ཁ་ལི་ཧྥོ་ཉའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཕྱི་ལོ་༢༠༢༦ སྤྱི་ཟླ་༩་པའི་ཚེས་༢༥ ་ནས་༢༧ བར་ཉིན་གསུམ་རིང་ང་འདུག་ས་ནས་སྣུམ་འཁོར་ཆུ་ཚོད་གསུམ་དང་ཕྱེད་ཙམ་གྱི་སར་ཡོད་པའི་ཁ་ལི་ཧྥོ་ཉའི་ས་གནས་ཨ་སིའི་རི་ཊོ་ Ei cerrito ལ་རི་བོ་དགེ་ལུགས་པའི་གདན་ས་ཆེན་མོ་སེ་ར་བྱེས་ཐེབས་རྩ་ཚོགས་པའི་འཚོགས་ཁང་དུ་རེས་གཟའ་པ་སངས། སྤེན་པ། ཉིན་མ་གསུམ་བཅས་ཉིན་གསུམ་རིང་འཚོགས། ས་གནས་འདིའི་བདེ་ཆེན་ཞིང་སྒྲུབ་ནི་ལོ་གསུམ་གོང་ནས་ང་ཡི་བློ་ཐུབ་ཀྱི་གྲོགས་པོ་དངོས་གྲུབ་རྡོ་རྗེ་ལགས་གཙོས་ཆོས་གྲོགས་འགའ་ཤས་ནས་སྦྱིན་བདག་གནང་ནས་གསར་འཛུགས་བྱས། དུས་དེ་ནས་བཟུང་སྟེ་ད་བར་ལོ་གསུམ་རིང་མི་མང་གི་ཞལ་འདེབས་རྣམས་ཐེབས་རྩར་བཞག་ནས་ལོ་སྟར་ཆགས་སུ་འཚོགས། སྔར་ལོའི་ལོ་གཉིས་རིང་བདེ་ཆེན་ཞིང་སྒྲུབ་ནི་སྔོན་འགྲོའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཚུལ་དུ་མི་མང་རྣམས་ལ་བདེ་ཆེན་ཞིང་སྒྲུབ་ཀྱི་ངོ་སྤྲོད་དང་། ཕན་ཡོན་སོགས་བཤད་པ་ཙམ་ལས་སྔ་དྲོ་དུས་ཁྲིམས་ཡན་ལག་བརྒྱད་པའི་གསོ་སྦྱོང་གི་སྡོམ་པ་ཞུ་བ་དང་དགུང་ཟས་སྤང་པ་སོགས་མེད། ད་ལོར་སྔ་ནས་གསལ་བསྒྲགས་བྱས་པ་ལྟར་དངོས་གཞིའི་བདེ་ཆེན་ཞིང་སྒྲུབ་ལ་སྔ་དྲོ་སྡོམ་པ་ཞུ་ལེན་དང་། དུས་ཁྲིམས་ཡན་ལག་བརྒྱད་པ། ཚུལ་ཁྲིམས་ཀྱི་ཡན་ལག་དང་། བག་ཡོད་ཀྱི་ཡན་ལག། བརྟུལ་ཞུགས་ཀྱི་ཡན་ལག་བཅས་ཡན་མདོར་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་ཚུལ་བཞིན་ཞུ་ལེན་བྱས་ཤིང་། སྡོམ་པ་སྲུང་བའི་ཕན་ཡོན་དང་མ་སྲུང་བའི་ཉེས་དམིགས་སོགས་འགྲེལ་བཤད་གང་དྲག་བྱས།
དེ་ནས་དུས་རབས་བཅུ་བདུན་ཕྱི་ལོ་༡༦༡༢ ཕེབས་པའི་མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱིས་མཛད་པའི་ཡོངས་གྲགས་སུ་ཆག་མེད་བདེ་སྨོན་ལ་ཁམས་ནང་ཆེན་ཟུར་མང་མཁན་ཆེན་པདྨ་རྣམ་རྒྱལ་གྱིས་ཞིང་སྒྲུབ་པདྨའི་དྲྭ་བ་འདི་ཉིད་ལོ་རབས་ལྔ་བཅུ་པའི་སྐབས་སུ་མདོ་སྔགས་ཟུང་འབྲེལ་གྱི་བདེ་ཆེན་ཞིང་སྒྲུབ་པདྨའི་དྲྭ་བ་འདི་ཉིད་སྒྲིག་ཆོག་གནང་། དུས་དེ་ནས་མར་མེ་གཅིག་ནས་གཉིས་མཆེད་ཀྱི་ཚུལ་དུ་ཟབ་ཆོས་བདེ་ཆེན་ཞིང་སྒྲུབ་འདི་ནགས་ལ་མེ་ལྕེ་མཆེད་པ་ནང་བཞིན་ནང་ཆེན་དང་། སྡེ་དགེ། ལྷ་ཐོག ཆབ་མདོ། རྫ་སྟོད། ལྷ་ས་སོགས་ལ་རིམ་བཞིན་རྒྱ་ཁྱབ་ཏུ་གྱུར་ནས་ད་ལྟ་རྒྱ་གར། བལ་ཡུལ། ཨ་རི། སུས་སི་སོགས་ཕྱི་རྒྱལ་ཁབ་ཏུ་ཁྱབ་བཞིན་པ་དང་། མ་ཟད་རི་བོ་དགེ་ལུགས་པའི་ཕྱོགས་ཀྱི་དགེ་བཤེས་དང་། བླ་སྤྲུལ་མང་དག་ཞིག་ནས་ཀྱང་དེང་སང་བཀའ་བརྒྱུད་དང་རྙིང་མའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཟབ་ཆོས་འདི་ལ་དོ་སྣང་གསར་པ་ཞིག་གི་རྦ་རླབས་འཕྱུར་བཞིན་པའི་སྐབས་འདིར་ངོས་ནས་ཀྱང་། ཁོ་བོས་བྲིས་པའི་”བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་ཐར་པའི་ས་བོན་ལས།”
ལྷ་གཅིག་ཀུན་འདུས་སངས་རྒྱས་སྣང་མཐའ་ཡས།། ཆོས་གཅིག་ཀུན་འདུས་སྙིང་པོ་ཡི་གེ་དྲུག།
ཉམས་ལེན་ཀུན་འདུས་བྱམས་དང་སྙིང་རྗེ་གསུམ།། འབྲལ་མེད་ཉམས་སུ་བླངས་དེ་སྐལ་བ་བཟང་།།
ཞེས་པ་ལྟར་ཟབ་ཆོས་འདི་ལ་སྔ་ནས་ཤི་འཇུ་རོ་འཐམ་བྱས་པ་དེ་ཧ་ཅང་སྐལ་པ་བཟང་པོ་ཞིག་རེད་འདུག་བསམ་པའི་རང་ཡིད་རང་ལ་ཆེས་པ་ཞིག་བྱུང་འདུག
འདི་ལོའི་བདེ་ཆེན་ཞིང་སྒྲུབ་སྐབས་སུ་ཞིང་སྒྲུབ་ཀྱི་སྒྲུབ་ཁོག་ནས་གསང་སྔགས་ཆོས་ཀྱི་ཆོས་ཡོངས་སུ་དག་པ་རྣམ་པ་བཞི་དང་། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་རེ་རེ་བཞིན་འགྲེལ་བཤད་གང་དྲག་བྱས་པ་མ་ཟད་གང་འདོན་རྒྱུའི་ཆོས་ཉིད་སྒོམ་གྱི་ཐོག་ཏུ་སླེབས་ཐུབ་པའི་ཐབས་ཤེས་དང་གང་བསྒོམ་བཞིན་པའི་ཆོས་དེ་ཉིད་ཀྱང་ད་ལྟའི་རང་རྒྱུད་ཀྱི་ཉོན་མོངས་ཀྱི་གཉེན་པོར་འགྲོ་དགོས་ཚུལ་ཁ་དིག་དིག་བར་དུ་བཤད།
ཉིན་ཐ་མར་ཞིང་སྒྲུབ་ཀྱི་དཔེ་ཆ་ཡོངས་རྫོགས་ཀྱི་ལུང་ཡང་བཏོན། ཉིན་རྒྱབ་ཚོགས་འཁོར་དང་མར་མེ་སྨོན་ལམ་སོགས་ཀྱིས་འདི་ལོའི་ཁ་ལི་ཧྥོ་ཉའི་བདེ་ཆེན་ཞིང་སྒྲུབ་ཐེངས་མ་གསུམ་པ་དེ་གནས་སྐབས་གེགས་མེད་ལེགས་གྲུབ་སོང་། ལོ་རེ་བཞིན་མི་ཇེ་མང་དང་མང་ཚོགས་ནས་ཟབ་ཆོས་འདི་ལ་དད་མོས་ཇེ་ཆེ་རུ་འགྲོ་གི་ཡོད་པ་དངོས་སུ་མཐོང་ཡོང་དུས་སྔུན་ནས་བསུ་མ་དང་། རྒྱབ་ནས་སྐྱོར་མཁན་གང་ཡང་མེད་པའི་གྲྭ་རྐྱང་དཀྱུས་མ་ཞིག་གི་ཆོས་ཕྱོགས་ཀྱི་ལས་འཆར་འདི་རྣམས་ལ་ངས་ང་རྒྱལ་ངོམ་ཆོས་གཏན་ནས་མིན་ཀྱང་རང་གིས་རང་ལ་སྤོབས་པ་འདྲ་ཞིག་སྐྱེ་ཡོང་གི་འདུག།

No comments:
Post a Comment