས་པ་ལས་བོད་རིགས་སྐྱབས་བཅོལ་བ་གཞིས་ཆགས་སྐྱོ་བོ་རྣམས་ཀྱི་ནང་དུ་བདེ་ཆེན་ཞིང་སྒྲུབས་དང་ནང་ཆོས་ངོ་སྤྲོད་སོགས་གྱིས། དེའི་སྐབས་སུ་བླ་མ་དང་སྦྱིན་བདག་གཉིས་ཀ་ཁྱེད་རང་ནས་བྱེད་ཐུབ་ན་ཁྱེད་རང་བསོད་ནམས་བསགས་ཀྱི་རེད། བསོད་ནམས་ཆེན་པོ་བསགས་ཐུབ་ན་ཞོར་དུ་ཁྱེད་རང་གི་ལས་ཀ་དེ་ཡང་ནུས་པ་ཆེ་རུ་འགྲོ་གི་རེད། བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ།། གསུངས་པ་ནང་བཞིན་རེད་ཧུར་ཐག་གྱིས་ཤོག་ཨ

ཅེས་གསུངས་སོང་དེ་ནས་བཟུང་སྟེ་རྩ་བའི་བླ་མའི་བཀའ་གསུངས་ཅི་སྒྲུབ་ཡིན་ཁུལ་གྱིས་རང་འཁོས་ནུས་ཚོད་གང་ཡོད་བོད་པའི་སྤྱི་ཚོགས་རྣམས་སུ་ཆོས་དང་ཟང་ཟིང་གི་རོགས་པ་གང་དྲག་བྱེད་ཀྱི་ཡོད། 
ད་ནངས་ཞོགས་པ་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་དགོན་པ་གཅིག་པ་དང་མ་ཟད་ལོ་གསུམ་ཟླ་གསུམ་མཉམ་དུ་བསྡད་ནས་དམ་ཚིག་གསེར་སྐུ་ཆེན་མོ་ལ་བར་ཆད་ཀྱི་གཡའ་ཡིས་མ་གོས་པ་ད་ལྟ་ཐེའུ་ཝན་གནས་བཞུགས་འཇའ་ཚོན་རིན་པོ་ཆེ་རེད་འདུག ཁོང་ནི་ངོས་ཀྱི་མི་ཚེར་རྡོ་རྗེའི་མཆེད་གྲོགས་ཡག་ཤོས་དེ་ཡིན་ཞེས་བཤད་ཀྱང་ཕལ་ཆེར་མི་ཆོག་རྒྱུ་མེད། གང་ཡིན་ཟེར་ན་གོང་དུ་བཤད་པ་ལྟར་ང་ལོ་ཉེར་གཅིག་སྐབས་སུ་རང་དགོན་མཆོག་གླིང་གཏེར་གསར་སྒྲུབ་ཁང་ཐེངས་དང་པོ་རུ་ང་ཚོ་སྒྲུབ་གྲྭ་དགུ་རྒྱན་གྲལ་དུ་མ་བཞག་པར་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་མཆོག་ནས་གདམས་གསེས་བྱས་ནས་བཞག་པ་རེད། 
དེའི་ནང་ནས་ང་མ་གཏོགས་ད་ལྟ་རྒྱལ་ཕྱི་ནང་གཉིས་སུ་འཇའ་ཚོན་རིན་པོ་ཆེའི་གཙོར་བྱས་རང་དགོན་གྱི་བསྟན་པ་ལ་ཕན་ཐོག་ཆེ་བའི་བླ་མ་ཤ་སྟག་ཕེབས་ཡོད། 
དེ་རིང་བོད་སྒར་བསམ་ཡས་གླིང་གཡག་རྭའི་སྦུབས་འདྲ་བ་དེ་ནས་ཡར་འཁྱམས་མར་འཁྱམས་བྱས་པས་གནང་ལ་ཉེ་བའི་ལ་དྭགས་དུས་འཁོར་དབང་ཆེན་ཆེད་དུ་ཤར་ལྷོ་ནུབ་བྱང་ས་གནས་མི་འདྲ་བ་ནས་ཕེབས་པའི་སྐུ་མགྲོན་རྣམས་ཟིང་ཟིང་ལོང་ལོང་འདྲ་རེད་འདུག ང་ནི་ད་ལོར་དུས་དབང་འདིར་འགྲོ་བསམ་ནས་སྐོམ་པ་ཆུ་འདོད་ལྟར་གྱུར་ཀྱང་ངོས་ཀྱི་འཚོགས་བཞིན་པའི་བདེ་ཆེན་ཞིང་སྒྲུབས་ཆེན་མོ་འདི་དུས་ཚོད་གཅིག་ལ་ཁེལ་ནས་གནས་སྐབས་དུས་དབང་ལ་བཅར་རྒྱུའི་གོ་སྐབས་མ་བྱུང་། 

འགགས་ལ་དོག་པའི་མན་ཇུ་ཀ་ཏྲི་ལ།། 

ངེས་མེད་ཕེབས་པའི་སྐུ་མགྲོན་ཕོ་མོ།། 
ཅི་ཞིག་བོར་ནས་འཚོལ་བ་འདྲ་བའི།། 
ང་ཡི་སེམས་ནང་དྲི་བ་སླེབས་བྱུང་།

གང་ནས་ཕེབས་པའི་སྐུ་མགྲོན་ཡིན་ནམ།། 

མ་འགྲུབ་དོན་ཆེན་ཅི་ཞིག་ཡོད་དམ།། 
སང་ཉིན་གང་དུ་ཕེབས་མཁན་ཡིན་ནམ།།
དོ་ནུབ་གང་དུ་བཞུགས་མཁན་ཡིན་ནམ།། 




གོང་གི་ཤོ་ལོ་ཀ་འདི་ཡི་ལན་སུས་རྒྱབ་ཀྱང་ཆོག 

Monday, June 23, 2014

ཆོས་གྲོགས་རྣམས་དང་འཕྲད་པའི་ཉིན་མོ།

ཆོས་གྲོགས་དཀོན་མཆོག་ཕྲིན་ལས་དང་མཉམ་དུ།
དེ་རིང་ཞོགས་པ་སྔ་བོར་ལངས་ནས་བསིལ་རླུང་གྲང་མོའི་ཁྲོད་ནས་གཙུག་ལག་ཁང་ལ་སྐོར་བ་ལ་སོང་། སྐོར་ལམ་ནང་དུ་མ་ཎི་གླུ་ཆུང་ཁ་ནས་ལེན་བཞིན་ལག་ཏུ་འཁར་བ་ཐོགས་མཁན་གྱི་ཨ་མ་རྒན་མོ་རྣམས་དང་། པ་ཏི་ཁྲ་བོའི་བསང་ཁུག་ཕྲག་ལ་གཟར་ཞིང་ངག་ཏུ་ཀི་བསོ་ལྷ་རྒྱལ་གྱེར་མཁན་གྱི་པ་ལགས་རྣམས་བཅས་མདོར་ན་རྡ་སའི་རི་སུལ་ལ་གནས་པའི་བོད་རིགས་སྐྱ་སེར་རྒན་གཞོན་མ་ངེས་པ་སྣ་ཚོགས་གླིང་སྐོར་ནས་མཐོང་རྒྱུ་འདུག 
ཉིན་གུང་རྒྱབ་ཏུ་ཏྲོའུ་ཤིས་རྟའི་གཡས་ཟུར་སྐུ་སྒེར་ཡིག་ཚང་ནས་གསོ་སྐྱོང་གནང་བའི་མཚམས་པ་ཆོས་གྲོགས་ཕ་ཡུལ་འདན་ཁོག་ནས་ཡིན་པའི་སྐུ་ཞབས་དཀོན་མཆོག་ཕྲིན་ལས་དང་། སྟོད་རྒྱང་རྩེ་ནས་ཡིན་པའི་བཙུན་མ་བསྟན་འཛིན་ཆོས་འཛོམས་ལགས་གཉིས་ལ་སྔ་ནས་ཐུག་རྒྱུའི་དུས་ཆད་བྱས་པ་ནང་བཞིན་ངོས་ཀྱི་ཚ་མོ་རྣམས་དང་ལྷན་ཐུག་འཕྲད་ལ་སོང་། 
ཨ་ནེ་བསྟན་འཛིན་ཆོས་འཛོམས་དང་། སྐུ་ཞབས་དཀོན་མཆོག་ཕྲིན་ལས་གཉིས་ནི་ལོ་དྲུག་ཡར་སྔོན་རྒྱ་གར་ལྷོ་ཕྱོགས་གནས་སྐོར་ལ་མཉམ་དུ་སོང་བའི་གནས་རོགས་ཡིན་པ་མ་ཟད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མདུན་ནས་མདོ་སྔགས་ཀྱི་གསུང་ཆོས་མང་པོ་ཞིག་མཉམ་ཞུ་བྱས་པའི་རིང་བའི་ཆོས་གྲོགས་ཞིག་ཀྱང་ཡིན། 
ཁོང་རྣམ་གཉིས་ནི་སྐུ་སྒེར་ཡིག་ཚང་མཚམས་པའི་ཁོངས་གཏོགས་ཡིན་པ་མ་ཟད་དབེན་གནས་ཏྲོའུ་ཤིས་རྟར་བཞུགས་ནས་ལོ་གྲངས་ཉི་ཤུ་ལྷག་ཙམ་རེད་འདུག ང་ཡང་༡༩༩༨ ལོར་རྒྱ་གར་ལ་སྐྱབས་བཅོལ་ལ་འབྱོར་བའི་སྐབས་སུ་ཚེ་སྟོད་ཐོས་དོན་རྣམས་ཚེ་སྨད་བསམ་སྒོམ་གྱིས་རང་རྒྱུད་ལ་སྦྱར་ནས་བཞུགས་སྒར་རྡ་རས་ཤཱ་ལའི་དབེན་ཁྲོད་འདིར་བཀའ་གདམས་པའི་གཏད་ས་བཞི་ལ་བློ་ཕུག་བཅོལ་ནས་བསྡད་བསམ་ཡང་། སྟབས་མ་ལེགས་པ་ཞིག་ལ་ང་ནི་གཞན་དབང་ལྡོག་མེད་ངན་པའི་དབང་གིས་མི་ཚེ་ས་མཐར་ཁྱི་སྡོམ་བཞིན་དུ་འཁྱམས་དགོས་བྱུང་བ་བློ་འགྱོད་ཆེ།
དབེན་གནས་ཏྲོའུ་ཤིས་རྟ་ཡི་གཡས་ཕྱོགས་སྔོ་ལྗངས་གཡུ་ལོའི་སྤངས་ལྗོངས་ཀྱི་ཁྲོད་དུ་ད་ནུབ་ཚ་མོ་གཉིས་ནས་བཟོས་པའི་ངོས་ཀྱི་ཟ་མ་དགའ་ཤོས་སྔོ་ཚལ་མོག་མོག་དང་། ཙམ་པ་སོགས་ཁུར་ནས་སོང་བས་གོང་གསལ་ངོས་ཀྱི་ཆོས་གྲོགས་མཚམས་པ་གཉིས་ནས་ཀྱང་ཇ་དང་། ཤིང་ཐོག གདན་སོགས་གྲ་བསྒྲིགས་བྱས་ནས་སྒུག་འདུག དེ་རིང་གནམ་གཤིས་ཧ་ཅང་སྐྱིད་པས་སྤངས་ལྗོངས་ཐོག་ཏུ་ཁ་བརྡ་བྱེད་བཞིན་བསྡད་པས་དཔེ་མེད་སྐྱིད་པོ་བྱུང་། དགོང་མོར་རྡ་རམ་ཀོ་ཏྲར་སྐད་གྲགས་ཅན་ཟ་མ་པི་རྫ་བཟའ་ལ་སོང་། དགོང་མོ་མགྲོན་ཁང་ནང་དུ་ཡོང་ནས་ངོས་ཀྱི་ཚ་མོ་ཆེ་བ་ཆོས་དབྱིངས་དབང་མོ་ལ་ལུགས་གཉིིས་ཀྱི་བསླབ་བྱ་གང་དྲག་བྱེད་ཁུལ་བྱས་ནས་ཉལ་སར་སོང་ཞིང་གཉིད་དུ་ཡུར།

Friday, June 20, 2014

ཞྭ་དམར་རིན་པོ་ཆེའི་སྐུ་གྲོངས་བའི་སྐོར་ལ་དཔྱད་པ།

ཞྭ་དམར་རིན་པོ་ཆེ། 
ཁ་རྩང་དེང་སང་དྲ་ལམ་ཐོག་ནས་བཀྲ་མི་ཤིས་པའི་གཏམ་ངན་ཞིག་ལ་སྐྱབས་རྗེ་ཞྭ་དམར་རིན་པོ་ཆེ་བློ་བུར་དུ་སྐུ་གཤེགས་ཡོད་པའི་གཏམ་ངན་དེ་རེད། ཞྭ་དམར་རིན་པོ་ཆེ་ནི་ཀརྨ་བཀའ་བརྒྱུད་ཀྱི་བླ་ཆེན་ཞིག་ཡིན་པ་མ་ཟད་དཔལ་རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་མཆོག་གི་སྐུ་ཚ་ཡང་ཡིན། ཞྭ་དམར་ནི་བཀའ་བརྒྱུད་པའི་བླ་ཆེན་ནང་གི་གཙོ་ཆེ་གྲས་ཞིག་ཡིན། སྐུ་གོང་མའི་ནང་ནས་ཞྭ་དམར་དཀོན་མཆོག་ཡན་ལག་དང་། ཞྭ་དམར་མཁའ་སྤྱོད་དབང་པོ། ཞྭ་དམར་མི་ཕམ་ཆོས་འགྲུབ་རྒྱ་མཚོ་སོགས་ནི་རྩོད་མེད་ཡོངས་གྲགས་ངེས་དོན་གྱི་མཁས་གྲུབ་ཆེན་པོ་ཤ་སྟག་ཡིན། ཡོངས་གྲགས་སུ་རྒྱལ་བ་ཞྭ་དམར་ནག་གཉིས་ཞེས་བོད་མདོ་དབུས་ཀུན་ལ་རླུང་ལྟར་དུ་གྲགས་པ་ལྟར་རེད། 
གནའ་སྔ་མོ་མཚམས་པ་རི་ཁྲོད་ཞིག་དང་དཔེ་ཆ་ཅུང་ཙམ་ལྟ་མྱོང་ཡོད་མཁན་ང་རྒྱལ་ཅན་གྱི་གྲྭ་པ་ཞིག་དང་འཕྲད། མཚམས་པས། སྐུ་ཞབས་ལགས་ཁྱེད་ནས་དཔེ་ཆ་གང་དང་གང་ཤེས་ཞེས་དྲིས། དཔེ་ཆ་བ་དེས། ངས་འདི་དང་འདི་ཤེས་ཞེས་ཐ་སྙད་རིག་པ་རྣམས་རེ་རེ་བཞིན་བགྲངས་ཁུལ་བྱས།  མཚམས་པས། ཡ་སྐུ་ཞབས་ལགས། དམྱལ་ཁམས་བཅོ་བརྒྱད་གང་རེད་ཅེས་དྲིས་དུས། དཔེ་ཆ་བས། དམྱལ་ཁམས་བཅོ་བརྒྱད་ནང་ནས་ཉི་ཚེ་བ་དང་། ཉེ་འཁོར་བ་གཉིས་ཀྱི་མིང་བརྗེད། ཅུང་བསམ་བློ་ཞིག་གཏང་ནས་ད་ངས་དྲན་སོང་ཀརྨ་པ་ཞྭ་དམར་ནག་གཉིས་དང་བཅོ་བརྒྱད་རེད་ཅེས་ལན་བཏབས། ཁོང་ཀརྨ་པ་ཞྭ་དམར་ནག་གཉིས་ལ་མ་གུས་ནས་དམྱལ་ཁམས་བཅོ་བརྒྱད་ཀྱི་གྲངས་སུ་བགྲངས་བ་མ་ཡིན་ཀྱང་སྐབས་དེ་དུས་བོད་ཁམས་ཡོངས་སུ་ཀརྨ་པ་ཞྭ་དམར་ནག་གཉིས་སྐད་གྲགས་ཆེན་པོ་ཡིན་སྟབས་ཁོང་ནས་བསམ་བློ་མ་གཏངས་དམྱལ་ཁམས་བཅོ་བརྒྱད་ཀྱི་གྲངས་སུ་བགྲངས་བ་རེད་ཅེས་ཀུན་བཟང་བླ་མའི་ཞལ་ལུང་ལས་གསུངས་ཡོད། 

ཞྭ་དམར་རིམ་བྱོན་གྱི་ལོ་རྒྱུས་མདོར་བསྡུས།
ཀརྨ་རང་བྱུང་རྡོ་རྗེའི་དངོས་སློབ་རྟོགས་ལྡན་གྲགས་པ་སེངྒེ་སྐུ་མྱ་ངན་ལས་འདའ་ཁར་ཡོན་གྱི་རྒྱལ་ས་པེ་ཅིན་ནས་ཧྲང་ཏུའུ་ལ་མ་ཕེབས་གོང་ཙམ་རབ་བྱུང་དྲུག་པའི་ས་ཡོས་(༡༣༣༩)་ལོར་དབུ་ཞྭ་དམར་པོ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་ཞིག་གནང་སྟེ་སྐུ་ཚབ་ལྟ་བུར་བསྐོ་བཞག་གནང་བ་ནས་སྐུ་ཕྲེང་རིམ་བྱོན་ལ་ཞྭ་དམར་རིན་པོ་ཆེ་ཞེས་མཚན་ཐོགས་པ་བྱུང་། ཞྭ་དམར་སྐུ་ཕྲེང་བཅུ་བྱུང་བ་སྟེ། ༡རྟོགས་ལྡན་གྲགས་པ་སེངྒེ། ༢ མཁའ་སྤྱོད་དབང་པོ། ༣ ཆོས་དཔལ་ཡེ་ཤེས། ༤ ཆོས་གྲགས་ཡེ་ཤེས། ༥ དཀོན་མཆོག་ཡན་ལག། ༦ ཆོས་ཀྱི་དབང་ཕྱུག། ༧ དཔལ་ལྡན་ཡེ་ཤེས་སྙིང་པོ། ༨ཆོས་ཀྱི་དོན་འགྲུབ། ༩ ཆོས་ཀྱི་ཉི་མ། ༡༠ ཆོས་འགྲུབ་རྒྱ་མཚོ། སྐུ་ཕྲེང་བཅུ་པ་ཆོས་འགྲུབ་རྒྱ་མཚོ་འདིའི་སྐབས་གོར་ཁས་བོད་ལ་བཙན་འཛུལ་བྱེད་པའི་གོ་རིམ་དང་འབྲེལ་བ་བྱུང་བའི་གླེང་གཞི་ལ་བརྟེན་ནས་མན་ཆིང་གོང་མ་ཆེན་ལུང་སྡེ་པ་གཞུང་གཉིས་ཁྱི་སྤྱང་འོ་ཟོམ་ཁ་མཐུན་གྱི་དཔེ་ལྟར་ཞྭ་དམར་པའི་སྐུ་ཕྲེང་ཕྱིན་ཆད་ཡང་སྲིད་བརྩད་བཅོད་མི་ཆོག་བཟོས་ནས་ལོ་བརྒྱ་དང་བདུན་བཅུ་ཙམ་སོང་འདུག མ་ཟད་ཡངས་པ་ཅན་གྱི་དགོན་པ་ཡང་ཆོས་ལུགས་དགེ་ལུགས་པར་མི་འདོད་བཞིན་དུ་བཙན་བསྒྱུར་སོགས་ཀྱི་ཉེས་ཆད་བཅད་ཡོད་པ་རེད། དེ་དང་མ་ཟད་ཞྭ་དམར་སྐུ་ཕྲེང་བཅུ་པ་ཆོས་འགྲུབ་རྒྱ་མཚོའི་དབུ་ཐོད་ལྷ་ས་ར་མོ་ཆེའི་གཙུག་ལག་ཁང་སྒོ་ཐེམ་གྱི་ཞབས་འོག་ཏུ་ད་ལྟ་ཡང་མནན་ཡོད་པའི་སྐད་ཆ་ཡོད། ད་ལྟའི་ཞྭ་དམར་རིན་པོ་ཆེ་འདི་དཔལ་རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་དང་༧གོང་ས་སྐྱབས་མགོན་ཆེན་པོ་རྣམ་གཉིས་གྲོས་མཐུན་གྱིས་ཀརྨ་པས་རང་གི་ཚ་བོ་ཞྭ་དམར་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ལ་ངོས་འཛིན་གནང་།  ཞྭ་དམར་རིན་པོ་ཆེའི་དྲྭ་རྒྱ་ནང་གསལ་ལྟར་ན་སྐུ་ཕྲེང་བཅུ་གཅིག བཅུ་གཉིས། བཅུ་གསུམ་གསུམ་ཡང་སྲིད་ཕེབས་ཡོད་ཚུལ་བཀོད་འདུག་ཀྱང་ཡོངས་གྲགས་སུ་བྱུང་མེད་པ་རེད། 

ད་ལྟའི་ཞྭ་དམར་སྐུ་ཕྲེང་བཅུ་བཞི་པ་འདི་ནི་ངོས་ལ་ལྟོས་ན་དབང་ཆོས་ཀྱི་འབྲེལ་བ་ཕར་ཞོག་མཇལ་མྱོང་ཙམ་མེད་ཀྱང་མི་ཡིས་བཤད་ཚོད་ལྟར་བྱས་ན་ཕོ་རུས་ཆེ་ཞིང་། མི་གཤིས་གྱོང་བ། སྤྱོད་པ་རྩིང་ལ། བྱ་བྱེད་མང་བ་ཞིག་ཡོད་སྐད་འདུག
གང་ལྟར་ཀྱང་གནའ་དཔེར། མི་ཤི་བོ་དེ་བཟང་། ལོ་སྔར་ལོ་དེ་ཡག ཟེར་བའི་དཔེ་ལྟར་ཞྭ་དམར་སྐུ་འཚོ་བཞུགས་ཚེ་ཕལ་མོ་ཆེས་ངན་སྨྲས་དང་བཀུར་འདེབས་སོགས་བྱེད་ནས་ང་ལྟ་བུ་ནུས་མེད་གཉོམ་ཆུང་རྣམས་ཀྱིས་མི་འགའ་ཞིག་གི་བཤད་མཁན་གྱི་ངག་ལ་ཉན་མི་ཕོད་པ་དང་། འབྲི་མཁན་གྱི་ཡི་གེར་བལྟ་མི་ཕོད་ཤ་སྟགས་རེད་འདུག
ད་རེས་ཞྭ་དམར་པ་སྐུ་གཤེགས་པ་དེས་གཅིག་བྱས་ན་མ་འོངས་པའི་ཀརྨ་བཀའ་བརྒྱུད་བསྟན་པ་འདི་བཟང་ཕྱོགས་ཀྱི་གོང་བུ་ནུས་པ་གཅིག་བསྒྲིལ་ལ་འགྲོ་སྲིད། 
རྡ་སའི་སྲང་ལམ་ཟུར་དུ་ཚིག་ཇ་འཐུང་ས་ཞིག་ནང་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས།

Sunday, June 15, 2014

སོ་གསར་པ་བཙུགས་པའི་ཉིན་མོ།

སྨན་པས་སོ་གཙང་མ་བྱེད་བཞིན་པ།
ཉེ་ཆར་དུས་ཆད་བྱས་པ་ནང་བཞིན་ད་ནངས་ཞོགས་པ་ཆུ་ཚོད་བཅུ་པའི་སྐབས་སུ་རྡ་ཤོད་ལ་ཡོད་པའི་སོ་སྨན་ཁང་dentist ལ་སོང་། དེ་ནི་ངོས་ཀྱི་འགྲམ་སོ་གཡས་པའི་མ་སོ་དེ་བུད་ནས་ཕལ་ཆེར་ལོ་བཅུ་གྲངས་ཞིག་ཡིན་ཀྱང་ངོས་རང་ལེ་ལོ་ཆེ་བས་ད་བར་སོ་གསར་པ་བཙུགས་རྒྱུ་མ་བྱུང་། 
ད་རེས་མི་གཞན་པས་སློབ་སྟོན་གྱིས་རྡ་ཤོད་སོ་སྨན་ཁང་འདི་ཡག་རབས་དང་བཟང་རབས་རིན་གོང་ཆུང་རབས་སོགས་ལུང་པ་གང་ཙམ་བཤད་བྱུང་བས་བསམ་བཟང་ཅན་གྱི་གྲོགས་པོར་ཁར་ཉན་ཅིང་སེམས་ཐག་རྦད་དེ་བཅད་ནས་རྡ་ཤོད་སྨན་ཁང་རྒྱུས་ཡོད་ཨ་ནེ་མདོ་སྒྲོན་དང་། རྒྱ་གར་སྐད་བསྒྱུར་ཚ་མོ་སངས་ཆོས་བཅས་མཉམ་དུ་སོང་། 
སོ་ཡི་སྨན་པ་ཕོ་གསར་ལོ་ཆུང་དེས་ངོས་ཀྱི་སོ་ལ་བརྟག་དཔྱད་བྱས་ནས་རྒྱ་གར་སྒོར་མོ་དྲུག་སྟོང་སྤྲད་རྒྱུ་བྱས་ནས་སོ་འཛུགས་རྒྱུ་བྱས། 

Friday, June 13, 2014

ས་ག་ཟླ་བའི་ཚེས་པ་བཅོ་ལྔའི་ཉིན་མོ།

མཛེས་པའི་རྡ་སའི་ཁོར་ཡུག པར་པ་རང་ཉིད།
ཉིན་མོ་འདི་ནི་ས་ག་ཟླ་བའམ་དུས་ཆེན་སུམ་འཛོམས་འབུམ་འགྱུར་གྱི་ཟླ་བ་ཞེས་བོད་པ་རྣམས་ཀྱིས་ཧ་ཅང་རྩ་ཆེ་བའི་དུས་ཆེན་ཞིག་ཏུ་ངོས་འཛིན་བྱེད་ནས་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་གཏོང་མདོར་ན་དགེ་སྒྲུབས་སྡིག་སྤངས་དུས་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ངོས་ཀྱང་ཁ་རྩང་ནས་གྲ་སྒྲིག་བྱས་ཟིན་པ་ལྟར་ད་ནངས་ཞོགས་པ་སྔ་བོར་ངོས་ཀྱི་ཚ་མོ་རྣམས་དང་། དགེ་ཕྲུག་འགའ་དང་ལྷན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕོ་བྲང་ངམ་རྩེ་རྣམ་རྒྱལ་གྲྭ་ཚང་ལ་མཆོད་མཇལ་ལ་སོང་། ལམ་བར་དུ་པང་གདན་ཁྲ་བོའི་གཟབ་འཆོར་བྱས་པའི་བོད་རིགས་བུད་མེད་རྣམས་དང་། པ་ཏི་ཁྲ་བོའི་བསང་ཁུག་ཕྲག་ཏུ་གཟར་བའི་སྐྱེས་པ་རྣམས་དང་། མ་ཎིའི་གླུ་ཆུང་ཁ་ནས་ལེན་ཅིང་རྒྱུགས་འཁར་གཉིས་འཛུགས་ཅན་རྒན་གོག་རྣམས་མདོར་ན་བོད་རིགས་མང་པོའི་འཚང་ཁ་ཤིག་ཤིག་རེད་འདུག 
བསམ་པའི་ཡུལ་ལས་འདས་པ་ཞིག་ལ་ལྷ་རྒྱལ་རིའི་གླིང་སྐོར་ནང་དུ་རྒྱ་གར་གྱི་སྤྲང་པོ་རྣམས་ཀྱིས་ཁེངས་འདུག གླིང་སྐོར་ནང་ནས་ཕོ་གསར་ཞིག་ནས་ཟེར་ན། 
ཁ་རྩང་ངས་རྒྱ་གར་སྒོར་མོ་སིལ་མ་དྲུག་སྟོང་བརྗེས་ཀྱང་ད་དུང་འདངས་མ་སོང་། 
ཟེར་བ་ལ་དཔྱད་ན་སྤྲང་པོ་དྲུག་སྟོང་ལས་བརྒལ་བ་ཡོད་པ་གཞི་ནས་ཤེས་སོང་།