Translate

Wednesday, August 5, 2015

རྩ་བའི་བླ་མ་རྣམ་གཉིས་རྨི་ལམ་དུ་མཇལ་བའི་ཉིན་མོ།

ཁར་ནུབ་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་ཚར་བའི་ནུབ་མོར་རྨི་ལམ་ཁྱད་མཚར་ཞིག་གཏང་། ང་ནི་བོད་ཀྱི་ས་ཆ་ཞིག་ཏུ་འདུག་ངའི་རྒྱབ་ཏུ་བོད་བཟོ་བྱས་པའི་(སྒྲོ་བ་) སྒྲོ་བ་ཞེས་པ་ནི་ནང་ཆེན་བའི་ཡུལ་སྐད་ཡིན་དོན་དུ་ཀོ་བས་བཟོས་པའི་སྣོད་ཞིག་ལ་གོ་དགོས། མཆན།  ཞིག་ནང་དུ་བོད་ཟས་འདྲ་མིན་དཔེར་ན། རྩམ་པ་དང་། ཆུར་བ། ཞོ་དང་མར་སོགས་ཁུར་ནས་རི་མགོར་འཛེགས་པ་ཡིན། རི་མགོར་རྫ་སྤང་འདྲེས་མའི་ས་ཆ་སྐྱིད་པོ་ཞིག་གི་སྟེང་དུ་རས་གུར་ཁྲ་བོ་ཞིག་ནང་དུ་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་ཞལ་འཛུམས་མདངས་དང་བཅས་བཞུགས་འདུག
ངས་རྒྱབ་ཏུ་ཁུར་བའི་བོད་ཟས་རྣམས་སྐྱབས་མགོན་རིན་པོ་ཆེར་ཕུལ་བས་ཧ་ཅང་ཐུགས་རྗེས་ཚོར་ཆེན་པོའི་སྒོ་ནས་ང་ལ་བསླབ་བྱ་མང་པོ་ཞིག་གནང་ནས་མཐར་གཉིད་སད་སོང་། གཉིད་ཐུན་གཉིས་པའི་སྐབས་སུ་སྔར་བཞིན་རྨི་ལམ་དེ་གཏང་བྱུང་། ས་ཆ་དང་། རི་མགོ རས་གུར་སོགས་ཚང་མ་གཅིག་པ་རེད་འདུག་པ་མ་ཟད་ངའི་རྒྱབ་ཏུ་ཁུར་ཡོད་པའི་སྒྲོ་བ་དང་ཟས་རིགས་ཚང་མ་གཅིག་པ་རེད་འདུག སྐབས་དེ་དུས་ང་ཡི་མཉམ་དུ་མི་འགའ་ཤས་འདུག་ང་ཚོའི་རྒྱལ་བ་རིན་པོ་ཆེ་མཇལ་ལ་འགྲོ་གི་ཡོད་པ་ཤེས་ཀྱི་འདུག རས་གུར་ནང་དུ་མཛུལ་བ་དང་མཉམ་དུ་སྔར་རྒྱལ་བ་རིན་པོ་ཆེའི་བཞུགས་མལ་ཐོག་ཏུ་ང་ཡི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་བཞུགས་འདུག ངས་སྔར་བཞིན་རྒྱབ་ཏུ་ཁུར་ཡོད་པའི་བོད་ཟས་རྣམས་རྩ་བའི་བླ་མར་ཕུལ་བས་ཧ་ཅང་ཐུགས་རྗེས་ཚོར་ཆེན་པོའི་སྒོ་ནས་བསླབ་བྱ་མང་པོ་ཞིག་གནང་སོང་། གཉིད་ཐུན་གཉིས་པ་གཉིད་ལས་སད་པའི་སྐབས་སུ་སེམས་ལ་ཧ་ཅང་དགའ་སྤྲོ་ཆེན་པོ་ཞིག་གིས་ཁེངས་འདུག ནམ་རྒྱུན་བླ་སྒྲུབ་བྱེད་པའི་སྐབས་སུ་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་རྣམས་ཀུན་འདུས་ནོར་བུའི་ལུགས་སུ་སྒོམ་ཁུལ་བྱེད་ཀྱི་ཡོད་པས་རྨི་ལམ་དེ་ཉིད་ཀྱང་བླ་སྒྲུབ་ལ་མོས་པ་བྱས་པའི་བཟང་འབྲས་ཡིན་པ་གཞི་ནས་ཤེས་ཚོར་བྱུང་། 

After the Amitabha Puja on Monday, I had a very beautiful dream. I saw His Holiness the Dalai Lama in a small tent on a very high mountain in Tibet. I brought traditional Tibetan food specialities including butter, cheese, curd and Tsampa for offering. As soon as I offered them to His Holiness, he gave me many words of advice. When I woke up my heart was filled with so much joy and happiness. After a short while, I fell back to sleep. I had an another dream at the same place in the same tent. Again, I heard that His Holiness the Dalai Lama is living there. I went with all these gifts of Tibetan specialities to offer but when I entered the tent it wasn't His Holiness the Dalai Lama, it was my own Guru Kyabje Sangye Tenzin Rinpoche in the tent. I thought to myself; oh this time it's Sangye Tenzin Rinpoche, not His Holiness the Dalai Lama. Then, I gave him the offerings that I had brought with me. He too gave me teachings and advice. As soon as he had finished giving me teachings, I woke up with so much happiness in my heart. Dreaming of two lamas (gurus) at the same time at the same place symbolizes the very same heart and thought of all the lamas. I usually chant Guru Sadhana of His Holiness and Kyabje Sangye Tenzin Rinpoche. When I do Guru Sadhana of Sangye Tenzin Rinpoche I also think of His Holiness, idealizing him as Sangye Tenzin Rinpoche and vice-versa. I finally concluded from my dreams that all my lamas have the same nature and the same basis of emanation. So, my heart was filled with so much joy and happiness. 



Tuesday, August 4, 2015

བདེ་ཆེན་ཞིང་སྒྲུབ་འཚོགས་པའི་ཉིན་མོ།


ཁར་ནུབ་གཟའ་ཟླ་བའི་འཆར་ཅན་བདེ་ཆེན་ཞིང་སྒྲུབ་འཚོགས། ་སང་གི་ཞིང་སྒྲུབ་སྐབས་སུ་ཆོས་ཁྲིད་ལ་སྐད་བསྒྱུར་བྱམས་པ་མཐར་ཕྱིན་བརྒྱུད་ནས་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། བྱིན་རླབས་དང་དངོས་གྲུབ་གཉིས་ཐོབ་པའི་བར་ཆད་སེལ་བྱེད་ལ་མཁའ་འགྲོ་དང་ཆོས་སྐྱོང་ཞེས་གསུངས་པ་ལྟར་རྩ་བ་གསུམ་གྱི་ཁྱད་ཆོས་དང་ཕན་ཡོན་སོགས་འགྲེལ་བཤད་གང་ཤེས་བྱས། དངོས་གཞིའི་ཉམས་ལེན་གྱི་སྐབས་སུ་མདུན་བསྐྱེད་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་ལས་བདུད་རྩི་འབེབས་སྦྱངས་དང་འོད་ཟེར་སྤྲོ་བསྡུ་སོགས་དམིགས་རྣམ་སྐྱོང་བཅུག། མདུན་བསྐྱེད་འོད་ཞུའི་སྐབས་སུ་རྫོགས་རིམ་ངང་། རང་སེམས་མ་བཅོས་པ་དྲན་རིག་ད་ལྟའི་ཤེས་པ་སོ་མ་དུས་གསུམ་གྱི་རྟོག་པས་མ་བསླད་པ་འདི་ཉིད་ཀྱི་ངོ་བོར་བལྟ་བཅུག་ནས་སྐར་མ་འགར་སྒོམ་བྱས། བསྔོ་བ་མ་བྱས་པའི་གོང་ནས་སྤྱིར་སེམས་ཅན་ཐམས་ཅད་དང་། ཁྱད་པར་དུ་བོད་ནས་ཉེ་བའི་ཆར་བཙོན་ཁང་ནང་དུ་སྐུ་གཤེགས་པའི་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་གྲོངས་སྟངས་དང་། ད་ལྟའི་བོད་ནང་གི་དཀའ་ངལ་གང་ཡོད་རྣམས་འཕྲོས་བཤད་ཀྱི་ཚུལ་དུ་ངོ་སྤྲོད་བྱས་པས་དགེ་ཕྲུག་ཕལ་མོ་ཆེའི་མིག་ནས་མཆི་མ་འདོན་བཞིན་འདུག ངས་ཀྱང་དེ་རིང་གི་དགེ་རྩ་འདི་སྤྱིར་སེམས་ཅན་ཐམས་ཅད་དང་ལྷག་པར་དུ་འདས་པོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཆེད་དུ་བསྔོ་དགོས་ཚུལ་སོགས་བཤད། 
ངས་ནམ་རྒྱུན་ཆོས་ཀྱི་བྱེད་སྒོའི་སྐབས་སུ་དངོས་ཡོད་བོད་ནང་གི་གནས་སྟངས་སྐོར་གང་བྱུང་ཡོད་རྣམས་སློབ་མ་ཚང་མར་མཚམས་སྦྱོར་བྱེད་ཀྱི་ཡོད། སློབ་མ་རྣམས་ཀྱང་དེ་ལ་ཧ་ཅང་དགའ་མོས་བྱེད་ཀྱི་འདུག། ཞིང་སྒྲུབ་ཚར་མ་ཐག་དེ་རིང་ཆོས་ཚོགས་ཀྱི་འགན་འཛིན་ཧར་གྲིའི་སྐྱེ་སྐར་ཡིན་སྟབས་སྔ་ནས་གྲ་སྒྲིག་བྱས་པ་ནང་བཞིན་མེ་ཏོག་ཆགས་པ་ཞིག་དང་ཁ་གཏགས་བཅས་ལེགས་སྐྱེས་སུ་ཕུལ་ནས་མང་ཚོགས་ཀྱིས་སྐྱེ་སྐར་གདངས་དབྱངས་མཉམ་ལེན་བྱས་ནས་དཔོན་སློབ་རྣམས་དགའ་སྐྱིད་ངང་དེ་རིང་གི་ཆོས་ཐུན་དེ་གནས་སྐབས་མཇུག་ཡོངས་སུ་གྲུབ་བོ། 
 

Saturday, July 25, 2015

སྙིང་རྗེ་དང་ཤེས་རབ་ཀྱི་ཆོས་བཤད་བྱས་པའི་ཉིན་མོ།


དེ་རིང་ནི་ངོས་ཀྱི་ཆོས་ཚོགས་ནས་སྔ་ནས་གྲ་སྒྲིག་བྱས་པ་ནང་བཞིན་དགུང་མོར་ཆུ་ཚོད་བདུན་པའི་སྐབས་སུ་མི་མང་ལ། སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་བརྗོད་བྱའི་ཐོག་ནས་ཆོས་བཤད་བྱེད་རྒྱུ་དེ་ཡིན། ཆུ་ཚོད་བདུན་པའི་སྐབས་སུ་མི་མང་ལྔ་བཅུ་མ་ཟིན་ཙམ་གྱིས་ངོས་ཀྱི་ཆོས་ཚོགས་དེ་རྦད་དེ་གང་སོང་། དེ་རིང་ནི་ངོས་ཀྱི་ཆོས་ཚོགས་གསར་པར་མི་མང་ལ་ཆོས་བཤད་བགྱིས་པ་ཐེངས་མ་དང་པོ་ཡིན། སྐད་བསྒྱུར་བྱམས་པ་མཐར་ཕྱིན་བརྒྱུད་ནས་སྙིང་རྗེ་དང་ཤེས་རབ་ཀྱི་བརྗོད་བྱའི་ཐོག་ནས་དང་པོ་ནང་ཆོས་དང་མ་འབྲེལ་བར་སྙིང་རྗེ་གལ་ཆེན་ཡིན་ཚུལ་དང་། སྙིང་རྗེ་དེ་ཉིད་ཀྱང་གྲོགས་ཤེས་རབ་དང་འགྲོགས་སྟེ་འགྲོ་དགོས་ཚུལ་སོགས་བཤད། ནང་ཆོས་དང་འབྲེལ་བའི་ཐོག་ནས་སྙིང་རྗེ་ཉིད་ཚད་མེད་བཞི་ལས་དང་པོ་གཏང་སྙོམས་གལ་ཆེན་པོ་ཡིན་ཚུལ་དང་གཏང་སྙོམས་དེ་ཉིད་ཀྱང་རང་རྒྱུད་ལ་ལེགས་པར་གོམས་ནས་སྙིང་རྗེའི་བློ་སྦྱོང་སྟངས་དེ་ཉིད་རྒྱུ་འབྲས་མན་ངག་བདུན་དང་བདག་གཞན་མཉམ་རྗེ་སོགས་ལ་བསྟེན་དགོས་ཚུལ་དང་གྲོགས་ཤེས་རབ་ཀྱིས་རང་གཅེས་འཛིན་དེ་རྒུད་པ་ཀུན་སྒོ་ཡིན་པ་དང་། གཞན་གཅེས་འཛིན་དེ་ལེགས་ཚོགས་ཀྱི་འབྱུང་ཁུངས་ཡིན་པ་བཅས་འགྲེལ་བཤད་གང་ཤེས་བྱས་པས་མི་མང་ཧ་ཅང་དགའ་བོ་བྱས་སོང་། མཐར་མི་མང་གི་དྲི་བ་དྲིས་ལན་སོགས་ལ་སོ་སོའི་འདོད་བློ་ཁེངས་པའི་ལན་བཏབ་ནས་དེ་རིང་གི་ཆོས་ཐུན་དེ་བསྔོ་སྨོན་གྱིས་མཇུག་ལེགས་པར་བསྡུས། 

Thursday, July 9, 2015

གྱ་སྟོན་འཁྲུངས་སྐར་ལ་སོང་བའི་མྱོང་ཚོར།།



འདི་ལོར་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་མཚན་དཔེའི་གཟུགས་སྐུ་མངོན་པར་བཞད་ནས་དགུང་གྲངས་བརྒྱད་བཅུར་ཐམ་པར་ཕེབས་པའི་སྐུའི་འཁྲུངས་སྐར་ཉིད་ཀི་ལི་ཧྥོ་ཉའི་མངའ་སྡེ་ལོའུ་སན་རྗེའུ་སེའི་ལ་གཏང་གི་ཡོད་སྟབས་སྔ་ནས་གྲ་སྒྲིག་བྱས་པ་ནང་བཞིན་ངོས་ཀྱི་ཆོས་ཚོགས་ཀྱི་ཚོགས་གཙོ་ཧར་གྲེའུ་དང་། ཨ་མ་ཀུན་བཟང་དབང་མོ། ཚ་མོ་བདེ་ཆེན་དབྱངས་སྐྱིད་བཅས་ངེད་མི་བཞི་པོ་རླངས་འཁོར་གཅིག་གི་ནང་དུ་ཞུགས་ནས་སྤྱི་ཚེས་ལྔ་ཞོགས་པ་སྔ་བོར་ཐོན། ལོའི་སན་རྗེའུ་སེའི་ལ་དགུང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་གཞི་ནས་འབྱོར། ལམ་དུ་རླངས་འཁོར་ཆུ་ཚོད་བདུན་མ་ཟིན་ཙམ་འགྲོ་དགོས་འདུག དེ་ནུབ་མགྲོན་ཁང་སྐྱིད་པོ་ཞིག་ནང་དུ་བསྡད། མགྲོན་ཁང་ལ་ནུབ་རེར་ཨ་སྒོར་བརྒྱ་དང་བཞི་བཅུ་ཙམ་རེད་འདུག ད་རེས་མགྲོན་ཁང་གི་གླ་ཆ་དང་གསུང་ཆོས་ཀྱི་འཛིན་བྱང་རྣམས་ངོས་ཀྱི་ཆོས་ཚོགས་སློབ་སྟོན་པ་ཁའུ་སན་རྡ་ར་དང་། ཚོགས་གཙོ་ཧར་གྲེའུ་གཉིས་ནས་སྦྱིན་བདག་གནང་སོང་བས་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། 
སྤྱི་ཚེས་དྲུག་ནི་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་འཁྲུངས་སྐར་ཡིན་པས་མགྲོན་ཁང་ཉེ་འཁྲིས་སུ་ཡོད་པའི་སྐད་གྲགས་ཅན་གྱི་འཚོགས་ཁང་མི་གྲངས་གཅིག་ཁྲི་བརྒྱད་སྟོང་ཤོང་ཚད་ཅན་གྱི་འཚོགས་ཁང་ཕྱོགས་སུ་ཁ་གཏད་ནས་སོང་། སེམས་སྐྱོ་དགོས་པ་ཞིག་ལ་འཚོགས་ཁང་ཕྱི་ལོགས་ནས་བཀའ་གདམས་གསར་མའི་མིང་ཁ་རུ་ཁྱེར་ནས་དོན་དུ་དམ་སྲི་དོལ་རྒྱལ་འདྲེ་ཚོགས་འགའ་ཡིས་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་ལ་མཚན་སྨས་དང་ངུ་འབོད་བྱེད་པའི་རྣམ་འགྱུར་འདི་མཐོང་བ་དང་མཉམ་དུ་སེམས་ལ་མ་དགའ་བ་ཞིག་བྱུང་། ཞིབ་བལྟ་ཞིག་བྱས་དུས་མགོ་སེར་གྲྭ་ཆས་ཡ་མ་ཟུང་གྱོན་མཁན་འགའ་དང་མཉམ་དུ་བོད་པའི་གཞོན་སྐྱེས་གཉིས་འདུག་པས་ང་ཟུར་དུ་དོན་ནས་བོད་པའི་ཕོ་གསར་དེར་ངས་དྲི་བ་འདི་འདྲ་ཞིག་གཏང་བ་ཡིན། ཁྱེད་རང་གང་ནས་ཡིན་ཟེར་དུས་ཁམས་ནས་ཡིན་ཟེར། ང་ཡང་ཁམས་པ་ཡིན་ལས་ངན་ཁྱེད་རང་གི་ཁམས་པའི་ཕོ་རུས་མ་དྲུད་ཟེར་དུས། ཁོ་རང་ནས་ལག་ཏུ་བཟུང་བའི་རྔ་གོག་དེ་སྐད་ཇེ་ཆེ་རུ་བརྡུང་ནས་ལན་བཏབས་མ་སོང་། ང་ནི་༧གོང་ས་སྐྱབས་མགོན་ཆེན་པོའི་གསེར་ཞལ་མ་མཇལ་གོང་ནས་ལྟས་ངན་འདྲེ་ཚོགས་པ་དེས་སེམས་པ་མ་སྐྱིད་པ་བཟོས་ཚར་སོང་། དེ་ནི་ང་གཅིག་པུ་ག་ལ་ཡིན་ས་ཐག་རིང་ནས་ཆེད་དུ་ཡོང་མཁན་བོད་རིགས་དད་ལྡན་མང་པོ་ཞིག་སེམས་ལ་སོས་མེད་ཀྱི་རྨ་ཁ་གསར་པ་རེ་བཟོས་འདུག། སེམས་སྐྱིད་དགོས་པ་ཞིག་ལ་འཚོགས་ཁང་ནང་དུ་སླེབས་པ་དང་མཉམ་དུ་མི་རིགས་འདྲ་མིན་དང་ཆོས་ལུགས་འདྲ་མིན་ཞི་བདེའི་དེད་དཔོན་ཅན་གྱི་མི་སྣ་དང་། མཁས་དབང་། སྐད་གྲགས་ཅན་གྱི་གཞས་པ། རྩོམ་པ་པོ་སོགས་མི་མང་ཆིག་ཁྲི་བརྒྱད་སྟོང་གིས་དེ་རིང་གི་འཚོགས་ཁང་དེ་ཡོངས་སུ་ཁེངས་ནས་ཡིད་བཞིན་ནོར་བུའི་འཁྲུངས་སྐར་ལ་དགའ་དད་སྤྲོ་གསུམ་གྱིས་མཉམ་བསུ་བྱེད་བཞིན་འདུག 
སྤྱི་ཚེས་བདུན་ཉིན་མི་མང་དྲུག་སྟོང་ཤོང་ཚད་ཅན་གྱི་འཚོགས་ཁང་ཞིག་ནང་དུ་བརྗོད་གཞི། (གོ་ལའི་ཚ་དྲོད་ཀྱི་ཤུགས་རྐྱེན་དང་ཁོར་ཡུག་སྲུང་སྐྱོབས) ཞེས་པའི་བཀའ་སློབ་དང་འབྲེལ་ནས་མཁས་དབང་མང་པོའི་མཉམ་དུ་བགྲོ་གླེང་ལྷུག་པོར་གནང་ནས་མི་མང་ནས་ཧ་ཅང་དགའ་མོས་ཆེན་པོ་བྱེད་བཞིན་འདུག། ཉིན་མོ་འདིར་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་ལས་བྱེད་མདོ་འཛིན་པ་རྡོ་རྗེ་དགྲ་འདུལ་ནས་ཉིན་གུང་ཞལ་ལག་བར་གསེང་སྐབས་ཡིད་བཞིན་ནོར་བུའི་ཉིན་གསུམ་གྱི་མཛད་འཕྲིན་ཇི་བྱུང་སྐོར་ངོས་ལ་དྲི་བ་དྲིས་ལན་བྱས་སོང་། 
སྤྱི་ཚེས་བརྒྱད་ཉིན། (ན་གཞོན་རྣམས་ཀྱི་བཟང་སྤྱོད་ཀྱི་ཤེས་ཡོན) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་ཉིན་རྒྱབ་བོད་རིགས་དང། སོག་པོ། འབྲུག་པ་སོགས་མི་མང་ཉིས་སྟོང་ལྔ་བརྒྱ་མ་ཟིན་ཙམ་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་གནང་ཞིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ན་གཞོན་རྣམས་ནས་གླུ་བྲོ་རྐང་གཞས་སོགས་ཀྱིས་ཉིན་གསུམ་རིང་མཛད་ཕྲིན་གེགས་མེད་མཐར་ཕྱིན་དུ་སོང་ནས་ངོས་ཀྱི་དགེ་ཕྲུག་རྣམས་དང་ལྷན་རླངས་འཁོར་ཁ་ཕྱོགས་མོན་ཊེའུ་རེའུ་སོགས་སུ་བསྒྱུར་ནས་ཆུ་ཚོད་བརྒྱད་མ་ཟིན་ཙམ་ཡོང་ནས་མཚན་མོ་ཆུ་ཚོད་དང་པོའི་སྐབས་སུ་གཞི་ནས་ཆོས་ཚོགས་སུ་འབྱོར། 

Sunday, June 21, 2015

བྷོ་སི་ཊོན་ལ་ཉིན་གསུམ་རིང་སོང་བའི་སྐོར།


བཙོན་ཁང་གི་ཕྱི་ལོགས་ཟུར་དབྱིབས་ཞིག། 
ཉིན་ཤས་གོང་ནས་བཟུང་ཨ་རིའི་གྲོང་ཁྱེར་ཉིའུ་ཡོག་གི་ཆོས་ཕྱོགས་ཀྱི་བགྱི་བྱ་རྣམས་ལེགས་གྲུབ་འོག་མངའ་སྡེ་བྷོ་སི་ཊོན་ལ་ཡོང་། རེས་གཟའ་པ་སང་སྤྱི་ཚེས་བཅུ་དགུའི་ཉིན་ངོས་ཀྱི་དགེ་ཕྲུག་ཀརྨ་ཤེས་རབ་ནས་གོ་སྒྲིག་བྱས་པ་ལྟར་ཁོ་རང་ཡེ་ཤུའི་ལྷ་ཁང་ནང་དུ་བྱམས་པ་དང་སྙིང་རྗེའི་སྐོར་ཆོས་བཤད་བྱས་པས་མི་མང་ཧ་ཅང་དགའ་བོ་བྱས་སོང་། སྔ་ནས་དུས་ཆད་བྱས་པ་ལྟར་སྤྱི་ཚེས་ཉི་ཤུ་རེས་གཟའ་སྤེན་པའི་ཉིན་བྷོ་སི་ཊོན་བཙོན་ཁང་ཞིག་ནང་དུ་ཞོགས་པ་སྔ་བོ་ནས་སོང་། ས་གནས་འདིར་སྡོམས་པས་བཙོན་པ་མི་གྲངས་དྲུག་བརྒྱ་མ་ཟིན་ཙམ་ཡོད་སྐད་འདུག། ཡིན་ནའང་ནག་ཉེས་མི་འདྲ་བའི་སྟབས་ཀྱིས་སྡེ་ཚན་མི་འདྲ་བ་རེད་འདུག། ང་ཐུག་འཕྲད་བྱེད་ས་ནི་ནང་པའི་བཙོན་པ་རེད། བཙོན་པ་མི་གྲངས་དགུ་ཙམ་དང་མཉམ་དུ་ཞོགས་པ་བདེ་ཆེན་ཞིང་སྒྲུབ་དང་། ཉིན་རྒྱབ་ཆོས་བཤད་དང་སྒོམས་སོགས་བྱས་ཉིན་གང་དེར་བསྡད་པས་ཁོ་རང་ཚོ་ཧ་ཅང་དགའ་བོ་བྱུང་སོང་། བཙོན་ཁང་འདིས་ནང་ལོ་ལྔ་ཡི་ཡར་སྔོན་ནས་བཟུང་ད་བར་ཕལ་ཆེར་ལོ་ལྟར་ཐུག་འཕྲད་ཞོར་དུ་ཆོས་བཤད་སོགས་བྱེད་ཀྱི་ཡོད། བཙོན་ཁང་འདི་ཡི་ནང་དུ་ཡོད་པའི་བཙོན་པ་རྣམས་ནི་ཁྲིམས་འགལ་གྱི་ལས་ནི་ཕྲུག་གུ་ལོ་ཆུང་རྣམས་ལ་ཚུལ་མིན་གྱིས་བཙན་གཡེམས་བྱས་པའི་ནག་ཉེས་ཀྱིས་ཕལ་ཆེར་ལོ་ཉི་ཤུ་དང་སུམ་བཅུ་བར་རེད་འདུག ལོ་ཆེ་ཤོས་ཀྱི་མི་གཉིས་ཡོད་པ་དེ་ནི་ཚེ་བཙོན་རེད་འདུག སེམས་ཧ་ཅང་སྐྱོ་དགོས་པ་ཞིག་ལ་ཕལ་ཆེར་ནི་ཕོ་གསར་དང་དར་མ་ཤ་སྟག་རེད་འདུག བཙོན་ཁང་ནང་དུ་ཁྲིམས་དམ་པ་ལ་ཚད་ཞིག་མི་འདུག་ཉི་མ་གཅིག་རིང་ཐེངས་གཉིས་རེའི་ལུས་གཤེར་དང་ཐ་ན་ཆབ་ཁང་ནང་དུ་འགྲོ་བའི་སྐབས་སུ་ཡིན་ནའང་བཙོན་སྲུང་རྣམས་ཀྱིས་རྗེས་འདེད་བྱེད་ཀྱི་འདུག ཉིན་རྒྱབ་ཆུ་ཚོད་གསུམ་པའི་སྐབས་སུ་བཙོན་པ་རྣམས་དང་ལྷན་ཉིན་གུང་ཟ་མ་ལ་མཉམ་རོལ་བྱས། ཟ་མ་ཧ་ཅང་སྐྱོ་བོ་རེད་འདུག་ཟུར་དུ་ཡོད་པའི་བཙོན་པ་ཞིག་ནས་ཟ་མ་ལ་གཅེར་བཞིན་ངུ་སྐད་དང་སྦྲག་ནས་འདི་ལྟར་ཟེར། ང་ནི་ཤ་སྲེག་མ་ཟ་རྒྱུ་ལ་ཧ་ཅང་དགའ་བོ་ཡོད། ཤ་སྲེག་མ་ཁ་ལ་མ་རག་ནས་མི་ལོ་ཉི་ཤུ་ཏག་ཏག་འགྲོ་སོང་ཟེར། ང་ནི་མིག་ནས་མཆི་མ་ཤོར་གྲབ་བྱས་སོང་བས་ཟ་མ་བཟའ་མཚམས་བཞག་ནས་ཆབ་ཁང་ནང་དུ་འཛུལ་ནས་བཙོན་པ་འདི་རྣམས་ལ་སྙིང་རྗེ་ནས་ཐེངས་མ་གཅིག་ངུས་ཞིང་མར་ཡོང་ནས་གཞི་ནས་ཟ་མ་ཟོས་པ་ཡིན། སྟབས་ལེགས་པ་ཞིག་ལ་ལོ་གཉིས་ཡར་སྔོན་ནས་ཡོད་པའི་ངོས་ཀྱི་དགེ་ཕྲུག་བཙོན་པ་འགའ་བཙོན་ཁང་ལོ་ཚད་རྫོགས་ནས་བཙོན་གྲོལ་ཐོབ་འདུག དེ་རིང་ཡང་སྐྱར་ཨ་རིའི་ཉིའུ་ཡོག་ནས་ཡིན་པའི་བཙོན་པ་ཕོ་གསར་ཞིག་ནས་སྐྱབས་འགྲོའི་སྡོམ་པ་ཞུས་སོང་བས་ཆོས་མིང་ལ་ཀརྨ་དཔལ་བཟང་ཞེས་བཏགས། ཡ་མཚན་དགོས་པ་ཞིག་ལ་བཙོན་པ་རྙིང་པ་གཉིས་ཀྱིས་གནམ་ཆོས་འོད་ཆོག་འདི་ཕལ་ཆེར་བོད་སྐད་སྒྲ་གདངས་ཐོག་ནས་བློ་ལ་འདོན་འགྲོ་གི་འདུག སྤྱོད་འཇུག་ལས། སྡུག་བསྔལ་མེད་པས་ངེས་འབྱུང་མེད།། ཅེས་པའི་ཚིག་དུམ་འདི་དེ་རིང་ཡང་སྐྱར་སེམས་ལ་འཁོར་བཅུག་སོང་། ཆུ་ཚོད་བཞི་པའི་སྐབས་སུ་ང་དང་ངོས་ཀྱི་དགེ་ཕྲུག་ཀརྨ་ཤེས་རབ་གཉིས་འགྲོ་གྲབ་བྱས་དུས་བཙོན་པ་ཚང་མ་སྒོ་འགྲམ་དུ་ཡོང་ནས་ལག་འཇུ་དང་ཐལ་སྦྱར་འཐམ་འཁྱུད་སོགས་བྱེད་ཀྱི་འདུག་པ་མ་ཟད་མང་པོ་ཞིག་ངུས་སོང་། ངེད་གཉིས་ཀྱང་མིག་ཆུ་ཤོར་གྲབ་བྱེད་བཞིན་གནས་སྐབས་སྙིང་ནས་བརྩེ་བའི་བཙོན་པ་རྣམས་དང་མི་འདོད་བཞིན་དུ་གྱེས་བྲལ་བྱེད་དགོས་བྱུང་། རླངས་འཁོར་ནང་ནས་བཙོན་པ་རྣམས་ཀྱི་གནས་སྟངས་སྡུག་གཏམ་བྱེད་བཞིན་བོད་རིགས་ཨ་མ་ཡེ་ཤེས་དང་དཀོན་མཆོག་གཉིས་ནང་དུ་འབྱོར། ཨ་མ་ཡེ་ཤེས་དང་དཀོན་མཆོག་ལགས་གཉིས་ནི་ཨ་རི་ལ་བོད་པ་ཐོག་མ་དེ་རེད་ཅེས་བཤད་ཀྱང་ཕལ་ཆེར་མི་ཆོག་རྒྱུ་མེད་སྙམ། ལོ་བཞིའི་ཡར་སྔོན་ཨ་མ་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཞིག་འདས་གྲོངས་སུ་སོང་ནས་སྐབས་དེ་དུས་ངས་བོད་ལུགས་ལྟར་འཕོ་འདེབས་དང་། དུར་སྐྱལ། ཞེ་དགུ་འདོན་རྒྱུ་སོགས་ཚང་མ་བྱས་པས་དེ་ནས་བཟུང་སྟེ་ང་ཚོ་ཕན་ཚུན་མི་ཚང་གཅིག་ནང་བཞིན་ཧ་ཅང་འབྲེལ་བ་ཡག་པོ་བྱུང་། སང་ཉིན་ཡང་སྐྱར་ཉིའུ་ཡོག་ལ་འགྲོ་དགོས་ཡོད་པས་དོ་ནུབ་ཨ་མ་ཡེ་ཤེས་ནང་དུ་མོ་རང་གི་འདོད་པ་ལྟར་གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཚོགས་བསྡུས་ཞིག་བཏོན་ནས་ཁོང་ཚོའི་ནང་མི་སྤུན་མཆེད་འགའ་དང་ལྷན་དགོང་ཟས་ལ་མཉམ་རོལ་དང་ཕན་ཚུན་སྐྱིད་སྡུག་གི་ཁ་བརྡ་བྱས་པས་ཧ་ཅང་སྐྱིད་པོ་བྱུང་། 
བྲེལ་ཟིང་ངང་དེ་རིང་གི་ཉིན་ཐོ་དེ་མ་ཆད་ཙམ་བཏབས་ཡོད་པས་ཡིག་ནོར་ཡོད་ན་དགོངས་ཡངས་ཞུ།། 

Tuesday, June 16, 2015

འབྲུག་དང་རྒྱ་ནག་གཉིས་ཀྱི་རྐང་རྩེད་པོ་ལོའི་འགྲན་བསྡུར་ལ་ལྟས་པའི་ཚོར་སྣང་།

འབྲུག་གི་རྐང་རྩེད་པོ་ལོའི་ཐང་ཆེན་གྱི་ཟུར་ཞིག
ཁ་སང་དེ་རིང་ཚ་གྲང་ཁོད་མི་སྙོམས་པའི་ཉིའུ་ཡོག་གི་གནམ་གཤིས་དེས་རྐྱེན་བྱས་ནས་གཟུགས་པོར་ཉིན་ཤས་གོང་ནས་ཚ་གྲང་འཐབ་ཅིང་ཅུང་མ་བདེ་བ་བྱུང་བས་ཉིའུ་རྗེར་སེའི་ཉིན་གཉིས་ཆོས་ཁྲིད་དེ་གནས་སྐབས་ཕྱི་འཐེན་བྱས་ནས་ཡུན་རིང་མ་ཐུག་པའི་ངོས་ཀྱི་ཚ་བོའི་ནང་དུ་ཉིན་གསུམ་རིང་ལྷོད་དལ་བྱས་ནས་ནང་དུ་བསྡད། དེ་རིང་ནི་འབྲུག་དང་རྒྱ་ནག་གཉིས་ཀྱི་རྐང་རྩེད་པོ་ལོའི་འགྲན་བསྡུར་དེ་འབྲུག་གི་རྒྱལ་ས་ཐིམ་བུ་རུ་གྲ་བསྒྲིག་བྱས་འདུག་སྟབས་ངས་ཀྱང་དྲྭ་ཐོག་ནས་ལྟད་མོ་དེར་ཞིབ་ལྟ་ཞིག་བྱས། རྩེད་མོའི་རྒྱལ་ཕམ་གྱི་ཨང་ཀི་གྲངས་ཀ་དང་། མི་ཡི་རྩེད་རྩལ་སོགས་ལ་བལྟས་ན་འབྲུག་རྒྱལ་གོང་མ་རྣམས་ཀྱིས་འཛམ་གླིང་དེང་དུས་ཀྱི་ཚན་རྩལ་རྣམས་ལ་མཐའ་གཅིག་ཏུ་ལྟས་ངན་བཅོ་བརྒྱད་དུ་རྩིས་ནས་འབྲུག་ལ་རྒྱལ་སྲུང་མཐའ་འགོགས་ཞེས་པའི་ལས་འགུལ་གྱིས་ནུབ་གླིང་ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་མི་རིགས་སོགས་ལ་འགོས་ནད་ཅན་ལ་འཛེམས་པ་ནང་བཞིན་མགོ་བོ་བཏུམས་ནས་བསྡད་པའི་འཇུག་འབྲས་ཞིག་དེ་རིང་རྐང་རྩེད་པོ་ལོའི་ཐང་ཆེན་དུ་ངོམ་སོང་། མཐའ་མའི་མཇུག་འབྲས་ཀྱི་རྩེད་མོ་རུ་རྒྱ་ནག་གིས་པོ་ལོ་དྲུག་ཐམ་པ་བླུགས་ཀྱང་འབྲུག་པས་གཅིག་ཀྱང་བླུགས་མ་ཐུབ་པས་གྲངས་ཀའི་ཁྱད་པར་ལ་དྲྭ་ཐོག་ཀྱི་མི་མང་པོ་ཞིག་ནས་ཧ་ལས་ཧོན་འཐོར་ནས་ཡི་གེ་འབྲི་བ་དང་མཆན་འདེབས་པ་སོགས་བྱེད་བཞིན་འདུག ང་ནི་རྩེད་མོའི་ཐོབ་ཤོར་དེ་ལ་ཧ་ལས་མ་སོང་། གང་ལ་ཧ་ལས་སོང་ཟེར་ན་པོ་ལོའི་ཐང་ཆེན་གྱི་རྭ་སྐོར་གྱི་ཁྱབ་སྒྲག་ཡོངས་རྫོགས་རྒྱ་ཡིག་ལས་བོད་ཡིག་གམ་རྫོང་ཁའི་ཡི་གེ་འབྲུག་གཅིག་ཀྱང་མཐོང་རྒྱུ་མེད་པ་དེ་ཡིན། ངས་འདིར་དྲྭ་གྲོགས་རྣམས་ལ་དྲི་བ་ཁ་ཤས་ཞིག་ཡོད། ༡ ངོ་མ་བྱས་ན་རྩེད་མོ་རྩེ་ཡུལ་དེ་འབྲུག་གི་རྒྱལ་ས་ཐིམ་བུ་ཡིན་སྟབས་བོད་ཡིག་གམ་རྫོང་ཁའི་ཡི་གེ་བེད་སྤྱོད་གཏོང་དགོས་ན་ག་རེ་བྱས་ནས་མ་གཏང་བ་རེད། ༢ ཡང་ན་འབྲུག་པས་རྒྱ་ཡིག་ཤེས་ཀྱི་ཡོད་རེད་དམ། ༣ གལ་སྲིད་བོད་ཡིག་གམ་རྫོང་ཁའི་ཡི་གེ་བེད་སྤྱོད་མ་གཏང་ཡང་འཛམ་གླིང་སྤྱི་ལ་ཁྱབ་པའི་དབྱིན་ཡིག་ག་རེ་བྱས་ནས་བེད་སྤྱོད་མ་གཏང་བ་རེད། ༤ ཡང་ན་འབྲུག་ལ་སྦྱར་བྱང་དེ་རྣམས་པར་སྐྲུན་བྱེད་ཐུབ་པའི་དེང་དུས་ཀྱི་འཕྲུལ་ཆས་རྣམས་མེད་རེད་དམ་ཡང་ན་གཞན་ཞིག་རེད། ངས་གོ་ཚུལ་ཞིག་ལ་ལོ་འགའི་ཡར་སྔོན་ཆེས་སྙན་གྲགས་ཅན་གྱི་རྐང་རྩེད་པོ་ལོ་ཞིག་ར་ཤི་ཡ་ལ་རྩེད་པའི་སྐབས་སུ་ར་ཤི་ཡ་ནས་ཕྱི་རྒྱལ་སུ་གང་གི་ཡིག་རིགས་བེད་སྤྱོད་མ་གཏང་ནས་ར་ཤི་ཡའི་ཁོ་རང་ཚོའི་ཡི་གེ་བེད་སྤྱོད་གཏོང་དགོས་པའི་རེ་སྐུལ་ལྟར་ར་ཤི་ཡའི་ཡི་གེ་བེད་སྤྱོད་གཏང་བ་གོ་བྱུང་། དེ་གལ་སྲིད་བདེན་པ་ཡིན་ན་འབྲུག་པས་ག་རེ་བྱས་ནས་རང་གི་ཡི་གེ་བེད་སྤྱོད་མ་གཏང་བ་རེད། དེ་རིང་གི་ལྟད་མོ་དེར་བལྟ་བའི་སྐབས་སུ་ངས་མཐའ་སྡོམ་ཚོར་སྣང་འདི་འདྲ་ཞིག་སླེབས་སོང་། རྒྱ་ནག་རྩེད་རིག་པ་རྣམས་ཀྱིས་གཅིག་ནས་དྲུག་བར་རེ་རེ་བཞིན་བླུགས་པའི་སྐབས་སུ་བཟང་སྤྱོད་ཡིན་མདོག་གིས་པོ་ལོ་བླུགས་མཁན་རྣམས་ཀྱིས་ནམ་རྒྱུན་ལྟར་འཐམ་འཁྱུད་དང་རྒྱུགས་ཤར། བལྟ་མཁན་རྣམས་ཀྱིས་ཀི་སྒྲ་དང་ཐལ་རྡེབ་སོགས་ཆེས་ཉུང་བ་འདི་དང་། རྩེད་རྭའི་ནང་ལོགས་ཡོངས་རྫོགས་རྒྱ་ཡིག་གིས་ཁེངས་སྟངས་འདིར་ཞིབ་འདིང་ཞིག་རྒྱབ་ན་ད་ལྟའི་རྩེད་མོའི་གོ་སྐབས་འདི་བརྒྱུད་ནས་རྒྱ་ནག་གཞུང་གི་རྟིང་དཔོག་དཀའ་བའི་སྲིད་དོན་ནག་པོ་དེ་ལྷ་ལུང་ནང་དུ་འདྲེ་ལག་ནང་བཞིན་འབྲུག་ལའང་བརྐྱངས་ཚར་འདུག་བསམ།

Monday, June 8, 2015

ཨ་རིའི་མངའ་སྡེ་ཀན་སེའུ་སི་kansas ལ་སླེབས་པའི་ཚོར་སྣང་།


ཉེ་བའི་ཆར་བདུན་ཕྲག་གཅིག་རིང་ཀན་སེའུ་སེའི་kansas མངའ་སྡེའི་ནང་དུ་བདུན་ཕྲག་གཅིག་རིང་ངོས་ཀྱི་དགེ་ཕྲུག་ཞིག་གིས་སྔ་ནས་གྲ་སྒྲིག་བྱས་པ་ནང་བཞིན་འདི་ཟླའི་སྤྱི་ཚེས་གཉིས་རེས་གཟའ་མིག་དམར་ཉིན་བདེ་འབྱོར་བྱུང་། མངའ་སྡེ་འདི་ཡི་རྒྱལ་ས་རུ་wichitaཟེར།  ཁ་སང་ནས་འགོ་འཛུགས་ཀྱིས་ཉིན་གསུམ་རིང་བདེན་པ་བཞིའི་གཙོས་ནང་ཆོས་ངོ་སྤྲོད་བྱས་པས་མི་མང་ཙམ་འབྱོར། ང་མངའ་སྡེ་འདིར་སླེབས་པ་ཐེངས་མ་གཉིས་པ་དེ་ཡིན། མངའ་སྡེ་འདི་ནི་ཨ་རིའི་མངའ་སྡེ་རྣམས་ཀྱི་ནང་ནས་ཕལ་ཆེར་མི་གྲངས་ས་ཡ་གཉིས་དང་འབུམ་དགུ་ལྷག་ཡོད་སྐད་འདུག། ཨ་རིའི་མངའ་སྡེ་རྣམས་ཀྱི་ནང་ནས་དཔལ་འབྱོར་སྐྱོ་ཤོས་ཡིན་ཚོད་འདུག གང་ལྟར་ལུང་པ་འདིར་སླེབས་པའི་སྐབས་སུ་ང་ནི་རྒྱ་གར་ལ་སླེབས་པའི་ཚོར་སྣང་བྱུང་། གང་ཡིན་ཟེར་ན་ད་ལྟའི་དུས་ཚོད་ལ་ཧ་ཅང་ཚ་བ་ཆེན་པོ་རེད་འདུག ཁང་མིག་རེའི་ནང་དུ་གྲང་གློག་རེ་མེད་ན་འདུག་བཟོད་མེད། གྲོང་པ་ཁྱིམ་མཚེས་རྣམས་ཀྱིས་གོས་ཁྲུས་ཚར་རྗེས་སོ་སོའི་ཁང་པའི་ཕྱི་ལོགས་ཐག་གདངས་ཐོག་ཏུ་སྐམ་ནས་འཇོག་པ་མང་པོ་མཐོང་རྒྱུ་འདུག སང་ཉིན་ནས་བཟུང་སྟེ་སྔ་ལོར་ངོ་ཤེས་བྱུང་བའི་བོད་པའི་མི་ཚང་ཞིག་འདུག་པས་དེར་ཉིན་གཅིག་རིང་ཕུར་པའི་ཚོགས་མཆོད་དང་ཞབས་བརྟན་བྱེད་དགོས་ཡོད། ལུང་པ་འདིར་གནམ་གཤིས་དྲོ་གྲང་མི་སྙོམས་པ་མ་ཟད་རླུང་འཚུབ་དང་ཆུ་ལོག་གི་གནོད་སྐྱོན་ཧ་ཅང་ཆེ། མངའ་སྡེ་འདིར་ཁང་པ་ཧ་ཅང་གོང་ཚད་ཆུང་བ་མ་ཟད་ཐ་ན་ཟས་རིན་དང་མགྲོན་ཁང་གླ་ཆ་སོགས་ཀྱང་ཧ་ཅང་རིན་གོང་དམའ་བོ་རེད་འདུག མངའ་སྡེ་འདི་ནི་ཨ་རིའི་རྒྱལ་ཁབ་དཀྱིལ་མ་ཞིག་ཏུ་ཡོད། མི་རྣམས་སོ་སོའི་ཆོས་ལུགས་དད་འདུན་ཧ་ཅང་ཆེ། ནང་ཆོས་ཀྱི་ཆོས་ཚོགས་འགའ་ཤས་ཡོད་པའི་ནང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་ཚོགས་ཀྱང་ཁ་ཤས་ཞིག་ཡོད་ཚོད་སྣང་། གང་ལྟར་ལུང་པ་ཁུག་ཀྱོག་ཡིན་པའི་སྐུ་དྲིན་གྱིས་ཕལ་ཆེར་མི་རྣམས་ལ་རང་བཞིན་གྱིས་གཉོམ་ཆུང་ཞིང་གདོང་ལ་བཅོས་མིན་གྱི་འཛུམས་མདངས་མཐོང་རྒྱུ་འདུག བདུན་ཕྲག་འདིའི་རིང་ཧ་ཅང་སྐྱིད་པོ་བྱུང་ངོས་ཀྱི་ཆོས་གྲོགས་དང་བོད་པའི་ཁྱིམ་ཚང་བླ་མ་ཀུན་བཟང་སོགས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། སང་ཉིན་ཉིའུ་ཡོག་ལ་འགྲོ་དགོས་ཡོད་། གནང་ཉིན་ནས་བཟུང་སྟེ་ཉིའུ་ཡོག་དགེ་ཕྲུག་ཀརྨ་ཆོས་སྒྲོན་ནས་གོ་སྒྲིག་བྱས་པ་ནང་བཞིན་ལྷོ་ཨ་མི་རི་ཀའི་མི་རིགས་རྣམས་ལ་ཕར་ཕྱིན་དྲུག་དང་། བྱམས་པ་དང་སྙིང་རྗེའི་སྐོར་ཆོས་བཤད་བྱེད་དགོས། སྤྱི་ཚེས་བཅུ་གསུམ་ཉིན་དགེ་ཕྲུག་ཀརྨ་རྡོ་རྗེས་གོ་སྒྲིག་འོག་ཉིའུ་རྗེར་ཆོས་ཚོགས་ལ་བདེ་ཆེན་ཞིང་སྒྲུབ་འཚོགས་དགོས། སྤྱི་ཚེས་བཅུ་དགུ་ནས་ཉེར་གཅིག་བར་བྷོ་སི་ཊོན་དགེ་ཕྲུག་ཀརྨ་ཤེས་རབ་གོ་སྒྲིག་འོག་བཙོན་པ་རྣམས་ལ་ཆོས་བཤད་ནས་ཉེར་གཅིག་ཉིན་རྒྱབ་ཉིའུ་ཡོག་ལ་འབྱོར། དེ་ནས་ཉིན་ཤས་རིང་ངལ་གསོ་དང་ས་གནས་ཉིའུ་ཡོག་སྤུན་མཆེད་རྣམས་དང་ཐུག་འཕྲད་ཀྱིས་སྤྱི་ཚེས་ཉེར་བརྒྱད་ཉིན་ཀི་ལི་ཧྥོ་ལ་ཡོང་དགོས་ཡོད། 

Wednesday, June 3, 2015

ཆོས་ཚོགས་གསར་པར་རབ་གནས་བྱས་པའི་ཉིན་མོ།

ཆོས་ཚོགས་རབ་གནས་བྱེད་བཞིན་པ།
ཁ་སང་གི་ཉིན་མོ་འདི་ནི་གཟའ་ཉི་མར་གཟའ་སྐར་སོགས་འཕྲོད་སྦྱོར་དགེ་བའི་ཉིན་འཇམ་དབྱངས་ཆོས་འཁོར་གླིང་ཆོས་ཚོགས་གསར་པར་རབ་གནས་བྱས། ཞོགས་པར་དགེ་ཕྲུག་འགའ་དང་ལྷན་ཆོས་ཚོགས་ཕྱི་ལོགས་སུ་དར་ཆེན་སྒྲེང་འཛུགས་དང་རླུང་རྟ་འདོགས་པ་སོགས་བྱས་ནས་ཉིན་རྒྱབ་ཆུ་ཚོད་གཉིས་པའི་སྐབས་སུ་མི་མང་ལ་འཚམས་འདྲིའི་ཕེབས་བསུ་དང་སྦྲག་ས་གཞི་དང་ཁང་པ་གནས་ཀྱི་བདག་པོ་ལྷ་སྲིན་སྡེ་བརྒྱད་སོགས་ལ་འཕྲིན་བཅོལ་དང་སྡེ་བརྒྱད་གསེར་སྐྱེམས་གཏངས། དེ་ནས་འགོ་བའི་ལྷ་ལྔར་གཙོས་ཁང་པ་ཕྱི་ནང་ཡོངས་ལ་ཁྲུས་གསོལ་དང་རབ་གནས་བརྟེན་བཞུགས་སོགས་གང་ལེགས་བྱས། ངོས་ཀྱི་དགེ་ཕྲུག་གསར་རྙིང་གཉིས་གཙོས་མི་གྲངས་བརྒྱད་བཅུ་ཙམ་ཞིག་ཡོད་སྐད་འདུག དེ་རིང་ནི་ནམ་མཁར་ཉི་འོད་ཀྱི་དྲོ་སྐྱིད་སྟེར་ཞིང་ས་གཞིར་བཀྲ་ཤིས་ཀྱི་མེ་ཏོག་བཞད་ནས་མི་རྣམས་ངོས་ཀྱི་ཆོས་ཚོགས་ལ་ལྟད་མོར་འཚང་ཁ་ཤིག་ཤིག་རེད་འདུག ངོས་ཀྱི་རིང་ནས་འདྲིས་པའི་གྲོགས་པོ་མེའུ་ཀོ་ནས་མཛུབ་གནོན་སྒྲ་བརྙན་དང་མཉམ་དུ་ངས་ཀྱང་ཨ་མི་དྷེ་ཝའི་བསྙེན་དབྱངས་བྱས་པས་མི་རྣམས་དགའ་སྤྲོའི་ཐལ་སྒྲ་རྒྱུན་ཆད་མི་འདུག ཉི་རའི་ནང་དུ་ཟ་འཐུང་ལ་ལོངས་སྤྱོད་བཞིན་ཕན་ཚུན་ངོ་ཤེས་དང་གྲོགས་པོ་གྲོགས་མོ་སོགས་མཉམ་དུ་ཁ་བརྡ་བྱེད་བཞིན་དེ་རིང་གི་སྐྱིད་པའི་ཉི་མ་དགེ་གྲོགས་རྣམས་དང་ལྷན་ཡོངས་སུ་གཏངས། ཆུ་ཚོད་བཞི་པའི་སྐབས་སུ་ཆོས་ཚོགས་ཀྱི་ཚོགས་གཙོ་ཧེའི་ཌེའི་ནས་ཐུགས་རྗེ་ཆེ་ཞེས་པའི་སྐད་ཆ་དང་སྦྲག་ཕེབས་རྫོངས་བྱས། 

དེ་རིང་བཀྲ་ཤིས་གནམ་ལ་གཟའ་སྐར་བཟང་།། 
དེ་རིང་བཀྲ་ཤིས་ས་ལ་དུས་སྟོན་བཟང་།། 
དེ་རིང་བཀྲ་ཤིས་དུས་ཆེན་སུམ་འཛོམས་ཉིན།། 
དེ་རིང་བཀྲ་ཤིས་ཆོས་ཚོགས་རབ་གནས་བྱས།། 

ལྷ་རྣམས་མཁའ་ནས་མེ་ཏོག་ཆར་ཆེན་འབེབས།། 
ཀླུ་རྣམས་ཀུན་གྱིས་ས་གཞི་འབྱོར་པས་བཀང་། 
བར་དུ་སྐྱེ་དགུ་ཐམས་ཅད་བདེ་དང་ལྡན།། 
མཐར་ཐུག་མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག།