Translate

Saturday, October 11, 2014

ཕྱག་རྒྱ་ཆེན་པོའི་ཆོས་བཤད་བྱས་པའི་ཉིན་མོ།

ཆོས་ཞུ་བ་ཁག་ཅིག་དང་མཉམ་དུ། 
ཉིན་མོ་འདི་ནི་ཟླ་བ་འགའ་ཡི་གོང་ངོས་ཀྱི་ཆོས་ཚོགས་ནས་གྲ་བསྒྲིགས་བྱས་པ་ནང་བཞིན་དེ་རིང་ཉིན་གང་ཧྲིལ་པོར་ཕྱག་རྒྱ་ཆེན་པོའི་ཆོས་བཤད་བྱེད་རྒྱུ་དེ་ཡིན། ཞོགས་པ་ཆུ་ཚོད་བཅུ་པའི་སྐབས་སུ་འཚོགས་ཁང་ལ་སོང་བས་མི་གྲངས་སུམ་བཅུ་ཁ་ལྷག་གིས་ངོས་ལ་ཕེབས་སྒུག་བྱས་འདུག 
དང་པོ་ངོས་ཀྱི་དབྱིན་ཇི་ཆགས་རོ་དེ་རྒྱབ་ནས་མི་མང་ལ་ཁམས་འདྲི་དང་སྦྲག་དངོས་བཞིའི་ཆོས་ལ་སྐད་བསྒྱུར་བྱམས་པ་མཐར་ཕྱིན་ལགས་བརྒྱུད་ནས་ཕྱག་ཆེན་དངོས་གཞིའི་ཆོས་མ་བཤད་གོང་ནས་ཐུན་མོང་གི་སྔོན་འགྲོའི་ཆོས་ལ་བློ་ལྡོག་རྣམ་བཞི་མདོར་བསྡུས་བཤད་ནས་ཐུན་མོང་མ་ཡིན་པའི་ཆོས་ལ་རླུང་རོ་དགུ་ཕྲུག་བྱེད་སྟངས་མདོར་བསྡུས་ཞིག་བཤད། 
དངོས་གཞིའི་ཆོས་ཐུན་ལ་ཉེ་ཆར་ངོས་རང་ནས་བྲིས་པའི་ཕྱག་ཆེན་རྣལ་འབྱོར་བཞི་རིམ་གྱི་འགྲེལ་བཤད་ཐོག་ནས་རྩེ་གཅིག སྤྲོས་བྲལ། རོ་གཅིག སྒོམ་མེད། རྣམས་རིམ་བཞིན་ཇི་ལྟར་ཉམས་སུ་ལེན་སྟངས་དང་བཅས་རང་གང་ཤེས་ཉམས་མྱོང་དང་། རྩ་བའི་བླ་མའི་ཞལ་རྒྱུན་སོགས་མདོར་ན་རང་བཟོ་དང་ཕོ་ཚོད་ཀྱི་དབང་དུ་མ་སོང་བར་གང་ཤེས་བཤད་ཁུལ་བྱས། སྐབས་སྐབས་སུ་བཤད་དོན་རྣམས་གདན་ཐོག་དེ་གར་སྒོམ་འཇུག་པ་སོགས་ཀྱང་བྱས། ཆུ་ཚོད་ལྔ་པའི་སྐབས་སུ་དྲི་བ་དྲིས་ལན་སོགས་ཀྱིས་དེ་རིང་གི་ཆོས་ཐུན་ཉིད་ཡོངས་སུ་གྲུབ་པར་བྱས་པས་མི་མང་ཧ་ཅང་དགའ་བོ་བྱས་སོང་། ལར་ནི་ངོས་ཀྱི་སློབ་མ་འདི་རྣམས་ལོ་རེ་བཞིན་ང་ལ་དད་གུས་དང་ཆོས་ལ་མོས་པ་ཇེ་ཆེ་རེད་འདུག དེ་ནི་ངོས་ལ་ལྟོས་ན་ཧ་ཅང་དགའ་འོས་པའི་གནས་སྟངས་ཞིག་རེད་བསམ། 
གཤམ་དུ་ལོ་གསུམ་ཡར་སྔོན་ཁོ་བོས་བྲིས་པའི་ཀ་རྩོམ་ཞིག་གཏངས་ཡོད། 
(  ༄།། ཀ་རྩོམ་རིག་པའི་བུ་ཆུང་ཉམས་འགྱུར་རྩེད་མཚར་བཞུགས་སོ།
ཀ་དག་གཡོ་བ་མེད་པ་རྩེ་གཅིག་༵གི་ངང་ནས།།
ཁ་ཚིག་བརྗོད་པ་ལས་འདས་སྤྲོས་བྲལ༵་གྱི་ལྟ་བ།།
ག་ལེར་སྣང་སེམས་དབྱེར་མེད་རོ་གཅིག༵་ཏུ་རྟོགས་ན།།
ང་ཚོ་མེས་པོའི་སྒོམ་མེ༵ད་རྒྱལ་ས་རུ་སྙེག་འགྲོ།།

ཅ་དག་དབེན་པ་མ་བསྟེན་རང་བྱུང་གི་གཤིས་ལུགས།།
ཆ་ལུགས་གང་གིས་མ་བསྒྱུར་ད་ལྟ་ཡི་རིག་པ།།
ཇ་ཡུན་ཙམ་ལ་མ་ཡེངས་གསལ་སྟོང་གི་ངོ་བོ།།
ཉ་ཆུ་བཞིན་དུ་འབྲལ་མེད་སྐྱོང་བ་འདི་ཨེ་མ།།

ཏཱ་ཐ་གཱ་ཏའི་ཆོས་ཀྱི་སྙིང་པོ་ཡི་ཡང་རྩེ།།
ཐ་མལ་འགྲོ་འདུག་སྤྱོད་ལམ་རྣམ་བཞི་ཡི་སྐབས་སུ།།
ད་ལྟའི་གསལ་རིག་ཤེས་པ་མ་ཡེངས་ཙམ་སྐྱོང་ན།།
ན་འཆི་སྔས་མགོར་སླེབས་ཀྱང་དངངས་སྐྲག་ཞིག་མི་དགོས།།

པ་ལོ་རྒྱབ་ཏུ་བཅིངས་པའི་སྒྲུབ་བརྒྱུད་ཀྱི་མངའ་བདག།
ཕ་རྒན་མར་པ་ལོ་ཙཱའི་གདམས་ངག་གི་ཁྱད་ཆོས།།
བ་གླང་རྫི་ཡན་གྲོལ་བའི་བདེ་སྟོང་གི་མྱུར་ལམ།།
མ་ཡེངས་ཕྱག་རྒྱ་ཆེན་པོའི་ལྟ་བ་དེ་སྐྱོངས་ཤིག།

ཙཱ་རིའི་ནགས་སོགས་དབེན་ཁྲོད་ཉམས་དགའ་ཡི་གནས་སུ།།
ཚ་གྲང་དཀའ་སྤྱད་མེས་པོ་གོང་མ་ཡི་རྣམ་ཐར།།
ཛཱ་ཧུའི་བུ་མོ་བཞིན་དུ་གུས་རྟག་གིས་འབད་ན།།
ཝ་ལེར་གསལ་བའི་སངས་རྒྱས་ཐག་རིང་ན་མི་འདུག།

ཞྭ་མོའི་དབྱིབས་མདོག་ཙམ་ལ་བསྟན་རྩ་རང་འཛིན་ཅིང་།།
ཟ་ཉལ་སྤྱོད་སོགས་འཇིག་རྟེན་ཐ་མལ་ལས་སྡུག་པ།།
འ་ཅག་བོད་བསྟན་བདག་པོ་ང་འདྲ་ཡི་སེར་གཟུགས།།
ཡ་མ་རཱ་ཛའི་མདུན་ནས་བྲོས་ས་འདྲ་ཡོད་དམ།།

རྭ་ལྟར་གྱོང་བའི་བདག་འཛིན་འགོང་པོ་ཡི་ཐོག་ཏུ།།
ལ་མོ་སྟོང་ཉིད་ཟབ་མོས་ཐོག་རྫིས་ཞིག་བྱོས་དང་།།
ཤཀྱཱའི་བསྟན་ལ་གྲུབ་རྟགས་དེ་ལས་རང་མེད་པས།།
ས་ཆ་གང་དུ་སོང་ཡང་མན་ངག་དེ་མ་བརྗེད།།

ཧ་ལོའི་དུག་གི་ས་བོན་ངན་རྟོག་གི་ཁྲོད་ནས།།
ཨ་མྲི་ཏ་ཡི་འབྲས་བུ་བསླབ་བྱ་ཞིག་མེད་ཀྱང་།
ཧ་ཅང་དགེ་བའི་ཀུན་སློང་རབ་དཀར་གྱི་ཉི་མ།།
ཨ་མཚར་ཉམས་འགྱུར་ཙམ་ལ་འགོག་མཁན་ཞིག་ཨི་ཡོད།།

ཅེས་ཀ་རྩོམ་རིག་པའི་བུ་ཆུང་ཉམས་འགྱུར་རྩེད་མཚར་ཅེས་པ་འདི་ཉིད་ཀྱང་། ཨ་རིའི་བྱང་ཕྱོགས་ཁ་ལི་ཧྥོ་ཉི་ཡའི་ས་གནས་སུ་དབེན་ཁྲོད་གྲུབ་གཉིས་དགའ་ཚལ་གླིང་དུ་ཕུར་པའི་བསྙེན་མཚམས་ཞིག་གི་སྔ་ཐུན་སྐབས་སུ་ཆོས་སྨྲ་བའི་མིང་ཙམ་འཛིན་པ་དོན་དུ་ཆོས་དོན་ནོར་གྱིས་དབུལ་བའི་སྙོམས་ལས་པ་ཀར་བསྟན་ནས་རབ་གནས་ཆུ་འབྲུག་ལོའི་ནག་ཟླའི་ཚེས་པ་བརྒྱད་དང་། 2012 ཕྱི་ཟླ་12 ཚེས་པ་20 ཉིན་བྲིས་པ་དགེ་ལེགས་འཕེལ།།)

Sunday, October 5, 2014

སངས་རྒྱས་སྨན་བླའི་ཆོས་ཚོགས་ལ་སོང་བའི་ཉིན་མོ།

སངས་རྒྱས་སྨན་བླའི་ཆོས་ཚོགས་ནང་ནས། 
ཉིན་མོ་འདི་ནི་སྔ་ནས་གྲ་བསྒྲིགས་བྱས་པ་ནང་བཞིན་ད་ནང་ཞོགས་པ་ཆུ་ཚོད་དགུ་པའི་ཐོག་ས་གནས་འདི་ནས་ཐག་ཉེར་ཡོད་པའི་བླ་མ་བཟོད་པ་རིན་པོ་ཆེའི་སངས་རྒྱས་སྨན་བླའི་ཆོས་ཚོགས་ལ་ངོས་ཀྱི་དགེ་ཕྲུག་གསར་བུ་བཅུ་གསུམ་ཙམ་ཁྲིད་ནས་ཆོས་མཇལ་ལ་སོང་།  བླ་མ་བཟོད་པ་ནི་དགེ་ལུགས་པའི་བླ་མ་ཕྱི་རྒྱལ་སོགས་ལ་འགྲོ་དོན་ཧ་ཅང་ཆེན་པོ་ཅན་ཞིག་ཡིན་པ་མ་ཟད་སྐད་ཆ་གོ་ཚུལ་བྱས་ན་ཉམས་ལེན་ཧ་ཅང་ཡག་པོ་ཅན་ཞིག་ཡིན་སྐད་འདུག ངས་ནི་ལོ་གསུམ་ཙམ་གོང་ནས་རྡ་རམ་ས་ནས་སྐྱབས་མགོན་རིན་པོ་ཆེའི་གསུངས་ཆོས་ཞིག་གི་སྐབས་སུ་གྲལ་གདན་གཅིག་པ་ཙམ་ལས་དམིགས་བསལ་གྱི་འབྲེལ་བ་གང་ཡང་མེད། ཞོགས་པ་ཆོས་ཚོགས་སུ་སླེབས་མ་ཐག་ཏུ་མཆོད་ཁང་ནང་སོང་ནས་ཚང་མས་༧གོང་སྐྱབས་མགོན་ཡིད་བཞིན་ནོར་བུའི་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་ནས་ངས་བོད་སྐད་ཐོག་སྨན་བླའི་གཟུངས་སྔགས་དང་སྨོན་ལམ་སོགས་བྱས་ནས་རིའི་སྒང་དུ་ཡོད་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་མཇལ་དུ་སོང་། སྐུ་བརྙན་ཐོག་རྩེགས་གཉིས་ཙམ་ཅན་གྱི་སྐུ་དེ་མཇལ་བ་དང་མཉམ་དུ་ངོས་ཀྱི་དགེ་ཕྲུག་གསར་བུ་རྣམས་ཧ་ལས་ཧོན་འཐོར་མདོག་བྱེད་ཀྱི་འདུག སྐུའི་དྲུང་ནས་སོ་སོའི་སྨོན་ལམ་སོགས་གང་ཤེས་མཐར་སྒོམ་སྐར་མ་ཁ་ཤས་བྱེད་བཅུག་ནས་ངས་དབྱིན་ཇིའི་ཆགས་རོ་དེ་སྐྱོན་ནས་ཆོས་བཤད་འདི་འདྲ་ཞིག་བྱེད་ཁུལ་བྱས། 
ནམ་རྒྱུན་གནས་སྐོར་ལྷ་མཇལ་གང་ཡིན་ཀྱང་ཐོག་མའི་ཀུན་སློང་བཟང་པོའི་འོག་ནས་རྟེན་དང་གནས་སོགས་ལ་མོས་གུས་ཀྱི་དད་པས་མཇལ་དགོས། དེང་དུས་འགྲེམ་སྟོན་ཁང་དང་སྤྱན་གཟིགས་ཁང་ནང་དུ་ལྟ་སྐོར་ལ་སོང་བ་འདྲ་བོ་ཞིག་བྱས་ན་གནས་མཇལ་བའི་གོ་མི་ཆོད། བོད་གངས་ཅན་ལྗོངས་ལྟ་བུར་མཚོན་ན་གནས་ཀྱིས་གང་ཟག་བྱིན་གྱིས་རླབས་ཐུབ་པ་ཡོད། ས་གནས་འདིར་ད་ལྟ་བོད་ཆོས་དར་འགོ་ཚུགས་ནས་རིང་པོར་སོང་མེད་དུས་གང་ཟག་ཁྱད་པར་ཅན་གྱིས་གནས་ཕར་བྱིན་གྱིས་རླབས་པའི་དུས་ཡིན། ད་ལྟ་ང་ཚོའི་མདུན་ན་ཡོད་པའི་སྐུ་བརྙན་འདི་རྒྱལ་བ་བྱམས་པ་ཟེར་འདི་མ་འོང་འབྱུང་འགྱུར་ཚེ་ལོ་བཅུ་པའི་དུས་རབས་ཀྱི་སངས་རྒྱས་རེད། སྤྱིར་སངས་རྒྱས་གཅིག་སྟོང་དང་གཉིས་ཡོད་པའི་ནང་ནས་ད་ལྟའི་སངས་རྒྱས་བཅོམ་ལྡན་འདས་འདི་སངས་རྒྱས་བཞི་པ་དེ་རེད། རྒྱལ་བ་བྱམས་པ་འདི་སངས་རྒྱས་ལྔ་པ་རེད་ད་དུང་སངས་རྒྱས་དགུ་བརྒྱ་དང་དགུ་བཅུ་གོ་བརྒྱད་ཙམ་འབྱོན་རྒྱུ་བསྡད་ཡོད། སྐབས་དེ་དུས་ང་ཚོ་གང་དུ་ཡོད་སུས་ཤེས། 
ཞེས་བཤད་པས་སློབ་མ་རྣམས་ཧ་ཅང་དགའ་བོ་བྱས་སོང་། ཉིན་གུང་ཞལ་ལག་ཚར་མ་ཐག་རི་མགོར་སོང་། ལམ་བར་རྣམས་སུ་བློ་སྦྱོང་ཚིག་བརྒྱད་མ་ཤོ་ལོ་ཀ་རེ་རེ་བཞིན་གཤམ་དུ་སྐྱབས་མགོན་རིན་པོ་ཆེའི་འགྲེལ་བཤད་ཡོད་པ་སྦྱར་བྱང་དུ་མཇལ་རྒྱུ་འདུག་པས་ངོས་ཀྱི་དགེ་ཕྲུག་རྣམས་ལ་རེས་མོས་ཀློག་བཅུག་པས་དེ་རིང་གི་གནས་མཇལ་དེས་མི་རྣམས་ཧ་ཅང་དགའ་བོ་བྱུང་སོང་། དགུང་མོ་ཆུ་ཚོད་བཞི་པའི་སྐབས་སུ་དེ་རིང་གི་དགོན་པ་དེ་སྐྱིད་རབ་དང་ཁ་ལག་དེ་ཞིམ་རབ་སོགས་རླངས་འཁོར་ནང་ནས་ཕན་ཚུན་ཁ་བརྡ་དང་ཀུ་ཅོའི་འུར་སྒྲས་རྣ་བ་བཀས་གྲབ་བྱེད་བཞིན་ནང་དུ་འབྱོར། 
དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Thursday, October 2, 2014

ཨ་རིའི་རླུང་འཕྲིན་ཁང་ལ་དྲི་བ་དྲིས་ལན་བྱས་པའི་ཉིན་མོ།


ཨ་རིའི་རླུང་འཕྲིན་ཁང་གི་དྲྭ་ཟུར་ཞིག
དེ་རིང་ནི་ཉིན་ཤས་གོང་ནས་དུས་ཆད་བྱས་པ་ནང་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཏྲོན་ལ་ཡོད་པའི་བོད་སྐད་རླུང་ཕྲིན་ནང་ཆོས་རིག་སྡེ་ཚན་ཀུན་བཟང་སྒྲོལ་མ་ལགས་དང་དྲི་བ་དྲིས་ལན་བྱེད་རྒྱུ་དེ་ཡིན། དེ་ནི་ཨ་རིའི་མངའ་སྡེ་པོར་ལེན་ཌ་ནང་འཚོགས་ལ་ཉེ་བའི་བདེ་ཆེན་ཞིང་སྒྲུབས་ཐེངས་མ་བདུན་པ་དང་ཕྱག་རྒྱ་ཆེན་པོའི་ཆོས་བཤད་སྐོར་དེ་རེད། འདི་ལོའི་བདེ་ཆེན་ཞིང་སྒྲུབས་ནི་ཨ་རིའི་པོར་ལེན་ཌ་ནུབ་བྱང་བོད་རིགས་ཚོགས་པ་དང་མཉམ་དུ་འཚོགས་ནས་ཐེངས་མ་བདུན་པ་ཡིན། དེ་རིང་ཉིན་གུང་ཆུ་ཚོད་བཅུ་དང་ཕྱེད་སྐབས་སུ་ནང་ཆོས་མདོ་འཛིན་པ་ཀུན་བཟང་སྒྲོལ་མ་ལགས་དང་མཉམ་དུ་ཁ་པར་ཐོག་ནས་དྲི་བ་དྲིས་ལན་བྱས་པ་ཡིན། དྲི་བ་ནི། བདེ་ཆེན་ཞིང་སྒྲུབས་ཟེར་ན་གང་ཡིན་པ་དང་དེང་སང་གི་དུས་ཚོད་འདིར་བདེ་ཆེན་ཞིང་སྒྲུབས་སམ་སངས་རྒྱས་འོད་དཔག་མེད་འདི་གལ་ཆེ་ཆུང་ཇི་ཙམ་ཡིན་མིན་དང་། ཕྱག་རྒྱ་ཆེན་པོ་ཟེར་བ་དེ་གང་ཡིན་མིན་སོགས་དྲི་བ་མང་དག་ཞིག་འདུག་སྟབས་ངས་ཀྱང་རང་གི་བསམ་ཚུལ་དང་སྦྲག་ནས་གང་ཤེས་མདོར་བསྡུས་ལན་འདེབས་དང་འགྲེལ་བཤད་སོགས་ཆུ་ཚོད་ཕྱེད་ཀ་ཙམ་ལ་བྱས། 

ཉིན་རྒྱབ་ཆུ་ཚོད་གསུམ་པའི་སྐབས་སུ་ཀུ་ཤུ་རྟགས་ཅན་གྱི་རྩིས་འཁོར་ལག་ཁྱེར་དེ་ཁ་ཕྱེས་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་བལྟ་ཙམ་ཞིག་བྱས་དུས་ཉེ་ཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་ཧྥི་རི་ཀས་ཞི་བདེའི་འཚོགས་འདུ་ལ་མགྲོན་ཤོག་མ་ཕུལ་བ་དེའི་རྐྱེན་ནས་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐད་གྲགས་ཅན་གྱི་བུད་མེད་གཉིས་བཞུགས་སྒར་རྡ་རམ་ཤ་ལར་ཆེད་དུ་ཕེབས་ནས་རྒྱ་གར་གྱི་མེས་པོ་དམ་གན་དྷིའི་འཁྲུངས་སྐར་དང་བསྟུན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ནོར་ཝེའི་ཞི་བདེའི་གཟེངས་རྟགས་བཞེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོ་གྲ་རྒྱས་པོ་ཞིག་འཚོགས་བཞིན་པ་དེ་རེད། དེ་ནི་དུས་རབས་འདིར་གང་ཟག་རེ་ཟུང་གིས་ས་ཆེན་ཡོམ་ཡོམ་དུ་སྒུལ་མཁན་ནི་༧གོང་ས་ཏཱ་ལའི་བླ་མ་འདི་གཅིག་པུ་རེད་ཟེར་ཀྱང་མ་འགྲིག་ཞིག་གཏན་ནས་མི་འདུག་བསམ། ཁོང་ནི་འཛམ་གླིང་ས་ཆ་གང་དུ་ཕེབས་ཀྱང་སྐུ་ལ་ཆོས་གོས་རྣམ་གསུམ། གསུང་ལ་འཚེ་མེད་ཞི་བ། ཐུགས་ལ་བྱམས་དང་སྙིང་རྗེ། རྒྱབ་ཁུག་དམར་པོ་ཕྲག་ཏུ་གཟར་ཞིང་མཐོ་དམན་སུ་དང་འཕྲད་ཀྱང་ཞལ་འཛུམ་མདངས། ཕྱག་ཐལ་མོ་ཁོང་གི་མི་འཇིགས་པའི་བདེན་དོན་སེངྒེའི་སྐད་གསང་རེས་རྒྱ་ནག་དམར་ཤོག་ཝ་སྐྱེས་ངན་གཡོའི་སྲིད་འཛིན་རྣམས་ཀྱི་སྐྱག་རྫུན་གྱི་རྐུབ་རྡོལ་དོགས་དང་། མགོ་སྐོར་གྱི་འཚངས་བུད་དོགས་སོགས་མདོར་ན་ཉི་ཤར་སྦར་མོས་མི་ཁེབས་པའི་དཔེ་ལྟར་གྱུར་ཡོད་པ་གསལ་བོར་རེད། ངས་དྲན་སོས་པ་ཞིག་ལ་ལོ་བཅུའི་ཡར་སྔོན་ཁོང་ནས་འདི་ལྟར་གསུངས་མྱོང་ཡོད། 
རྒྱ་ནག་དམར་ཤོག་དབང་འཛིན་པ་རྣམས་ཀྱིས་དཔུང་དང་རྫུན་གྱིས་བསླུས་པའི་དེང་དུས་ཀྱི་མཚོན་ཆའི་མེ་མདའ་ཁུར་ནས་བོད་དང་གྲངས་ཉུང་མི་རིགས་ཐོག་ཏུ་གནས་སྐབས་བེད་སྤྱོད་བྱེད་པ་ལས། ངས་དྲང་བདེན་དང་འཚེ་མེད་ཞི་བའི་མེ་མདའ་ཁུར་ནས་འཛམ་གླིང་ལ་བདེན་དཔང་བྱེད་པ་གཉིས་གནས་སྐབས་ཙམ་ལ་རྒྱ་ནག་གཞུང་ལ་བདེན་ཁ་ཆེ་ཡང་མཐར་ཐུག་རྒྱལ་ཁ་ང་ལ་ཐོབ་པའི་ཡིད་ཆེས་ཡོད། 
ཅེས་གསུངས་པར་དཔྱད་ན་ད་རེས་ཞི་བདེའི་འཚོགས་འདུ་ཕར་འགྱངས་དགོས་པ་དང་མ་ཟད་ཞི་བདེའི་དེད་དཔོན་ཁ་ཤས་བཞུགས་སྒར་དུ་ཆེད་ཕེབས་གནང་བ་དེ་ཉིད་ཀྱིས་བདེན་པའི་ནམ་ལང་ཞིང་རྫུན་གྱི་མུན་པ་རུབ་པའི་དུས་ཚོད་ཅིག་ཅོང་བརྡ་ངོ་མ་དེ་རེད་བསམ།  
ཞི་བདེའི་ལྷ་བྱ་དཀར་པོའི།། 
འཛམ་གླིང་སྐོར་བ་རྒྱབ་སོང་། 
ལྟས་ངན་ཐན་བྱ་འུག་པས།། 
སྡུག་སྐད་ལུང་པ་གང་སོང་།

རྒྱལ་བ་བསྟན་འཛིན་རྒྱ་མཚོ།།

ཞི་བདེའི་དེད་དཔོན་གྱུར་དུས།། 
ཁྲེལ་མེད་རྒྱ་དམར་ཚོགས་པ།། 
སེམས་པ་སྡུག་ལ་སྦྱར་སོང་། 

དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།། 



Saturday, September 27, 2014

ཤིང་སྡོང་བྱིན་རླབས་བྱས་པའི་ཉིན་མོ།

ཨ་རིའི་གཞུང་ནས་གནང་བའི་ཤིང་སྡོང་བྱིན་རླབས་གཟེངས་རྟགས། 
ངོས་ནི་ས་གནས་འདིར་འབྱོར་ནས་ཕལ་ཆེར་ལོ་ལྔ་མ་ཟིན་ཙམ་ཞིག་རེད་འདུག གུས་པའི་ལས་ཀ་ངོ་མའམ་འགན་འཁྲི་ཡང་དག་པ་ནི་ལུང་པ་འདིའི་ཆོས་ཀྱི་མུག་གེས་མནར་བའི་མི་རྣམས་ལ་དམ་པའི་ཆོས་ཀྱི་མོག་མོག་ཞིམ་པོ་རེ་སྤྲད་ནས་གྲོད་གོག་འགྲང་ཐབས་བྱེད་རྒྱུ་འདི་ཡིན། ཡིན་ནའང་གསང་སྔགས་ཀྱི་ཆོས་འདི་ནི་བཅུད་ཆེ་ལ་བཀོལ་བདེ་བ་ནི་ཕག་ཤ་སིལ་སྐམ་དང་མཚུངས། ཕག་ཤ་དེ་ཉིད་ཀྱིས་ཐུག་པ་བསྐོལ་དང་རྡོག་བཙོས་བྱེད་པ་སོགས་འདྲ་བས་གསང་སྔགས་ཀྱི་ཆོས་འདི་ཉིད་ཀྱང་རྩ་བ་དང་ཡན་ལག་སོགས་གང་དུ་འགྲེལ་ཡང་ཆོག་པ་དུས་རབས་འདིར་དགོས་པའི་ཆོས་མེད་དུ་མི་རུང་བ་ཞིག་ཏུ་མཐོང་། རྒྱུ་མཚན་དེར་བརྟེན་གསང་སྔགས་ཀྱི་ཆོས་ཀྱི་ནང་དུ་དེང་སང་དུས་ལ་ཆེས་མེད་དུ་མི་རུང་བ་དཔེར་ན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་ཆེན་པོ་ཡོད་པ་འབྱུང་བཞིའི་བྱིན་རླབས་སོགས་དང་འབྲེལ་བ་མང་པོ་ཡོད། སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཀྱང་དུས་རབས་འདིར་ཁོར་ཡུག་སྲུང་སྐྱོབས་གལ་ཆེན་དུ་དགོངས་ནས་སྤྲུལ་པའི་གུ་རུ་ཉིད་ཀྱང་འབྱུང་བཞིའི་ལྷ་ཡི་ངོ་བོ་རུ་སྐུར་བཞེངས་ནས་སྨོན་ལམ་འདི་འདྲ་ཞིག་བཏབ་གནང་ཡོད། 
ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ 
སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེ༔ 
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ 
ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔
འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ 
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་རློབས༔ 
ཅེས་ཐུགས་སྨོན་གནང་ཡོད། 
ལུང་པ་འདིའི་མི་རྣམས་ནི་རང་བྱུང་ཁོར་ཡུག་དང་སྐྱེ་དངོས་སྲུང་སྐྱོབ་སོགས་ལ་ཧ་ཅང་དགའ་བོ་ཡོད། ངས་ཀྱང་ལོ་རེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་དཔེར་ན་རྒྱ་མཚོ་བྱིན་རླབས་དང་། ས་གཞི་བྱིན་རླབས་དང་དེ་བཞིན་དུ་ཤིང་སྡོང་བྱིན་རླབས་སོགས་ཧ་ཅང་མང་པོ་བྱས་པ་ཡིན། ལྷག་པར་དུ་ངོས་ཀྱི་དགེ་ཕྲུག་འགའ་ཡི་རྒྱུད་ཐག་ཉེར་ཡོད་པའི་བྱེ་མ་ལེབ་གནས་བསྡོད་བྱེད་སའི་ཤིང་ནགས་ཁོར་ཡུག་ཞིག་བྱིན་རླབས་བྱས་ནས་ལོ་འགའ་ཡིན། ས་གནས་འདིའི་ཡུལ་མི་རྣམས་ཀྱིས་བྱེ་མ་ལེབ་ལ་སེམས་ཅན་གཞན་ལས་ཀྱང་གཅེས་སྐྱོང་ཆེ། ཁྱད་མཚར་བོ་ཞིག་ལ་ཤིང་སྡོང་དེར་གནའ་སྔ་མོ་བྱེ་མ་ལེབ་མང་པོ་གནས་བསྡོད་བྱེད་ས་ཞིག་ཡིན་ཀྱང་ལོ་འགའ་སྔོན་ནས་བྱེ་མ་ལེབ་རྣམས་ཇེ་ཉུང་དུ་སོང་ནས་ངས་ལོ་དང་པོར་ཤིང་སྡོང་བྱིན་རླབས་བྱས་པའི་སྐབས་སུ་བྱེ་མ་ལེབ་ཁ་ཤས་ཤིག་ལས་མི་འདུག་སྟབས་ཡུལ་མི་རྣམས་ཀྱིས་ཧ་ཅང་སེམས་སྡུག་བྱེད་ཀྱི་འདུག ཤིང་སྡོང་བྱིན་རླབས་བྱས་པ་ནས་བཟུང་སྟེ་ང་རང་ཉིད་ལ་སྟོབས་དང་ནུས་པ་སོགས་འདི་ཡོད་བསམ་པའི་གདེངས་གང་ཡང་མེད་ཀྱང་སྟབས་ལེགས་སྟེས་དབང་དང་ཕྱོགས་གཞན་ཞིག་ནས་རྩ་བའི་བླ་མའི་ཐུགས་རྗེ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་རྣམས་ཀྱི་བདེན་པའི་མཐུ་ཡིས་ཀུན་གྱིས་མིག་མཐོང་ལག་ཟིན་བྱེ་མ་ལེབ་རྣམས་ལོ་རེ་བཞིན་ཇེ་མང་དུ་སོང་། སྔ་ལོར་ཤིང་སྡོང་བྱིན་རླབས་སྐབས་སུ་མི་བརྒྱ་ཕྲག་ལྷག་ཞིག་འཛོམས་ནས་བྱེ་མ་ལེབ་སྟོང་ཕྲག་མང་པོར་པར་ལེན་དང་ས་གནས་འདིའི་གསར་ཤོག་སོགས་ཀྱི་ཐོག་ཏུ་ཁྱབ་སྒྲག་ཧ་ཅང་ཆེན་པོ་བྱུང་། སྐབས་དེ་དུས་ངས་འབྱུང་བཞིའི་བྱིན་རླབས་གང་ལའང་སྦྱར་ཆོག་པ་ཞིག་གསར་རྩོམ་བྱས་ཤིང་དབྱིན་བསྒྱུར་བྱས་ནས་བཏོན་པས་མི་མང་ནས་ཧ་ཅང་དགའ་བོ་བྱས་སོང་། ད་ལོར་ཡང་ཟླ་བ་གཅིག་གོང་ནས་ངོས་ཀྱི་ཆོས་གྲོགས་ཞིག་ནས་དེ་རིང་གི་ཉིན་མོ་འདིར་ཡང་སྐྱར་བྱེ་མ་ལེབ་བྱིན་རླབས་བྱེད་ལ་ཡོང་དགོས་པའི་བསྐུལ་མ་ལྟར་དུ་ཆུ་ཚོད་དང་པོའི་སྐབས་སུ་ས་གནས་དེར་སོང་། མི་རིགས་མ་འདྲ་བ་མང་པོ་ཞིག་ནས་ཟིང་ཟིང་ལོང་ལོང་ཤིང་སྡོང་དང་བྱེ་མ་ལེབ་ལ་གཅེར་བ་དང་པར་ལེན་པ་སོགས་བྱེད་ཀྱི་འདུག དང་པོ་ས་གནས་འདིའི་གདོད་མིའི་མི་རིགས་རྣམས་ཀྱིས་ཁོ་རང་ཚོའི་ལུགས་སྲོལ་ལྟར་དུ་ཤིང་སྡོང་བྱིན་རླབས་བྱས་སོང་། དེ་རྗེས་བོད་ཀྱི་ལུགས་སྲོལ་ལྟར་དུ་ངས་རྡོ་རྗེ་རྣམ་འཇོམས་ཀྱི་སྒོ་ནས་རི་ཁྲུས་དང་ཤིང་སྡོང་བྱིན་རླབས་བྱས་ཚར་མ་ཐག་ཁོ་རང་ཚོ་ནས་སྔ་ནས་གྲ་བསྒྲིགས་བྱས་པ་ནང་བཞིན་བསམ་ཡུལ་ལ་འདས་པ་ཞིག་ལ་ས་གནས་འདིའི་ཤིང་ནགས་ལས་ཁུང་གི་འགའ་འཛིན་དང་། ས་གནས་འདིར་གཉུག་མར་རྒྱ་གར་ཨ་རིའི་མི་རིགས་གཉིས་ནས་ངོས་ཀྱི་ལོ་རྒྱུས་དང་ས་གནས་འདིར་ངས་ཕན་ཐོག་ཅི་བྱུང་སྐོར་མདོར་བསྡུས་དང་སྦྲགས་ང་ལ་གཟེངས་རྟགས་ཀྱི་ཚུལ་དུ་ཤོག་ལིང་སྦྱར་བྱང་མཛེས་ཆོས་ཀྱིས་བརྒྱན་པ་ནང་དུ་ངོས་ཀྱི་མིང་དང་ཆོས་ཚོགས་ཀྱི་མིང་ཡོད་པ་ཞིག་བཅས་གནང་བྱུང་། དེ་ནི་ང་བོད་རིགས་གྲྭ་རྐྱང་དཀྱུས་མ་ཞིག་ལ་ཨ་རིའི་གཞུང་ནས་གཟེངས་རྟགས་གནང་བ་ཐོག་མ་དེ་ཡིན་པས་ང་རང་ཡང་དགའ་བོ་བྱུང་། ངོས་ཀྱི་ཆོས་ཚོགས་ཀྱི་སློབ་མ་རྣམས་ཀྱང་དགའ་བོ་བྱེད་ཀྱི་འདུག། 

Friday, September 19, 2014

ཁ་འདོན་བྱས་ནས་བསྡད་པའི་ཉིན་མོ།


འབྲལ་མེད་དུ་འཆངས་བའི་བེའུ་བུམ། 
དེ་རིང་ནི་རེས་གཟའ་པ་སངས་རེད་ངོས་ཀྱི་ཆོས་ཚོགས་ཀྱི་ལས་ཀ་མེད་པའི་ཉིན་མོ་ཡིན། འོན་ཀྱང་ང་ནི་གཅིག་པུར་འདུག་རྒྱུ་ལ་ཧ་ཅང་དགའ་བས་ད་ནངས་ཞོགས་པ་ནས་བཟུང་ད་ནུབ་བར་འཆར་ཅན་ལྟར་དུ་ཡོད་པའི་ཁ་འདོན་དགེ་སྦྱོར་དང་མ་ཟད་ལོ་བཅུ་ཡར་ལྷག་སྔོན་ནས་ཁོ་བོས་བྲིས་པའི་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་(བླ་སྒྲུབ་བྱིན་རླབས་ཆར་འབེབས་།) དེ་ཉིད་ཐུན་གྱི་གཙོ་བོར་བཟུང་ནས་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། ད་དུང་མུ་མཐུད་སྐྱིད་པའི་ཉི་མ་དམ་པའི་ཆོས་དང་མི་འབྲལ་བའི་སྨོན་ལམ་སོགས་བྱས་པ་ཡིན། 

ཀུན་རྟོག་མི་དགེའི་ཀོ་གྱོང་ལ།། 
བསོད་ནམས་དགེ་བའི་ཆབ་བྲན་ནས།། 
སྟོང་ཉིད་སྙིང་རྗེས་མཉེད་བཏབ་ཅིང་།།
ཐར་པར་འཛེགས་པའི་ལྷམ་ཞིག་བཟོས།།

ཁ་འདོན་བྱས་ནས་བསྡད་པའི་ཉིན་མོ།


འབྲལ་མེད་དུ་འཆངས་བའི་བེའུ་བུམ། 
དེ་རིང་ནི་རེས་གཟའ་པ་སངས་རེད་ངོས་ཀྱི་ཆོས་ཚོགས་ཀྱི་ལས་ཀ་མེད་པའི་ཉིན་མོ་ཡིན། འོན་ཀྱང་ང་ནི་གཅིག་པུར་འདུག་རྒྱུ་ལ་ཧ་ཅང་དགའ་བས་ད་ནངས་ཞོགས་པ་ནས་བཟུང་ད་ནུབ་བར་འཆར་ཅན་ལྟར་དུ་ཡོད་པའི་ཁ་འདོན་དགེ་སྦྱོར་དང་མ་ཟད་ལོ་བཅུ་ཡར་ལྷག་སྔོན་ནས་ཁོ་བོས་བྲིས་པའི་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་(བླ་སྒྲུབ་བྱིན་རླབས་ཆར་འབེབས་།) དེ་ཉིད་ཐུན་གྱི་གཙོ་བོར་བཟུང་ནས་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། ད་དུང་མུ་མཐུད་སྐྱིད་པའི་ཉི་མ་དམ་པའི་ཆོས་དང་མི་འབྲལ་བའི་སྨོན་ལམ་སོགས་བྱས་པ་ཡིན། 

ཀུན་རྟོག་མི་དགེའི་ཀོ་གྱོང་ལ།། 
བསོད་ནམས་དགེ་བའི་ཆབ་བྲན་ནས།། 
སྟོང་ཉིད་སྙིང་རྗེས་མཉེད་བཏབ་ཅིང་།།
ཐར་པར་འཛེགས་པའི་ལྷམ་ཞིག་བཟོས།།

Tuesday, September 16, 2014

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ།

ཉེ་ཆར་གསར་དུ་སྒོ་འབྱེད་བྱས་པའི་སྒོམ་ཁང་།
ཁར་ནུབ་འཆར་ཅན་ལྟར་དུ་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་དེ་ཡིན། ཆུ་ཚོད་དྲུག་པའི་སྐབས་སུ་ཆོས་ཚོགས་ཆུང་ཆུང་དེ་མི་མང་གིས་ཏག་ཏག་ཁེངས་སོང་། ངོས་ཀྱི་དབྱིན་ཇིའི་ཆག་རོ་དེ་རྒྱབ་ནས་འཚམས་འདྲི་དང་སྦྲག་ཀུན་སློང་བཅོས་སྟངས་སྐོར་མདོར་བསྡུས་ཞིག་བཤད་གྲུབ་ནས་སྐད་བསྒྱུར་བྱམས་པ་ལགས་བརྒྱུད་དེ་དངོས་གཞིའི་ཆོས་བཤད་འདི་འདྲ་ཞིག་བྱས། དེ་རིང་ངས་ང་རང་ཚོ་ཚང་མ་ལ་མི་འདོད་ཀྱང་རང་བཞིན་གྱིས་དངོས་སུ་མྱོང་བཞིན་པའི་དཀའ་ངལ་ཟེར་ནའང་འདྲ་སྡུག་བསྔལ་ཟེར་ནའང་འདྲ་གང་ལྟར་རྙོག་དྲ་ཡོད་པ་འདི་རྣམས་ལ་གང་འདྲ་བྱེད་ནས་གདོང་ལེན་བྱེད་སྟངས་སྐོར་ང་རང་ཉིད་ཀྱི་ཉམས་མྱོང་དང་སྦྲགས་ནས་མདོར་བསྡུས་ཞིག་བཤད་ན་བསམ་བྱུང་། ང་རང་ཚོ་རང་གཞན་རོགས་གསུམ་ཚང་མ་འཁོར་བར་འཁྱམས་ཚར་ནས་བཟུང་སྟེ་རང་བཞིན་གྱིས་སྡུག་བསྔལ་ནང་དུ་ཡོད་པ་ཤེས་གསལ་རེད། ད་སྡུག་བསྔལ་དེ་རྣམས་རེ་རེ་བཞིན་དུ་འགྲེལ་བཤད་མ་དགོས་པར་བྱེད་ནས་སྡུག་བསྔལ་དེ་རྣམས་ལ་གདོང་ལེན་ནམ་སྡུག་བསྔལ་དེ་རྣམས་ལས་ཐར་ཐབས་སྐོར་མདོར་བསྡུས་བཤད་ཀྱི་ཡིན། རང་རེ་སོ་སོ་སྐྱེ་བོ་རྣམས་ལྟ་ཅི་ཉན་ཐོས་དགྲ་བཅོམ་པ་རྣམས་ལའང་གནས་ངན་ལས་ཀྱི་སྡུག་བསྔལ་ལམ་ཤེས་བྱའི་སྒྲིབ་པ་མ་སྤངས་པ་ཡིན་ཙང་སྡུག་བསྔལ་ཡོད་པ་རེད། དེ་བཞིན་དུ་མི་ཚེ་སྒྲུབ་ལ་བསྐྱལ་བའི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ལའང་སྡུག་བསྔལ་ཟེར་ནའང་འདྲ་དཀའ་ངལ་ཡོད་པ་རེད། ཡིན་ནའང་དཀའ་ངལ་ཡོད་པ་གཅིག་པ་ཡིན་ཀྱང་དེ་ཉིད་གདོང་ལེན་ནམ་གཉེན་པོ་བསྟེན་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། ངས་དེ་རིང་འདིར་དཀའ་ངལ་གདོང་ལེན་བྱེད་སྟངས་དབང་པོ་རབ་འབྲིང་ཐ་གསུམ་གྱི་སྒོ་ནས་འགྲེལ་བཤད་ཞུ་གི་ཡིན། དཔེར་ན་དང་པོ་དབང་པོ་རབ་ཏུ་གྱུར་པ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་དཀའ་ངལ་ལ་གདོང་ལེན་བྱེད་པའི་སྐབས་སུ་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་གསུང་པ་ནང་བཞིན་དཀའ་ངལ་ལམ་གནས་སྐབས་ལྟར་སྣང་གི་སྡུག་བསྔལ་དུས་ཐུང་ཐུང་མྱོང་བ་ཞིག་ལ་བསྟེན་ནས་བསྐལ་པ་སྟོང་ལ་བསགས་པའི་སྡིག་པ་རྣམས་སྐད་ཅིག་དེ་ཉིད་ལ་འདག་ཐུབ་ཀྱི་ཡོད་དེ་ངོ་བོ་སྡུག་བསྔལ་ཡིན་ཀྱང་རྣམ་པའམ་འབྲས་བུ་བདེ་བ་རུ་བསྒྱུར་བའི་ནུས་སྟོབས་ཡོད།  འབྲིང་གིས་སྡུག་བསྔལ་ལམ་དཀའ་ངལ་འཕྲད་པའི་སྐབས་སུ་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་འདི་ཉིད་སྐྱོན་ཅན་དུ་བཟུང་ནས་གདོང་ལེན་མི་བྱེད་པར་དེའི་རྒྱུ་གང་ཡིན་པ་དེ་ལ་རྩད་བཅོད་བྱེད་ནས་ད་ལྟ་མྱོང་བཞིན་པའི་སྡུག་བསྔལ་འདི་རང་གི་ཐོག་ཏུ་མྱོང་བ་ཡིན་ཙང་དེའི་རྒྱུ་དེ་ཉིད་ཀྱང་རང་གིས་བཟོས་པ་ཞིག་ཡིན་པར་ཤེས་པའི་སྡུག་བསྔལ་གྱི་རྒྱུ་ཡི་རྩ་བ་ཀུན་འབྱུང་བདེན་པར་ཤེས་ནས་དེ་ལ་གཉེན་པོ་བསྟེན་པ་དང་གདོང་ལེན་ཀྱི་ཐབས་ཤེས་བྱེད་ཀྱི་ཡོད། མ་ཟད་ད་ལྟ་རང་ལ་དངོས་སུ་མྱོང་བཞིན་པའི་སྡུག་བསྔལ་འདི་ཉིད་ལ་བསྟེན་ནས་འདི་ལྟ་བུའི་སེམས་ཅན་གཞན་གྱི་སྡུག་བསྔལ་གྱིས་མནར་བ་རྣམས་ལ་སྙིང་རྗེ་ཆེན་པོའི་བློ་སྟོབས་ཀྱིས་གཏོང་ལེན་བྱེད་ཀྱི་ཡོད། དེ་ཡང་བློ་སྦྱོང་དོན་བདུན་མ་ལས། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང་།། དེ་གཉིས་རླུང་ལ་བསྐྱོན་པར་བྱ།། གསུངས་པ་ལྟར་གཏོང་ལེན་བྱེད་ཀྱི་ཡོད། གཏོང་ལེན་ནི་ད་ལྟ་དངོས་སུ་རང་ལ་སྡུག་བསྔལ་འདི་ལྟ་བུ་མྱོང་མཁན་གང་ན་སུ་ཡོད་པ་རྣམས་ལ་ཆེད་དུ་དམིགས་ནས་དབུགས་སྣ་ཁུང་ནས་ཚུར་རྔུབ་པ་དང་མཉམ་དུ་འོད་ཟེར་ནག་པོ་དང་ལྷན་གཞན་གྱི་སྡུག་བསྔལ་དང་སྡིག་སྒྲིབ་རྣམས་རང་སྟེང་དུ་ལེན་པ་དང་། དབུགས་ཕར་གཏངས་བའི་སྐབས་སུ་རང་གི་རྒྱུད་ལ་ཡོད་པའི་བྱམས་པ་དང་སྙིང་རྗེ་སྟོང་ཉིད་ཀྱི་ལྟ་བ་ལ་སོགས་པ་རྣམ་དཀར་གྱི་དགེ་བ་གང་ཡོད་པ་རྣམས་དངོས་སུ་སེམས་ཅན་དེ་རྣམས་ཀྱི་རྒྱུད་ལ་འོད་དཀའ་པོའི་ཚུར་དུ་ཐིམ་སོང་བསམ་པ་བྱེད་ནས་གཏོང་ལེན་དང་མ་ཟད་ཐབས་ཤེས་གཞན་ནང་ཆོས་ནང་ནས་བདག་མེད་དང་སྟོང་ཉིད་སོགས་སྒོམ་རྒྱག་ནས་སྡུག་བསྔལ་མེད་པའི་ཐབས་ཤེས་བྱེད་ཀྱི་ཡོད། དབང་པོ་ཐ་མས་དཀའ་ངལ་འཕྲད་པའི་སྐབས་སུ་ད་ལྟའི་སྡུག་བསྔལ་རང་ལ་དངོས་སུ་མྱོང་བཞིན་པ་འདི་མཐའ་གཅིག་ཏུ་མི་འདོད་པ་ཞིག་དང་དགྲ་བོ་ལྟ་བུར་རྩིས་ནས་ངོ་རྒོལ་དང་གདོང་ལེན་བྱེད་ཀྱི་ཡོད། ཁ་ཤས་ཀྱིས་རང་གི་ལུས་དང་ཡན་ལག་སོགས་ཀྱི་སྡུག་བསྔལ་ཆུང་ཚེག་ཞིག་ལ་བསམ་ནས་ང་གཅིག་པུར་འདི་ལྟ་བུའི་སྡུག་བསྔལ་གང་འདྲ་བྱས་ནས་སླེབས་པ་རེད། ང་ལས་སྡུག་ས་ཞིག་ས་སྟེང་འདིར་མི་འདུག་བསམ་ནས་སེམས་ཁྲལ་ཀྱིས་སེམས་ལ་སྡུག་བསྔལ་སྣོན་པ་བཟོ་གི་ཡོད། དེས་རྐྱེན་ནས་སེམས་ལ་བཅོས་སུ་མེད་པའི་ནད་དང་གཉིད་མ་ཁུག་པ་དང་ཐ་ན་རང་སྲོག་བཅོད་དགོས་བྱུང་བ་སོགས་མདོར་ན་སྡུག་བསྔལ་སྣ་ཚོགས་པ་ཞིག་འདྲེན་གྱི་ཡོད། དེ་ནི་སོ་སོའི་བསམ་བློ་གཏོང་སྟངས་ནོར་ནས་བཟོས་པ་ཞིག་རེད་མ་གཏོགས་མཐའ་གཅིག་ཏུ་སྡུག་བསྔལ་གྱིས་བཟོས་པ་མ་རེད། སྡུག་བསྔལ་ལ་གདོང་ལེན་དང་ཁ་གཏད་བྱེད་མ་ཤེས་ན་སྡུག་བསྔལ་ཕྱོགས་སུ་མངོན་སུམ་མཆོངས་པ་འདྲ་བོ་ཡིན། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས།། གསུངས་པ་ལྟར་རེད། སྡུག་བསྔལ་ལ་གདོང་ལེན་བྱེད་ཤེས་ན་སྡུག་བསྔལ་ཉིད་ཀྱང་བདེ་བའི་རྒྱུའམ་རྐྱེན་རྩ་རུ་འགྱུར་གྱི་ཡོད། བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་སྡུག་བསྔལ་ལ་ཡོན་ཏན་ཡོད་གསུངས་པ་ལས་སྡུག་བསྔལ་མཐའ་གཅིག་ཏུ་སྐྱོན་ཅན་ཞིག་ཡིན་གསུངས་མེད། ད་ལྟ་ཁྱོད་རང་ལ་ལུས་ཀྱི་ན་ཚ་ལས་སེམས་ལ་ན་ཚ་གང་ཡང་མེད། སེམས་བཟང་པོའི་ཕྱོགས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་སོགས་སྒོམ་ཐུབ་པའི་ནུས་པ་ཡོད་། གང་ལྟར་ཀྱང་སྡུག་བསྔལ་ཚང་མར་ཡོད་པ་གཅིག་མཚུངས་ཡིན་ཀྱང་སྡུག་བསྔལ་དེ་ཉིད་ལ་གདོང་ལེན་ནམ་གཉེན་པོ་བསྟེན་སྟངས་ལ་ཧ་ཅང་ཁྱད་པར་ཆེན་པོ་ཡོད།། ནམ་རྒྱུན་དཀའ་ངལ་གང་འདྲ་བྱུང་ན་ཡང་རབ་ཏུ་བྱུང་ན་སྒོམ་རྒྱག་ནས་ཐབས་མ་འདྲ་བའི་ཐོག་ནས་གཉེན་པོ་བསྟེན་སྟངས་ཤེས་དགོས། གལ་སྲིད་སྒོམ་རྒྱག་ནས་གཉེན་པོ་བསྟེན་མ་ཤེས་ནའང་སེམས་པ་ལྷོད་ལྷོད་སེམས་ཅུང་གུ་ཡངས་པོ་བྱེད་པ་ལས་སེམས་ཤུགས་ནམ་ཡང་ཆགས་མི་ཉན།ཅེས་གོང་གི་ཆོས་བཤད་དེ་སྐད་བསྒྱུར་བྱམས་པ་མཐར་ཕྱིན་བརྒྱུད་ནས་ཆུ་ཚོད་གཅིག་ཙམ་རིང་འགྲེལ་བཤད་བྱས་པས་ཕར་ལྟས་ཚོད་ལ་མི་མང་དགའ་བོའི་རྣམ་འགྱུར་བསྟེན་གྱི་འདུག། ལར་ནི་ལུང་པ་འདིར་མི་རྣམས་ལ་དངོས་སུ་སྡུག་བསྔལ་སྐོར་སྐད་ཆ་བཤད་ན་གཏན་ནས་མི་དགའ། དེ་རིང་ནི་གང་མྱོང་རྒྱུའི་སྡུག་བསྔལ་རྣམས་མ་བཤད་ནས་སྡུག་བསྔལ་ལ་གདོང་ཇི་ལྟར་གདོང་ལེན་བྱེད་ཕྱོགས་སྐོར་བཤད་པ་ཡིན།  

Monday, September 8, 2014

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་མོ།

སྔ་ལོར་པོར་ལེན་ནས་བོད་རིགས་རྣམས་དང་མཉམ་དུ།
དེ་རིང་གི་ཉིན་མོ་འདིར་ནམ་རྒྱུན་བདེ་ཆེན་ཞིང་སྒྲུབ་དེ་ཉིད་ཡིན་པས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཉེ་ཆར་གསར་དུ་སྒོ་ཕྱེས་པའི་ཆོས་ཚོགས་སུ་མི་རྣམས་གཅིག་རྗེས་གཉིས་མཐུད་རིམ་བཞིན་འབྱོར་ནས་ཆོས་ཚོགས་ཀྱི་འཚོགས་ཁང་ཆུང་ཆུང་དེ་མི་ཡིས་ཡོངས་སུ་ཁེངས་ནས་ཁ་ཤས་ཞིག་ཐབ་ཚང་ནང་དུ་བསྡད་སོང་། དེ་རིང་ནི་ངོས་ཀྱི་གྲོགས་པོ་མེའུ་ཀོའུ་ནས་མཛུབ་གནོན་སྒྲ་བརྙན་ཐོག་མི་མང་དང་མཉམ་དུ་འོད་དཔག་མེད་ཀྱི་བསྙེན་དབྱངས་གཏངས་བྱུང་བས་མི་མང་ཧ་ཅང་དགའ་བོ་བྱས་སོང་། དེ་རིང་གི་ཆོས་ཐུན་ལ་སྔ་ལོར་ངོས་ནས་བྲིས་པའི། ཉིན་རེའི་དགེ་སྦྱོར་གྱི་ཉམས་ལེན། 

ཆོག་ཤེས་ནི་ནོར་གྱི་མཆོག་ཡིན་པས་ཀུན་ལ་འདོད་རྔམ་མ་ཆེ།། 
ཕྲག་དོག་ནི་བསོད་ནམས་ཟད་པའི་རྒྱུ་ཡིན་པས་ཀུན་ལ་ཡི་རངས་བསྐྱེད།། 
བསམ་པ་བཟང་པོ་ནི་ནང་ཆོས་ཀྱི་སྙིང་པོ་ཡིན་པས་མ་བརྗེད་པར་རྒྱུན་དུ་ཉམས་ལེན་བྱོས།། 
ང་རྒྱལ་ནི་བཟང་སྤྱོད་ཀྱི་བཀག་རྡོ་ཡིན་པས་རྟག་ཏུ་དམན་ས་ཟུངས།། 
ཞེ་སྡང་ནི་དགེ་སེམས་འཚིག་པའི་མེ་ཡིན་པས་ཀུན་ལ་སྙིང་རྗེ་སྒོམས།། 
སེར་སྣ་ནི་ཡི་དྭགས་སུ་སྐྱེ་བའི་རྒྱུ་ཡིན་པས་ཀུན་ལ་སྦྱིན་གཏོངས་བྱོས།།
ཞེས་པ་འདི་ཉིད་ཀྱི་ཐོག་ནས་འགྲེལ་བཤད་བྱས་ནས་ཞིང་སྒྲུབ་མདོར་བསྡུས་ཞིག་གཏང་། མདུན་སྐྱེད་འོད་ཞུའི་རྫོགས་རིམ་སྐབས་སུ་སྒོམ་སྐར་མ་བཅུ་ཙམ་མཉམ་དུ་བྱས་ནས་མཐར་བསྔོ་བ་སྨོན་ལམ་སོགས་ཀྱིས་གྲོལ།