Translate

Saturday, November 8, 2014

བྷོ་སི་ཏྲོན་ལ་སོང་བའི་ཉིན་མོ།

  
དཀོན་མཆོག་དང་ཡེ་ཤེས་ནང་མི་དང་མཉམ་དུ།
སྔ་ནས་དུས་ཆད་བྱས་པ་ནང་བཞིན་ཁ་སང་བྷོ་སི་ཏྲོན་ལ་འབྱོར། འགྲོ་དགོས་དོ་ནི་ལོ་བཞིའི་ཡར་སྔོན་ང་བྷོ་སི་ཏྲོན་ལ་སོང་བས་སྐབས་དེ་དུས་ངོས་ཀྱི་ཆོས་གྲོགས་དབྱིན་ཇིའི་མི་ཚང་ཞིག་ནང་དུ་བསྡད་ཡོད། སྐབས་དེ་དུས་བྷོ་སི་ཏྲོན་བོད་རིགས་རྣམས་དང་ཐུག་འཕྲད་ལ་ཧ་ཅང་དགའ་ཡང་འདུག་ས་དབྱིན་ཇིའི་མི་ཚང་ཞིག་ཡིན་སྟབས་ཕན་ཚུན་འབྲེལ་བ་བྱེད་མ་ཐུབ་ནས་ཡུན་རིང་སོང་། སྐབས་ཞིག་ལ་དབྱིན་ཇིའི་སྐད་བསྒྱུར་ཞིག་དགོས་མཁོའི་དབང་གིས་ཉིན་གཅིག་ཨ་མ་ཡེ་ཤེས་དང་འབྲེལ་བ་བྱུང་། དེ་ནས་བཟུང་སྟེ་ཨ་མ་ཡེ་ཤེས་དང་དཀོན་མཆོག་དཔལ་བཟང་གཉིས་ཀྱི་ནང་མི་རྣམས་དང་འབྲེལ་བ་ཧ་ཅང་ཡག་པོ་བྱུང་། ལོ་གཉིས་ཙམ་གྱི་རྗེས་སུ་ཟླ་བ་གཅིག་རིང་ཕུར་པའི་བསྙེན་མཚམས་ཞིག་ལ་ཨ་མ་ཡེ་ཤེས་ཀྱི་ནང་འདུག་རྒྱུ་བྱུང་། ངོས་ཀྱི་ཕུར་པའི་བསྙེན་མཚམས་གྲུབ་མ་ཐག་ཨ་མ་ཡེ་ཤེས་ཀྱི་སྤུན་མཆེད་ཆུང་བ་ཚེ་ལས་འདས་པའི་སྐབས་དང་ཁེལ་ནས་ཡང་སྐྱར་ཨ་མ་ཡེ་ཤེས་ཀྱི་ངོ་ཆེན་ལྟར་གཤིན་པོའི་དུས་དྲན་གྱི་ཆེད་དུ་ཞགས་པོ་བཞི་བཅུ་ཞེ་དགུའི་རིང་དེར་བསྡད། ལུང་པ་དགྲ་ལག་ཏུ་ཤོར་ཅིང་། ཁྱིམ་ཚང་ཁ་འཐོར་དུ་སོང་བའི་འཁྱམས་པོ་ང་ལ་ལྟོས་ན་ཁྱིམ་ཚང་འདི་ནི་ཚེ་འདིའི་ལས་ཀྱི་བསྐོས་པའམ་ཡང་ན་དཀོན་མཆོག་གིས་གནང་བའི་གཡར་པོའི་ལུང་པ་འདིའི་ནང་དུ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་གཉིས་པ་ལྟ་བུ་ཞིག་ཏུ་གྱུར། ཨ་མ་ཡེ་ཤེས་ནི་བསམ་པ་བཟང་ཞིང་ཁོག་ཡངས་ལ་སློབ་སྦྱོང་ཡོད་པ་ཆུང་ནས་སྐྱེས་ཆེན་གྱི་བླ་མ་མང་པོ་ཞིག་བསྟེན་མྱོང་མཁན་ཆོས་ལྡན་མ་བུད་མེད་ཡ་རབ་ཅན་ཞིག་དང་། དཀོན་མཆོག་ལགས་ནི་ནམ་རྒྱུན་མི་དགེའི་གཡོ་སྒྱུའི་དྲིས་མས་མ་གོས་པ་སེམས་པ་ཧ་ཅང་སྐྱིད་པོ་ངོ་ལྐོག་གཡོ་སྒྱུ་མེད་མཁན་མི་ཧ་ཅང་བཟང་པོ་ཞིག་འདུག དཀོན་མཆོག་ལགས་ནི་ཨ་རིར་བོད་པ་སྐྱབས་བཅོལ་བ་སྔ་ཤོས་གྲས་རེད་འདུག ང་ནི་མི་ཚང་འདིར་ཧ་ཅང་བརྩེ་བ་ཆེན་པོ་ཞིག་ཆགས་སོང་། དེ་སྔ་ཕན་ཆོད་ས་གནས་གང་སར་ཁྱི་འཁྱམས་ལྟར་ཉུལ་ཀྱང་སྐྱབས་བཅོལ་ལུང་པ་གཉིས་པར་གནས་པའི་བོད་རིགས་མི་ཚང་ཞིག་ལ་སྲོལ་རྒྱུན་བོད་པའི་དྲི་ངད་མ་ཡལ་བ་འདི་ཚང་འདྲ་བོ་ཞིག་གཏན་ནས་མ་མཐོང་། ང་ཡང་ཉེ་ཆར་ཉིའུ་ཡོག་སོགས་ལ་མཛད་རིམ་མ་འདྲ་བ་མང་པོ་ཡོད་ཀྱང་གནས་སྐབས་འདིར་ཡོང་རྒྱུ་འདི་གལ་ཆེན་དུ་རྩིས་ནས་ཉིན་གསུམ་གཅིག་པུར་ཡོང་བས་དུས་ཚོད་ཐུང་ཡང་ང་ཚོ་ཕན་ཚུན་ཧ་ཅང་སྐྱིད་པོ་བྱུང་། ད་ནུབ་ཨ་མ་ཡེ་ཤེས་ལགས་ཀྱི་འདོད་པ་ལྟར་མོ་རང་གི་ནང་མི་རྣམས་ལ་ལན་ཆགས་གཏོར་མ་ཞིག་འདོན་དགོས་ཀྱང་ལན་ཆགས་གཏོར་མའི་ཡི་ཆ་ཁུང་ལྡན་ཞིག་མ་རྙེད་ནས་དེ་ཡི་ཚབ་ཏུ་གཅོད་གདོན་ཚོགས་དགུ་མ་དང་སྦྲག་ནས་ལུས་སྦྱིན་ཞིག་བཏོན། ད་ནངས་ཞོགས་པ་ཀླུ་ཐེབས་དང་ཁེལ་ཡོད་སྟབས་བསང་དང་སྡེ་བརྒྱད་གསེར་སྐྱེམས་རླུང་རྟ་སྒྲོན་འཛུགས་བྱས་ནས་ཉིན་གུང་རྒྱབ་ཏུ་ཨ་མ་ཡེ་ཤེས་ནས་སྒོ་འགྲམ་དུ་ལག་ཏུ་ཁ་གཏགས་བཟུང་ནས་ཕྱག་རྒྱ་དང་ལག་གཡུག་སོགས་ཀྱིས་ཕེབས་སྐྱེལ་འབྲལ་མི་ཕོད་པ་ལྟ་བུ་བྱས། ངས་ཀྱང་རླངས་འཁོར་ནང་ནས་ནང་མི་འདིར་སྨོན་ལམ་འདི་འདྲ་ཞིག་བཏབས།
གནས་སྐབས་སུ་ཡང་འགལ་རྐྱེན་མཐའ་དག་ཞི།། 
མཐུན་རྐྱེན་ཚེ་དང་དཔལ་འབྱོར་རྒྱས་པ་དང་། 
ཆོས་བཞིན་སྤྱོད་པའི་གྲོགས་དང་ལྷན་ཅིག་ཏུ།། 
བསམ་པའི་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག། 

དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་དང་། 

ཡི་དམ་རྡོ་རྗེ་གཞོན་ནུའི་ནུས་སྟོབས་ཀྱིས།། 
འགྲོ་བ་འདི་རྣམས་བདག་གིས་སྲུང་ཟིན་གྱི།། 
ཕྱིན་ཆད་སུས་ཀྱང་གནོད་པ་མ་བྱེད་ཅིག། 

ཅེས་སྨོན་ལམ་ལྐོག་འདོན་བྱེད་བཞིན་སྤྱི་སྤྱོད་མི་མང་རླངས་འཁོར་འབབས་ཚུགས་སུ་ཕ་དཀོན་མཆོག་དང་། བུ་མོ་བསྟན་ལྷ། མག་པ་བཀྲ་ཤིས་གསུམ་ནས་བསྐྱལ་བྱུང་བས་ཉིའུ་ཡོག་ལ་མཚན་མོ་ཆུ་ཚོད་བརྒྱད་པའི་སྐབས་སུ་འབྱོར། དགེ་ཕྲུག་ཀརྨ་ཆོས་སྒྲོན་གཟའ་མི་གཉིས་ནས་རླངས་འཁོར་འབབས་ཚུག་ནས་སྒུག་འདུག་པས་ནང་དུ་ཤར་བསྐྱོད་བྱས་ནས་ཡོང་། དགོང་ཟས་མདོར་བསྡུས་ཞིག་ཚར་མ་ཐག་དེ་རིང་གི་ཉིན་ཐོ་དེ་གཏངས་ཞིང་ཉལ་སར་སོང་ནས་གཉིད་དུ་ཡུར།  

Monday, November 3, 2014

འཆམས་པ་ཕོག་ནས་ནང་དུ་ལུས་པའི་ཉིན་མོ།



ས་འོག་མེ་འཁོར་འབབས་ཚུགས།
དེ་རིང་ནི་འཆམས་ངན་ཞིག་ཕོག་འདུག་སྟབས་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་གསུང་ཆོས་དེ་ཞུ་ལ་འགྲོ་ཐུབ་མ་སོང་། དེང་སང་ཉིན་ཤས་གོང་ནས་བློ་བུར་དུ་ཉིའུ་ཡོག་གནམ་གཤིས་དེ་འགྱུར་བ་ཕྱིན་ནས་འཐོར་རླུང་སྦུད་པ་དང་གྲང་ལྷག་ཁོལ་བ་སོགས་མདོར་ན་གནམ་གཤིས་ཧ་ཅང་གྲང་མོ་རེད་འདུག ང་ནི་ནམ་རྒྱུན་བསྡད་ས་ཨ་རིའི་ས་ཆ་སྐྱིད་ཤོས་ཀུན་གྱིས་ཡིད་སྨོན་ཤོར་ས་ཀི་ལི་ཧྥོ་ཉའི་ནང་ཚན་ཁར་མེལ་ཞེས་འབྱོར་ལྡན་སྐད་གྲགས་ཅན་ས་ཆ་དེར་བསྡད་ནས་ཕལ་ཆེར་མི་ལོ་ལྔ་མ་ཟིན་ཙམ་ཞིག་ཡིན། ངོས་ཀྱི་བསྡད་ས་དེར་མི་རྣམས་རང་བཞིན་གྱིས་དལ་ཞིང་ལྷོད་ལ་ཉིའུ་ཡོག་ལྟར་གང་དུ་སོང་ཡང་ས་ཞབས་མེ་འཁོར་དང་སྤྱི་སྤྱོད་མི་མང་རླངས་འཁོར་སོགས་མཐོང་རྒྱུ་ཧ་ཅང་དཀོན་དེའི་རྐྱེན་པས་ས་གནས་འདི་ལྟ་བུ་ལས་ཀའི་བྲེལ་ཟིང་དང་ལག་ཏུ་ཇ་དང་བག་ལེབ་བཟུང་ནས་རྒྱུག་འདུལ་བྱེད་མཁན་དེ་བས་ཀྱང་མཐོང་རྒྱུ་དཀོན། ཁ་སང་ངོས་ཀྱི་ཚ་བོ་ངེད་གཉིས་ས་འོག་མེ་འཁོར་བརྒྱུད་བོད་དང་རྒྱ་གར་བའི་མི་རིགས་རྣམས་འདུ་བསྡོད་བྱེད་ས་རྒྱག་སེང་ཧེའི་ལ་སོང་བས་འཁྱག་རླུང་དང་ཟ་མ་སོགས་གང་གིས་མ་འགྲིག་པ་ཡིན་ན་ད་ནངས་ཞོགས་པ་བྱེའུ་ཕྲུག་ལ་རྡོ་ཕོག་པ་ནང་བཞིན་བན་རྒན་ང་ནི་ཚ་འཆམས་ཞིག་གིས་ཉལ་སར་ལུས་སོང་། སེམས་ཕམ་དགོས་པ་ཞིག་ལ་དེ་རིང་ངོས་ཀྱི་བསྡད་ས་ཐག་ཉེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དྲང་ངེས་ལེགས་བཤད་སྙིང་པོའི་གསུངས་ཆོས་གནང་གི་ཡོད་སྟབས་དེ་ཆད་ཤོར་སོང་། 
མ་གཞི་ང་ནི་ཉིའུ་ཡོག་གི་ས་ཆ་འདིར་འདུག་རྒྱུར་གཏན་ནས་དགའ་བོ་མེད་པ་མ་ཟད་ས་གནས་འདིར་བོད་རིགས་གཙོར་བྱས་པའི་ཨ་སྒོར་ཆེད་དུ་གནས་བསྡོད་བྱེད་མཁན་ཡོངས་ལ་སེམས་རྟིང་ནས་སྙིང་རྗེ་འདྲ་ཞིག་རང་དབང་མེད་པར་སྐྱེ་ཡོང་གི་འདུག 
མི་ཡི་ལུས་རྟེན་བཟང་པོ་འདི་ཐོབ་པའི་དོན་གོ་རུ་ཚེ་གཡོག་དང་སོ་སོའི་ཁ་རྒྱབ་ཙམ་ལས་མ་འཇོན་ན་དལ་འབྱོར་གྱི་ལུས་རྟེན་བཟང་པོ་འདི་དངོས་གནས་ཆུད་ཟོས་རེད་བསམ་གྱི་འདུག ཚེ་འདིའི་ལྟོ་གོས་དང་བསྡོད་ཁང་ཙམ་རེ་ནི་ཉམ་ཆུང་དུད་འགྲོ་རྣམས་ཀྱིས་ཀྱང་མི་ལས་ལྷག་ས་ཞིག་བཟོ་སྐྲུན་བྱེད་ཤེས་ཀྱི་འདུག

ཉིའུ་ཡོག་མ་རེད་མི་གཡོག་རེད།། 
མི་གཡོག་ཨ་སྒོར་ཆེད་དུ་རེད།། 
ས་གནས་འདི་རུ་འདུག་མཁན་རྣམས།།
 མི་ལུས་རིན་ཆེན་ཕྲོག་རླག་རེད།། 

དུས་བཞི་མི་གཅིག་གྲང་ལྷག་ཆེ།།
མི་རིགས་མི་གཅིག་འཛམ་གླིང་མི།། 
སྐད་རིགས་མི་གཅིག་ར་མ་ལུག། 
ཆ་ལུགས་མི་གཅིག་ཡ་མ་ཟུང་།། 

དགུན་དུས་གྲང་བས་ཁེངས་གྲབ་བྱེད།། 
དབྱར་ཀ་ཚ་བས་ཞུ་གྲབ་བྱེད།། 
མི་ཡི་གཟུགས་ལ་ཚེ་གཡོག་མཁན།། 
ས་གནས་འདི་རུ་ང་མི་འདུག། 

ང་ནི་ཀི་ལི་ཧྥོ་ཉར་འགྲོ། 
ཁར་མེལ་རྒྱ་མཚོའི་འགྲམ་དུ་འགྲོ། 
རྦིག་སུར་རི་བོའི་རྩེ་རུ་འགྲོ།
ཆོས་ཚོགས་འཇམ་དབྱངས་གླིང་དུ་འགྲོ། 


གཡར་པོའི་ལུས་རྟེན་འདི་ཐོབ་ནས་བཟུང་སྟེ་ཚེ་འདིར་དམ་ཆོས་གཤའ་མ་ཞིག་མ་འགྲུབ་ཀྱང་ཚེ་འདི་ཁོ་ནའི་ཆེད་དུ་རང་ཁེ་གཞན་ཕམ་གྱི་སྡིག་ལས་ཀྱིས་རང་ཉིད་སྨྱོན་པ་མི་བཟོ་བསམ་པའི་དམ་བཅའ་བྱེད་བཞིན་དེ་རིང་གི་ཉིན་ཐོ་དེ་ཨུ་ཚུགས་ཀྱིས་གཏངས། 


Saturday, November 1, 2014

ཨ་རིའི་འདྲེ་ཡི་དུས་ཆེན་ཉིན་མོ།

དུས་ཆེན་ཀྱི་ཤོག་བྱང་།
ཡེ་ཤུའི་འདྲེ་ཡི་དུས་ཆེན་ཉིན་མོ།
ཉིན་མོ་འདི་ནི་ཡེ་ཤུའི་ཆོས་ལུགས་ཡོངས་ཀྱི་འདྲེ་ཡི་དུས་ཆེན་སྲུང་གཙིའི་ཉིན་མོ་ཞིག་ཡིན། ལུས་སྲོལ་འདི་ནི་ཡོ་རོབ་སོགས་ནས་འཛམ་གླིང་གང་སར་ཁྱབ་བརྡལ་དུ་སོང་ནས་དེང་སང་རྒྱལ་ཁབ་མང་པོ་ཞིག་ནང་དུས་ཆེན་འདི་གལ་ཆེན་དུ་ངོས་འཛིན་བྱེད་ནས་སྲུང་གཙི་བྱེད་ཀྱི་ཡོད། ལྷག་པར་དུ་ཨ་རི་ནས་མཚན་མཐུན་ཆགས་སྤྱོད་ཅན་རྣམས་ཀྱིས་དུས་ཆེན་འདི་ཧ་ཅང་གལ་ཆེན་དུ་ངོས་འཛིན་བྱེད་ཀྱི་ཡོད། ཉིན་མོ་འདིར་དམིགས་བསལ་ཕྲུག་གུ་རྣམས་ལ་འདྲེ་གཟུགས་དང་འདྲེ་འབག་སོགས་གཡོགས་ནས་མི་ཚང་རེ་རེ་བཞིན་སྒོ་འགྲིམ་བྱེད་ནས་མངར་ཟས་འདྲ་མིན་སློང་བའི་ལུགས་སྲོལ་ཞིག་ཀྱང་ཡོད། ང་ནི་དགེ་ཕྲུག་ཀརྨ་ཆོས་སྒྲོན་ནང་དུ་ཉིན་གང་པོར་བསྡད་པས་ཕྲུག་གུ་སྒོ་བརྡུང་མཁན་ཧ་ཅང་མང་པོ་བྱུང་བས་སྔ་ནས་གྲ་སྒྲིག་བྱས་ནས་ཡོད་པའི་མངར་ཟས་རྣམས་ཀྱིས་ཕྲུག་གུ་རྣམས་ཚིམས་པར་བྱས། 

སྣང་བ་ཀུན་བརྟག་འདྲེ་ཉིད་ཕུགས་སུ་ཉར།།
གཞན་དབང་ཡོངས་གྲུབ་འདྲེ་གཟུགས་སྒོ་རུ་གཤམས།།
རང་ཉིད་འདྲེ་ཡི་ཕ་རྒན་ཡིན་བཞིན་དུ།།
སུ་ཡིས་སུ་ལ་འདྲེ་ཞེས་མཛུབ་མོ་གཙུགས།།

མ་རབ་གཡོ་སྒྱུས་དུག་ཆུ་ཁོང་དུ་སྦས།། 
མི་ཡི་གཟུགས་ལ་གསོན་འདྲེའི་གཡབ་མོ་ཅན།། 
ས་སྟེང་རྐང་གཉིས་འདྲེ་ལས་ཐུ་བ་ཞིག།
ཁྱེད་ཀྱིས་ལན་བརྒྱར་བཙལ་ཡང་རྙེད་རེ་ཀན།། 

Friday, October 31, 2014

ཀརྨ་ཆོས་སྒྲོན་ཆང་ས་རྒྱབ་པའི་ཉིན་མོ།

གཟའ་མི་གཉིས་ནས་ཆང་སའི་དམ་བཅའ་འཇོག་བཞིན་པ། 
ཁ་སང་ནས་བཟུང་སྟེ་ཉིན་གཉིས་རིང་ཨ་རིའི་མངའ་སྡེ་ཀོ་ནེའི་ཏྲི་ཀེ་ཏྲེ་connecticut ལ་སོང་། ངོས་ཀྱི་དགེ་ཕྲུག་ཕ་ཡུལ་ཀོ་ལིམ་བྷེ་ནས་ཡིན་པའི་ཨེ་སེ་མེ་ར་རྡ་ཆོས་མིང་དུ་ཀརྨ་ཆོས་སྒྲོན་ཆང་སའི་ཉིན་མོ་ཡིན་སྟབས་ཆང་སའི་མཛད་སྒོ་དེར་སོང་། མོ་རང་གི་ཆོ་ག་ནི་ཕ་ཡུལ་ཡོ་རོབ་སི་པིན་ནས་ཡིན་པའི་མི་ཡ་རབས་བཟང་སྤྱོད་དང་ལྡན་པ་ཅན་ཞིག་འདུག ཀརྨ་ཆོས་སྒྲོན་ནི་ནང་ཆོས་ལ་དད་པ་ཡོད་པའི་ནང་པ་དཀྱུས་མ་དང་མ་ཟད་ངོས་ལ་ར་གན་གསེར་རློམ་གྱི་དད་ལྡན་མ་བུད་མེད་བཟང་སྤྱོད་ཅན་ཞིག་རེད་མོ་རང་ལ་བུ་མོ་གཉིས་དང་བུ་གཅིག་བཅས་ཡོད་ཀྱང་ད་ལྟ་མོ་རང་མཉམ་དུ་ནི་གཅིག་ཀྱང་མེད། མོ་རང་གི་འདོད་པ་ལྟར་དེ་རིང་གི་ཆང་སའི་ཉིན་མོ་འདིར་ང་མེད་ན་ཐབས་མེད་ཡིན་ཅེས་ཨུ་ཚུགས་ཀྱིས་རེ་བ་ལྟར་ང་ཡང་ལོ་རེ་བཞིན་ཉིའུ་ཡོག་ལ་ངོས་ཀྱི་ཚ་བོ་དང་དགེ་ཕྲུག་རྣམས་ལ་ཆེད་དུ་ཐུག་འདོད་ཀྱི་ཞོར་དུ་ཁ་སང་མོ་རང་གི་འདོད་པ་ལྟར་མོ་རང་གི་ཆང་སར་ཆེད་དུ་སོང་། ཆང་ས་ཉིའུ་ཡོག་ནས་ཆུ་ཚོད་གཉིས་ཙམ་གྱི་སར་ཡོད་པའི་ཀོ་ནེའི་ཏྲི་ཀེ་ཏྲེ་ལ་ཁོ་རང་གཉིས་ཀྱི་ཁང་པ་གཉིས་པ་ཞིག་ཡོད་པ་དེར་མཉམ་དུ་སོང་། སྤྱི་ཟླ་བཅུ་པའི་ཚེས་པ་ཉེར་དགུ་འདི་ནི་བོད་ལུགས་ཀྱི་ནག་རྩིས་ལྟར་ཁོ་རང་གཉིས་ཀྱི་ཆང་སའི་དུས་ཚིག་ལ་གཏན་འབེབས་བྱུང་བ་ཞིག་ཡིན་འདུག་དུས་ཆེན་འདི་ཧ་ཅང་གལ་ཆེན་དུ་རྩིས་ནས་ཞོགས་པ་ངས་ཀྱང་བཀྲ་ཤིས་བརྒྱད་པ་དང་། གཞན་བཀྲ་ཤིས་བརྩེགས་མདོ། ཉེས་པ་ཀུན་སེལ་སོགས་བོད་བརྒྱུད་གསང་སྔགས་ཀྱི་ལུགས་སྲོལ་ལྟར་སྡེ་བརྒྱད་གསེར་སྐྱེམས་སོགས་ཞབས་རིམ་གང་དྲག་བྱས། ཉེ་སར་ཡོད་པའི་ཡེ་ཤུའི་བག་སྟོན་མཁན་པོ་ཞིག་ཁོ་རང་ཚོའི་ལུགས་སྲོལ་ལྟར་གདན་ཞུས་ཀྱིས་ཁོ་རང་གཟའ་མི་གཉིས་ནས་དེ་རིང་ནས་བཟུང་སྟེ་མ་ཤིའི་བར་དུ་བརྩེ་སེམས་མི་འགྱུར་བ་རྡོ་རྗེ་ཕ་ལམ་ལྟ་བུའི་ངང་ནས་ཆང་ས་ཤི་མཐའ་འཁྱོལ་བ་བྱེད་པའི་དམ་བཅའ་བཞག་སོང་། དེ་ནས་རྗེས་ཟློས་དང་མཉམ་དུ་ཕོ་ཡིས་མཛུབ་དཀྲིས་མོ་ལ་བཀོན་ཅིང་མོ་ཡིས་མཛུབ་དཀྲིས་ཕོ་ལ་བཀོན་པ་སོགས་ཀྱིས་མཐར་གཉིས་ཀས་འོ་བྱེད་པ་སོགས་དེ་སྔོན་མཐོང་གཏན་ནས་མ་མྱོང་བའི་ལྟད་མོ་ཞིག་དེ་རིང་མཐོང་སོང་། 
ཆང་སའི་དུས་སྟོན་འདིར་ཀརྨ་ཆོས་སྒྲོན་བུ་དང་བུ་མོ་སོགས་འབྲེལ་ཡོད་ཀྱི་ནང་མི་རྣམས་ལས་གཞན་ཕྱི་ལོགས་ནས་ང་ལས་མ་གཏོགས་གཅིག་ཀྱང་མགྲོན་འབོད་བྱས་མི་འདུག ཆང་སའི་རྟེན་འབྲེལ་ཚར་མ་ཐག་ང་ཚོ་ཚང་མ་ཉེ་སར་ཡོད་པའི་ཟས་རིགས་སྣ་མང་ལས་གྲུབ་པའི་ཟ་ཁང་ཞིག་ནང་དུ་སོང་ནས་ཟ་མ་འགྲང་ཚད་ཟོས། ཉིན་རྒྱབ་ཆུ་ཚོད་བཞི་པའི་སྐབས་སུ་རྒྱལ་ས་ཉིའུ་ཡོག་ལ་འབྱོར་། མ་ཐུག་ཡུན་རིང་སོང་བའི་ནང་མི་ཚ་བོ་དང་མཉམ་དུ་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། དེ་རིང་གི་ཉིན་ཐོ་དེ་བཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Saturday, October 25, 2014

བད་ེཆེན་ཞིང་སྒྲུབ་ཉིན་ཐ་མའི་ཉིན་མོ།

པོར་ལེན་ལ་ཞིང་སྒྲུབ་འཚོགས་བཞིན་པའི་ཟུར་པར་ཞིག
དེ་རིང་ནི་པོར་ལེན་ལ་འདི་ལོའི་བདེ་ཆེན་ཞིང་སྒྲུབ་ཉིན་ཐ་མ་དེ་ཡིན། སྤྱིར་གཏང་པོར་ལེན་ནུབ་བྱང་བོད་རིགས་ཚོགས་པར་བདེ་ཆེན་ཞིང་སྒྲུབ་འཚོགས་ནས་ལོ་བདུན་པ་དེ་ཡིན། ད་ནངས་ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་བོད་ཁང་དུ་སོང་བས་བདེ་ཆེན་ཞིང་སྒྲུབ་ཆོས་ཞུ་བ་ཚང་མ་འཛོམས་ཚར་འདུག དེ་རིང་ནི་ཞིང་སྒྲུབ་ཉིན་ཐ་མ་དེ་ཡིན་སྟབས་གསོ་སྦྱོང་མེད་ཞོགས་ཟས་ཚར་བ་མཉམ་དུ་ཆོ་ག་གཞུང་རྐྱང་མཐར་ཆགས་སུ་ཚར་གཅིག་གཏོན་ནས་བསྙེན་མཚམས་སྐབས་སུ་ཉེ་ཆར་དབུས་བོད་མིའི་སྒྲིག་འཛུགས་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱའི་ཞབས་བརྟན་ཆེད་ཚེ་གཟུངས་དང་ཚིག་བདུན་གསོལ་འདེབས་སོགས་བོད་རིགས་ཡོངས་ནས་འདོན་དགོས་པའི་བརྡ་ཁྱབ་ལྟར་དེ་རིང་མི་མང་འདུ་འཛོམས་ཀྱི་གོ་སྐབས་བཟང་པོ་དང་བསྟུན་ཚེ་གཟུངས་དང་སོགས་ཞབས་བརྟན་འགའ་མཉམ་འདོན་བྱས། ཉིན་རྒྱབ་མི་མང་དྲུག་བཅུ་མ་ཟིན་ཙམ་དང་ལྷན་བདེ་ཆེན་ཞིང་སྒྲུབས་ཚོགས་འཁོར་མར་མེ་སྨོན་ལམ་བཅས་ཀྱིས་འདི་ལོའི་བདེ་ཆེན་ཞིང་སྒྲུབ་ཉིད་བཀྲ་ཤིས་བདེ་ལེགས་ངང་ལེགས་པར་གྲུབ། མི་མང་ནས་ངོས་ལ་ཁ་བཏགས་དང་ཆོས་ཡོན་སོགས་མཇལ་ཁར་འཚང་ཁ་ཤིག་ཤིག་བྱུང་། ས་ཆ་གང་དུ་སོང་ཡང་བོད་པ་རྣམས་ནས་ངོས་ཀྱི་ཆོས་དང་གང་ཟག་གཉིས་ལ་ལོ་རེ་བཞིན་དད་མོས་ཇེ་ཆེ་དང་མི་འབོར་ཇེ་མང་རེད་འདུག
ནམ་རྒྱུན་ངས་ཆོས་བཤད་པའི་སྐབས་སུ་མི་མང་ཉུང་དང་སློབ་མ་ལ་ཕན་ཐོག་མིན་ལ་མ་ལྟོས་པར་གང་བཤད་རྒྱུའི་ཆོས་ཉིད་ལ་རང་ནས་བསམ་བློ་གཏོང་བཞིན་བཤད་པའི་སྐབས་སུ་ཏན་ཏན་ང་རང་ཉིད་ལ་ཕན་ཐོག་ཧ་ཅང་ཆེན་པོ་འདུག དེ་ནི་མི་སྒོ་ནས་རང་སངས་རྒྱས་ཞེས་པ་དེ་རེད། 
སང་ཉིན་ཞོགས་པ་སྔ་བོ་ཆུ་ཚོད་ལྔ་པའི་སྐབས་སུ་པོར་ལེན་གནམ་ཐང་བརྒྱུད་ནས་ཉིའུ་ཡོག་ལ་འགྲོ་དགོས། 

Tuesday, October 21, 2014

མཁན་པོ་ཀར་ཚེ་ལ་ལོ་གཉིས་དང་ཕྱེད་ཀྱི་ཁྲིམས་ཐག་བཅད་པ།

མཁན་པོ་ཀར་ཚེའི་པར་བོད་ཕྲིན་ནས་བླངས། 
ངོས་ནས་ཉེ་ཆར་ནང་ཆེན་ལ་ཁ་པར་བཏང་བས་བློ་ཡུལ་ལས་འདས་པའི་གཏམ་བཟང་ཞིག་ལ་མཁན་པོ་ཀར་ཚེ་ལ་ཁྲིམས་ཐག་ལོ་གཉིས་དང་ཕྱེད་བཅད་ནས་ད་རེས་སྐུ་གཟུགས་གནས་སྟངས་མི་སྐྱོན་ཙམ་གྱིས་ཆབ་མདོའི་བཙོན་ཁང་ནང་དུ་ཡོད་སྐད་འདུག དེ་ནི་ངོས་ལ་ལྟོས་ན་ཧ་ཅང་གཏམ་བཟང་ཞིག་ཡིན། གང་ཡིན་ཟེར་ན་མཁན་པོ་ཀར་ཚེ་ཁོང་བཙོན་ཁང་དུ་བཅུག་ནས་བཟུང་ངོས་ལ་སེམས་ཁྲལ་ཧ་ཅང་ཆེན་པོ་བྱུང་། ངོས་ཀྱི་དགོན་པར་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་ཞི་བར་གཤེགས་ནས་བཟུང་སྡེ་དགོན་གཉིས་ལ་རེ་བའི་མིག་འབུར་གཏོད་ས་གཅིག་ཡོད་པ་དེ་ནི་མཁན་པོ་ཁོང་ཡིན། ཁོང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་ལོ་མང་རིང་ཐོས་བསམ་བྱས་པའི་མཁན་པོ་ཞིག་ཡིན་པ་མ་ཟད་དེང་དུས་མི་མང་གཉོམ་ཆུང་ཁྲོད་ན་བདེ་སྡུག་གི་གནས་སྟངས་ཐོག་ལ་བསམ་གཞིག་བྱེད་མཁན་ན་གཞོན་བསམ་བློའི་ཁ་ལོ་བ་ཞིག་ཀྱང་ཡིན། 
ཁ་སང་ནོར་ཝེའི་རླུང་འཕྲིན་ཁང་དང་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་སོགས་རླུང་འཕྲིན་ཁང་རྣམས་དང་དེ་བཞིན་རྒྱལ་གཅེས་བོད་དོན་རོགས་སྐྱོར་ཚོགས་པ་དང་སློབ་ཕྲུག་རང་བཙན་ཚོགས་པ་སོགས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཁ་པར་བཏང་ནས་མཁན་པོ་ཀར་ཚེའི་གནས་སྟངས་སྐོར་བཅར་འདྲི་བྱེད་རྒྱུ་དེ་རེད་འདུག ང་ནི་དེང་སང་པོར་ལེན་ནུབ་བྱང་བོད་རིགས་ཚོགས་པ་རྣམས་ཀྱི་གོ་སྒྲིག་འོག་ལོ་ལྟར་ཆགས་སུ་ཡོད་པའི་བདེ་ཆེན་ཞིང་སྒྲུབས་འཚོགས་བཞིན་པའི་སྐབས་ཀྱི་བྲེལ་ཟིང་ལ་ཁེལ་ནས་དུས་ཐོག་ལ་ཁ་པར་ལ་ཡ་ལེན་བྱེད་རྒྱུར་དུས་ཚོད་ཆེར་མེད་ཀྱང་བར་གསེང་སྐབས་སུ་རང་དགོན་གྱི་བླ་སྤྲུལ་རྣམས་ཀྱི་བཀའ་ཁྲོལ་ལྟར་མཁན་པོའི་སྐོར་གནས་ཚུལ་གང་ཤེས་ཁྱབ་བསྒྲགས་བྱས། 



འཁོར་བའི་འདམ་ནས་མི་འཇིགས་ཕྱག་ཡངས་ཀྱིས་དྲངས་ཤིང་། 
ལུགས་གཉིས་ལམ་གྱིས་བླང་དོར་བློ་མིག་རང་སྦྱིན་པའི།། 
བཀའ་དྲིན་འཁོར་མཐའ་བྲལ་བའི་དྲིན་ཅན་གྱི་བླ་མ།། 
སྐྱབས་རྗེ་བུདྡྷའི་མཚན་ཅན་སྙིང་དབུས་ནས་དྲན་སོང་།

གང་གི་གདན་ས་ཇ་དགོན་ཉི་མ་ཡི་གླིང་ནས།།
མཚུངས་མེད་བླ་རྒན་དམ་པའི་གྲིབ་བསིལ་གྱི་བདུད་རྩི།། 
བཀའ་གཏེར་སྨིན་གྲོལ་གདམས་པའི་གཏེར་སྒོ་རང་འབྱེད་དུས།། 
དམར་སེར་འདུས་པ་རྒྱ་མཚོའི་མཆེད་ལྕམ་རྣམས་དྲན་སོང་།

མེ་ཏོག་ནང་ནས་ཨུ་དུམ་ཝ་ར་ལྟར་འཕགས་པ།། 
འདུས་པའི་ནང་ནས་ཐོས་བསམ་སྒོམ་པ་ཡི་མངའ་བདག།
ཁོ་བོའི་རྡོ་རྗེའི་མཆེད་པོ་བློ་ཐུབ་ཀྱི་ཆོས་གྲོགས།། 
མཁན་པོ་ཀརྨ་ཚེ་དབང་སེམས་རྟིང་ནས་དྲན་ཀི།

ཁྱེད་ཀྱི་ལ་རྒྱའི་སེམས་ཤུགས་རི་བོ་ལས་བརྟན་ཅིང་། 
ཕུག་བསམ་དམིགས་འདུན་མ་ཀིའི་གཙང་ཆུ་ལས་རིང་བ།། 
གདོང་དམར་བོད་ལ་བཅངས་བའི་འགྱུར་མེད་ཀྱི་དམ་བཅའ།། 
གཡོ་མེད་བྲག་ལས་སྲ་བའི་མཆེད་གྲོགས་ཁྱེད་དྲན་བྱུང་། 

བླ་གཟུགས་དཔོན་མ་བླ་ཡི་ཆེ་ཚུགས་དེ་མ་ངོམ།།
ཐོས་དོན་མིང་གིས་རྒྱགས་པའི་སྔོ་ལོ་དེ་མ་འཕྱར།། 
ཉམ་ཆུང་ཐལ་རྡུལ་ཁྲོད་ཀྱི་ན་གཞོན་གྱི་སློབ་གསོ།། 
ང་ཡི་འཐབ་གྲོགས་སེམས་ཀྱི་ཉི་མ་དེ་དྲན་ནོ།།

དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་བཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Monday, October 20, 2014

བདེ་ཆེན་ཞིང་སྒྲུབ་ཉིན་ལྔ་པ།

དེ་རིང་ནི་བདེ་ཆེན་ཞིང་སྒྲུབ་ཉིན་ལྔ་པ་དེ་ཡིན། ད་ནངས་ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་བོད་ཁང་དུ་སོང་བས་བོད་རིགས་རྣམས་ནས་ངོས་ལ་ཡོང་སྒུག་བྱས་འདུག ཆུ་ཚོད་བདུན་པའི་སྐབས་སུ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་མཉམ་དུ་བླངས་ནས་ཞོགས་ཟས་ལ་རོལ། ཆུ་ཚོད་དགུ་པའི་སྐབས་སུ་བདེ་ཆེན་ཞིང་སྒྲུབ་པདྨ་མའི་དྲྭ་བ་མཉམ་དུ་བཏོན་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་
བོད་པ་རྣམས་ནས་སྒོམ་བྱེད་བཞིན་པ། 
དང་བར་སྐབས་ཀྱི་ཆོས་བཤད་ཀྱི་མཚམས་སྦྱོར་རྣམས་གང་ཤེས་ངོ་སྤྲོད་སོགས་བྱས། ཉིན་རྒྱབ་ཏུ་སྔ་ནས་གྲ་སྒྲིག་བྱས་ཟིན་པའི་ཕྱག་རྒྱ་ཆེན་པོའི་ཆོས་བཤད་བྱེད་རྒྱུ་དེ་ཡིན་ཀྱང་ཁ་སང་བསམ་བློ་ཞིག་གཏངས་དུས་ཆོས་ཞུ་བ་མང་ཆེ་བ་རྒན་གོག་ཡིན་པ་མ་ཟད་ཕལ་ཆེར་ནི་ཡིག་རྨོངས་ཙམ་ཡང་སེལ་མ་ཐུབ་མཁན་མང་སྤྱིར་ཕྱག་རྒྱ་ཆེན་པོའི་ཆོས་འདི་ཐེག་ཆེན་གསང་སྔགས་ཐུན་མོང་མ་ཡིན་པའི་ལྟ་བ་བཙན་ཐབས་ཀྱི་སྒོ་ནས་ངོ་སྤྲོད་སྟངས་ཞིག་ཡིན་སྟབས་ཟབ་ཆོས་དེ་ཉིད་ཉམས་སུ་ལེན་མཁན་ལའང་དབང་རབ་ཐེག་ཆེན་གྱི་སློབ་མ་སྣོད་དང་ལྡན་པ་ཞིག་ངེས་པར་ཅན་གལ་ཆེ་བས་ད་རེས་ཏེ་ལོ་པས་མཛད་པའི་ཕྱག་ཆེན་གངྒ་མ་དང་། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཕྱག་ཆེན་སྨོན་ལམ་གཉིས་གནས་སྐབས་ཕྱི་འཐེན་བྱས་པ་ཡིན། དེ་རིང་ནི་བན་རྒར་འཇམ་དཔལ་བཟང་པོས་མཛད་པའི་ཕྱག་ཆེན་བླ་བརྒྱུད་གསོལ་འདེབས་རྡོ་རྗེ་འཆང་ཐུང་མ་འདི་ཉིད་ཀྱི་ཐོག་ནས་འགྲེལ་བཤད་གང་དྲག་དང་རང་ལ་ཉམས་ལེན་ཡོད་མེད་ལ་མ་ལྟོས་པར་ནམ་མཁའ་འདོམ་འཇལ་གྱི་ཚུལ་དུ་སྟོང་ཉིད་སྐོར་མདོར་བསྡུས་ཞིག་བཤད་ཁུལ་བྱས་པ་ཡིན། 

དགོང་མོ་ཆུ་ཚོད་བཞི་པའི་སྐབས་སུ་བདེ་ཆེན་ཞིང་སྒྲུབ་ཆོ་ག་རྗེས་ཆོག་དང་བསྔོ་སྨོན་སོགས་ཀྱིས་མཐར་དབྱུངས་ནས་ངོས་ཀྱི་ཆོས་གྲོགས་པདྨ་ཆོས་འཕེལ་ནང་དུ་སོང་། སང་ཉིན་ནས་བཟུང་ཉིན་གསུམ་རིང་བོད་རིགས་རྣམས་ཁེ་ན་ཌ་ལ་༧གོང་ས་སྐྱབས་མགོན་ཆེན་པོའི་གསུང་ཆོས་ལ་འགྲོ་བ་དང་སྟབས་སྟུན་ང་ནི་ཉིན་གསུམ་རིང་ངལ་གསོ་ཡོད་པས་སེམས་པ་ཧ་ཅང་སྐྱིད་པོ་འདུག

Thursday, October 16, 2014

པོར་ལེན་ལ་སོང་བའི་ཉིན་མོ།

སྔ་ལོར་འཚོགས་ཟིན་པའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཟུར་པར་ཞིག།
དེ་རིང་ནི་ཆོས་ཚོགས་ཀྱི་ཚོགས་གཙོའི་གཙོས་དགེ་ཕྲུག་གསུམ་གྱིས་སན་ཧོའི་ཟེའི་གནམ་ཐང་ལ་སྐྱེལ་མ་བྱས་ནས་སེའི་ཨ་ཏྲོའི་གནམ་ཐང་བརྒྱུད་ནས་པོར་ལེན་ལ་དགོང་མོ་ཆུ་ཚོད་དགུ་པའི་སྐབས་སུ་འབྱོར། པོར་ལེན་གནམ་ཐང་ནས་སྙིང་ནས་བརྩེ་བའི་ཆོས་གྲོགས་པདྨ་ཆོས་འཕེལ། ཤེས་རབ་སྐལ་ལྡན་དང་། བདེ་ཆེན་དཔལ་མཚོ་གསུམ་ནས་སྒུག་འདུག ཤར་སྐྱོད་ཤེས་རབ་ནང་དུ་ཡོང་ནས་ད་ནུབ་དེར་བསྡད། ཤེས་རབ་ནས་ངོས་ཀྱི་ཟ་མ་དགའ་ཤོས་མོག་མོག་དང་འཐེན་ཐུག་སོགས་ཀྱིས་ང་ནི་བོད་ཟས་དངས་མ་ཁ་ལ་མ་རག་ནས་ཡུན་རིང་སོང་བས་ཁྱི་ལྟོག་ཟས་དང་འཕྲད་པ་ནང་བཞིན་གྱུར། 
པོར་ལེན་བོད་རིགས་འདི་རྣམས་ནི་ང་ཚོ་ཕན་ཚུན་ཧ་ཅང་འཆམས་མཐུན་ཡག་པོ་ཡོད་པ་མ་ཟད་ཆོས་ཕྱོགས་ནས་ཀྱང་དམ་ཚིག་ཧ་ཅང་ཆེན་པོ་ཡིན། པོར་ལེན་བོད་རིགས་རྣམས་དང་ལྷན་བདེ་ཆེན་ཞིང་སྒྲུབ་འཚོགས་ནས་ལོ་འདི་ཐེངས་མ་བདུན་པ་དེ་ཡིན། འདི་ལོར་རྩ་བའི་བདེ་ཆེན་ཞིང་སྒྲུབ་ཁོག་ནས་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཕྱག་ཆེན་སྨོན་ལམ་དང་། ཏཱེ་ལོ་པས་མཛད་པའི་ཕྱག་ཆེན་གངྒ་མ། ཉེ་ཆར་ཁོ་བོས་བྲིས་པའི་ཕྱག་ཆེན་རྣལ་འབྱོར་བཞི་རིམ་གྱི་འགྲེལ་བཤད་བཅས་སྦྲག་ནས་བཤད་འཆར་ཡོད། 
ས་གནས་འདིའི་བོད་རིགས་རྒན་གོག་རྣམས་ཀྱིས་ངོས་ལ་ར་གན་གསེར་རློན་གྱི་འདུ་ཤེས་ཚད་མཐོར་འཛིན་ནས་བདེ་ཆེན་ཞིང་སྒྲུབ་ལ་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད། 
ང་གང་ཟག་ཆོས་སྨྲ་བའི་མིང་ཅན་འདི་ལ་གཞན་ལ་མི་འདྲ་ཀུན་དང་མི་མཚུངས་པའི་དམིགས་བསལ་ཁྱད་ཆོས་ཞིག་ཡོད་བསམ་པ་ཞིག་མེད་ཀྱང་ཆེས་དགའ་འོས་པ་ཞིག་ལ་ཁོར་ཡུག་བཟང་པོ་བོད་གངས་ཅན་ལྗོངས་སུ་ལྟེ་ཁྲག་འཐོར་ཅིང་། རྩ་བའི་བླ་མ་དང་ཨ་ཞང་སོགས་སེམས་པ་དུང་བས་དཀར་ཞིང་། མི་གཞི་སྨྱུག་ལས་དྲངས་བའི་ཚད་ལྡན་དགེ་རྒན་རྣམས་ཀྱི་གཉོར་སྐྱོང་དང་བོད་གངས་ཅན་པའི་ཕ་ཁྱིམ་ཚ་བོའི་ནང་དུ་འཚར་ལོངས་བྱུང་བས་དེ་ནི་གཏམ་དཔེར་ཐུད་སྣུམ་པ་མར་གྱི་སྐུ་དྲིན་གྱི་དཔེ་ལྟར་ཡིན་པས་ཆེས་རིན་ཐང་ཅན་གྱི་དཀའ་དྲིན་དེ་ནི་ས་གནས་གང་དུ་སོང་གྲོགས་སུ་དང་འགྲོགས་ཀྱང་དུས་ནམ་ཡང་མི་བརྗེད་པའི་དམ་བཅའ་ཡོད། 
ལར་ནི་ངས་བོད་རིགས་རྣམས་ལ་ནང་ཆོས་ཀྱི་སྒོ་བཤའ་འབྱེད་པ་འདི་ནི་རྒྱུ་མཚན་གཉིས་ཡོད། དང་པོ་ནི། ངས་བཤད་རྒྱུའི་ཆོས་འདི་ཉིད་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཟབ་མོ་ཞིག་ཡིན་པའི་ཆ་ནས་ད་ལྟའི་མི་རབས་འདི་རྣམས་ཀྱིས་གོ་ལའི་གཅེས་ནོར་དུ་གྱུར་པའི་རིག་གཞུང་ཟབ་མོ་འདི་མི་ཉམས་རྒྱུན་འཛིན་གྱི་ཆེད་དུ་ཡིན། གཉིས་པ་ནི། ངོས་ཆུང་ནས་ད་བར་ནང་ཆོས་ཟབ་མོ་འདིའི་རྩ་བ་དང་ཡན་ལག་སོགས་ལ་སྦྱང་པ་རིག་གཅིག་རྐང་འཛིན་དུ་སོང་བའི་ཆེད་ལས་པ་ནང་ཆོས་སློབ་སྦྱོང་བ་ཞིག་ཡིན་པའི་ཆ་ནས་གང་ཕན་བཤད་པ་བླ་མའི་ལས་འགན་དུ་སོང་བས་དེ་ནི་ངོས་ཀྱི་གཡོལ་དུ་མེད་ལས་འགན་ངོ་མ་དེ་ཡིན་པའི་ཆ་ནས་ཡིན། 

སང་ཉིན་ནས་བཟུང་བདུན་ཕྲག་གཅིག་ལྷག་རིང་ཞོགས་པ་ཆུ་ཚོད་བདུན་པ་ནས་དགོང་མོ་ཆུ་ཚོད་ལྔ་ཡི་བར་ཆོས་བཤད་ཀྱི་མཁན་པོ་དང་། ཆོ་གའི་དབུ་མཛད་སོགས་འགན་གཅིག་ལྕོག་གིས་བྲེལ་ཟིང་ཆེ་བའི་ལོ་གཅིག་གི་མཛད་རིམ་ཆེ་ཤོས་དེ་ཡིན་པས་དགུང་བཅད་ཀྱི་ལྟོག་སྐོམ་དང་། ཚ་གྲང་གི་དཀའ་ཐུབ། སློབ་མའི་ལོག་སྒྲུབ་སོགས་མདོར་ན་ཆོས་ཕྱིར་དཀའ་སྤྱད་ཀྱི་བཟོད་པའི་གོ་ཆ་གྱོན་ནས་འདི་ལོའི་བདེ་ཆེན་ཞིང་སྒྲུབ་ཐེངས་མ་བདུན་པ་ཉིད་ཀྱང་གེགས་མེད་མཐར་ཕྱིན་ཡོང་བའི་སྨོན་ལམ་དང་དམ་བཅའ་བརྟན་པོ་ཡོད།