Translate

Monday, July 2, 2012

སྤྱི་འཐུས་གངས་ལྷ་མོ་དང་འཕྲད་པའི་ཉིན་མོ།

རྡ་སའི་རྐང་ལམ་ནང་གི་སྤྲེའུ་མ་བུ་གཉིས།
ཞོགས་པ་སྔ་བོ་ལངས་ནས་གླིང་སྐོར་ལ་སོང་བས་ཞོགས་རླུང་བསིལ་མོའི་ལུས་ལ་བདེ་བ་སྟེར་ཞིང་། གཡས་གཡོན་སྔོ་ལྗངས་ཅན་གྱི་ལྗོན་ཤིང་རྣམས་མིག་ལ་མཛེས། ལྗོན་ཤིང་གི་རྩེ་རུ་བྱ་རིགས་རྣམས་ཀྱི་གསུང་སྐད་རྣ་བ་རུ་སྙན། ལྷ་རྒྱལ་རིའི་ལྷ་བསང་གི་དུད་པ་སྣ་རུ་ཞིམ། ལྕགས་ཁེབ་འོག་ཏུ་ཐེབ་ཆག་ཡོད་པའི་རྒྱ་གར་གྱི་ཇ་མངར་མོ་ཁ་རུ་ཞིམ། ལྷ་རྒྱལ་རིའི་ཞོལ་དུ་སྐྱེ་ཚལ་གྱི་སྤངས་ལྗོངས་ནང་དུ་བསྡད་ནས་སྒོམས་རྒྱབ་པས་སེམས་ལ་ཟག་མེད་ཀྱི་བདེ་བ་སྟེར། སྐོར་བར་འགྲོ་བའི་སྐབས་སུ་གཟུགས་པོའི་འཕྲོད་བསྟེན་ལ་ཕན་པ་སོགས་མདོར་ན་ཞོགས་པ་ལངས་ནས་རྡ་སའི་གཙུག་ལག་ཁང་གི་སྐོར་བ་འདི་ཡི་ཁྱད་ཆོས་ནི་ཧ་ཅང་མང་། 
སྐོར་ལམ་ནང་ནས་མཚན་ཉིད་གྲྭ་ཆོས་གྲོགས་ཆོས་ཉི་དང་འཕྲད་སོང་བས་ངེད་གཉིས་ཁྱུག་ཙམ་ཞིག་མཉམ་དུ་སོང་ནས་ནང་དུ་འབྱོར། ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ལོ་བརྒྱད་ཀྱི་ཡར་སྔོན་རྒྱ་གར་ལྷོ་ཕྱོགས་གནས་སྐོར་དུ་མཉམ་དུ་སོང་བའི་བུ་མོ་དེང་སང་དགུ་བཅུ་གསུམ་གྱི་དྲུང་ཆེ་དང་། མདོ་སྟོད་སྤྱི་འཐུས་གངས་ལྷ་མོ་ལགས་རེད་འདུག  དེ་ནི་ཉིན་འགའ་ཡི་སྔོན་ངེད་གཉིས་ཐུག་རྒྱུའི་དུས་ཆད་བྱས་པ་དེ་ཡིན། རྡ་སའི་སྲང་ལམ་ཇ་ཁང་ཞིག་ནང་དུ་སོང་ནས་ཇ་རེ་འཐུང་ཞོར་འདས་ཟིན་པའི་ལོ་རྒྱུས་རྣམས་དྲན་རྫི་རུ་བསླངས་ནས་སྔར་སོང་ཀྱི་སྐད་ཆ་རྣམས་གླེང་སློང་དང་། མ་འོངས་པའི་སྟོང་བསམ་ཡིད་ཀྱི་འཆར་སྒོ་རྣམས་གང་དྲན་བཤད་རེས་བྱས་པས་གཉིས་ཀར་སྐྱིད་པོ་འདྲ་ཞིག་བྱུང་། བུ་མོ་འདི་ནི་སྤོབས་པ་ཧ་ཅང་ཆེ་ལ་སྐད་ཆ་བཤད་མཁས་པ་མ་ཟད་རྒྱ་ཡིག་བོད་ཡིག་སོགས་སློབ་སྦྱོང་ལའང་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་ཞིག་ཡོད། མོ་རང་ནས་ཀྱང་སྤྱི་འཐུས་དང་དགུ་བཅུ་གསུམ་སོགས་རྐུབ་སྟེགས་འདིར་བསྡད་པའི་རིང་བོད་བསྟན་སྲིད་གཉིས་ལ་མ་འོངས་པའི་འཆར་གཞི་མང་པོ་ཞིག་བཞག་འདུག 
མོ་རང་ཉེ་བའི་ཆར་ཨ་རིར་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཚབ་བྱས་ནས་ཁོ་རང་ཚོ་མི་ཁ་ཤས་ཞིག་སོང་བས་དེ་དང་མཉམ་དུ་ཡོད་པ་རེད་འདུག མོ་རང་ནས་གསུངས་ན་དེ་རིང་ངོས་ཁྱེད་རང་ལ་བརྔན་པ་སྒོ་ཡོལ་སྤུས་གཙང་ཞིག་དང་སྤོས་ཆག་ཁ་ཤས་བཅས་ཡོད་གསུངས་བྱུང་བས་ངས་དེ་ཡི་ལན་དུ། 
ཁྱེད་རང་དགུ་བཅུ་གསུམ་དྲུང་ཆེའི་རྐུབ་སྟེགས་དང་། བོད་གཞུང་མདོ་སྟོད་སྤྱི་འཐུས་ཀྱི་རྐུབ་སྟེགས་འདི་གཉིས་ཟིན་པའི་རིང་ལ་༧གོང་ས་སྐྱབས་མགོན་ཆེན་པོའི་མདུན་ནས་ཁས་བླངས་རྣམས་མ་བརྗེད་པར་བྱས་ནས་བོད་བསྟན་སྲིད་གཉིས་ཀྱི་ཆེད་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་དུ་མ་སོང་བར་ལས་ཀ་ཡག་པོ་ཞིག་ལས་རོགས་དང་དེ་ང་ཡི་བརྔན་པ་ཡག་ཤོས་དེ་ཡིན། 
 ཞེས་ཟེར་དུས་མོ་རང་ནས་གང་དྲག་ཅི་དྲག་བྱེད་ཀྱི་ཡིན་ཟེར་ དེ་ནས་ངེད་གཉིས་ཕན་ཚུན་གྱེས་བྲལ་གྱི་ལག་འཇུ་སོགས་བྱས་ནས་རང་རང་སོ་སོའི་གནས་སུ་ལོགས།
དམ་ཚིག་ཅན་གྱི་གནས་གྲོགས་གངས་ལྷ་མོ།
མ་མཇལ་ལོ་བདུན་སོང་བའི་དུས་སྐབས་སུ། 
གང་ཁྱེད་ལུགས་གཉིས་དཔའ་ལུང་དམ་དུ་འཆང་། 
འགྲན་མེད་དཔའ་མོ་ཨ་སྟག་ཀླུ་མོ་དངོས། 

འོན་ཀྱང་རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད། 
རང་ཉིད་དྲང་པོའི་ལམ་ལ་གནས་གྱུར་ན།  
 མི་ཁས་སེམས་ཤུགས་མ་ཆགས་གངས་ལྷ་མོ། 
དེ་ནི་ང་ལ་དགོས་པའི་བརྔན་པ་ཡིན།

སྤྱི་འཐུས་ཞེས་པའི་རྭ་བ་འདིའི་ནང་དུ། 
བསྟན་སྲིད་བོད་ཀྱི་རྩ་དོན་ལ་བརྩད་ནས།
ཆོལ་ཁ་ཆོས་ལུགས་འཐེན་ཁྱེར་མ་གནང་ན།
དེ་ནི་ང་ལ་དགོས་པའི་བརྔན་པ་ཡིན།  

ཁྱེད་ནི་མི་མང་བདམས་པའི་སྤྱི་འཐུས་ཡིན། 
མི་མང་རྣམས་ཀྱི་རེ་བའི་ཉག་གཅིག་པུ། 
གལ་གནད་སྐབས་སུ་ཞབས་འདྲེན་མ་བྱེད་དང་། 
དེ་ནི་ང་ལ་དགོས་པའི་བརྔན་པ་ཡིན།

གང་ལྟར་༧གོང་ས་མཆོག་གི་དམ་ཚིག་དང་། 
གཞི་བྱེས་བོད་མིའི་བདེ་སྡུག་ལ་བསམ་ནས། 
འགན་ཁུར་རིང་ལ་སྤྱི་དོན་བསྒྲུབ་བགྱིས་དང་།
དེ་ནི་ང་ལ་དགོས་པའི་བརྔན་པ་ཡིན། 
ཞེས་གནས་གྲོགས་གངས་ལྷ་མོ་ལ་མཚར་རྩེད་དང་སྦྲག་ནས་རྩོམ་ཐུང་དང་། དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་བཅས་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང་མཉས་དུ་དགོང་ཟས་ཟོས་པའི་ཉིན་མོ།

རྡ་སའི་གྲོང་ཟུར་ཞིག
ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་ལངས་ནས་གཙུག་ལག་ཁང་དུ་བསྐོར་བ་ལ་སོང་། ཞོགས་པའི་བསིལ་རླུང་གྲང་མོའི་ཁྲོད་ནས་ནགས་བསེབ་ཀྱི་བྱེའུ་ཆུང་འཇོལ་མོ་རྣམས་ནས་ཀྱང་དྲུག་འགྱུར་གྱི་གླུ་དབྱངས་འཐེན་བཞིན་པའི་སྐད་ལ་ཉན་བཞིན་ལྷ་རྒྱལ་རིའི་སྐོར་ལམ་ནང་དུ་འབྱོར་བས་ལག་ཏུ་ཕྲེང་བ་ཐོགས་ཤིང་། ཁ་ནས་དབ་དིབ་ཀྱི་འདོན་པ་སྐྱོར་ནས་སྐོར་བ་ལ་འགྲོ་མཁན་བོད་མི་ཁ་ཤས་མཐོང་རྒྱུ་འདུག དེ་ནས་མཚན་ཉིད་གྲྭ་ཆོས་ཉི་དང་། རིག་འཛིན་དཔལ་གྲུབ་གཉིས་ཀྱང་སླེབས་བྱུང་བས་ངོས་རྣམས་སྔར་བཞིན་ལྷ་རྒྱལ་རིའི་ཟུར་དུ་ཡོད་པའི་རྒྱ་གར་ལྷ་ཁང་ཞིག་གི་འགྲམ་དུ་སོང་ནས་རྒྱ་གར་ཨ་ར་ཅན་གྱིས་བསླབ་པའི་ལུས་སྦྱོང་སྐར་མ་སུམ་བཅུ་ཙམ་བྱས་ནས་མཚན་ཉིད་གྲྭ་ཚང་ཟ་ཁང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ། 
རྡ་སའི་གསང་ལམ་ཕྲ་མོའི་ནང་ནས་རླངས་འཁོར་དང་། མི། ཁྱི། བ་གླང་སོགས་རྐང་པ་ཐོགས་ཚད་ལམ་འཕྲང་དོགས་མོ་གཅིག་གི་ནང་དུ་འགྲོ་དགོས་སྟབས་རྣ་བ་རུ་མི་སྙན་པའི་ཙིར་སྒྲ་དང་། མིག་ལ་མི་མཛེས་པའི་ཟིང་ཟིང་གི་ཁྲོད་ནས་ཟུར་མ་འགྲོས་ཀྱིས་འཚང་ཁ་རྒྱབ་པས་མཐར་དབུགས་ཧར་སྒྲ་དིར་རེ། ལུས་དངུལ་ནག་ཕ་ལེ་རིན་པོ་ཆེའི་ཆོས་ཚོགས་སུ་འབྱོར་སོང་བས་གློ་བུར་དུ་་ཁྲུས་ཁང་ནང་དུ་མཛུལ་ནས་ཆུ་དྲོད་མཇམ་གྱིས་ཁྲུས་ཞིག་རྒྱབ་པས་སྐྱིད་པོ་དཔེ་མེད་ཞིག་བྱུང་། མདུན་ལྕོག་སྒང་ནས་ཁ་པར་གྱི་དིར་སྒྲ་ཞིག་ཡོད་པ་དེ་ནི་༡༩༩༨ ལོར་དབུས་ཉི་མ་ལྷ་ས་ནས་རྒྱ་གར་རྡ་རམ་ས་ལ་བར་དུ་གནས་ཁྲ་མོ་བསྐོར་རོགས། ཁམས་རི་བོ་ཆེ་ནས་ཡིན་པའི་བུ་མོ་བཀྲ་ཤིས་སྒྲོན་མ་རེད་འདུག མོ་རང་ནས་ཟེར་ན་མཁན་པོ་ཁྱོད་རང་གི་ཟ་མ་དགའ་ཤོས་ཟྭ་ཞིག་བསྐོལ་ཡོད་པས་ཉིན་གུང་ཆུ་ཚོད་བཅུ་གཉིས་སྐབས་སུ་ནང་དུ་ཤོག་ཟེར་བས་ངོས་ཀྱང་དེར་སོང་། བཀྲ་ཤིས་སྒྲོལ་མ་བསྡད་ས་ནི་ཐར་འདོད་གླིང་གི་གཤམ་དུ་ཁང་པ་ཐབ་ཚང་དང་། ཉལ་ཁང་། བསྡད་ས་ཚང་མ་ཁང་མིག་གཅིག་གི་ནང་དུ་ཡོད་པའི་རང་ཤོང་སྤྱིལ་བུ་གྲུ་བཞི་མ་ཞིག་གི་ནང་དུ་བསྡད་འདུག མོ་རང་ནས་ང་ལ་བཟང་བཟང་བཅོ་བརྒྱད་བྱས་ནས་ཟྭ་ཐུག་ཞིམ་པོ་ཞིག་བསྐོལ་འདུག་པས་རྩམ་པ་དང་མཉམ་དུ་ཟོས་པས་ཞིམ་པོ་དཔེ་མེད་བྱུང་། དེ་ནས་ངེད་གཉིས་ནས་སྔར་འདས་ཟིན་པའི་ལོ་རྒྱུས་རྣམས་རྒྱུ་ནག་བདའ་བདའ་བྱས་ཞིང་མ་ཟད་ངོས་ཨ་རིར་སོང་ནས་སྐྱིད་སྡུག་གི་དཀའ་ངལ་རྣམས་དྲན་ཚད་ཧབ་དགད་དང་བཅས་གནས་སྟངས་རྣམས་སྦ་གསང་མེད་པར་བཤད་རེས་བྱས་པས་ཧ་ཅང་སྐྱིད་པོ་བྱུང་། 
དེ་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་བོད་ཀྱི་བང་ཆེན་རྩོམ་སྒྲིག་པའི་འགན་འཛིན་དང་། མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་རེད་འདུག དེ་ནི་ཁ་སང་ཐུག་རྒྱུའི་དུས་ཆད་བྱས་པ་ནང་བཞིན་ཨ་ཤོ་ཀའི་ཟ་ཁང་ནང་དུ་སོང་ནས་དགོང་ཟས་མཉམ་དུ་ཟོས། ཁོང་ནས་ངོས་ལ་སྐྱབས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་གསུང་འབུམ་སྤུས་ལེགས་དེབ་བཞི་དང་། གཞན་དུས་དེབ་ཁ་ཤས་བཅས་གནང་བྱུང་།  ཁོང་མཉམ་དུ་བོད་གཞུང་དང་མ་ཟད་སྤྱི་འཐུས་རྣམས་ཀྱི་གནས་སྟངས་སྐོར་སོགས་ཆོས་སྲིད་གཉིས་ཀྱི་ཐད་ཇུས་གཏོགས་མང་པོ་ཞིག་བྱས་ནས་མཐར་ངོས་ནང་དུ་འབྱོར་ཞིང་དེ་རིང་གི་ཟིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།



Friday, June 29, 2012

མ་ཧཱ་གུ་རུའི་འབུམ་འཚོགས་ཉིན་ཐ་མ།

མཚོར་འཁྲུངས་སངས་རྒྱས་གཉིས་པའི་སྣང་བརྙན།
དེ་རིང་ནི་བོད་ལུགས་ལྟར་དུ་བྱས་ན་བོད་ཚེས་བཅུ་ཡིན་སྟབས་ཞོགས་པ་སྔ་མོ་ལངས་ནས་གཙུག་ལག་ཁང་དུ་བསྐོར་བ་ལ་སོང་། སྐོར་ལམ་ནང་དུ་བོད་རིགས་རྒན་གོག་རྣམས་ཀྱིས་ཁ་ཟས་ཀྱི་ལྷག་མ་དང་བག་ལེབ་སོགས་ལམ་ནང་དུ་ཉིན་ལྟར་ཟས་ལ་རེ་བ་བྱེད་མཁན་བ་གླང་དང་སྤྲེའུ་སོགས་ལ་སྤྲད་ནས་ཟས་ལ་ཧབ་ཐོབ་བྱེད་མཁན་མང་པོ་ཞིག་མཐོང་རྒྱུ་འདུག མ་ཟད་ལུས་ལ་དགེ་སློང་སེར་པོའི་ན་བཟའ་གྱོན་པའི་རྒྱ་གར་བའི་མི་རྒན་ཁ་ཤས་ཞིག་ཀྱང་ལམ་ཟུར་དུ་ལྕགས་ཀྱི་ལྷུང་བཟེད་བསྣམས་ནས་སློང་མོ་བྱེད་མཁན་རེ་ཟུང་ཉིན་ལྟར་མཐོང་རྒྱུ་འདུག 
སྐོར་ལམ་ནང་དུ་མཚན་ཉིད་གྲྭ་རྒན་ཆོས་ཉི་དང་ངོས་ཀྱི་ཚ་མོ་སོགས་ལ་རིམ་པ་བཞིན་དུ་འཕྲད་སོང་། བསྐོར་བ་གསུམ་བྱས་ནས་དེ་རིང་ནི་མ་ཧཱ་གུ་རུའི་འབུམ་འཚོགས་ཉིན་ཐ་མ་དེ་ཡིན་སྟབས་ཧིན་སྒོར་བདུན་བརྒྱས་ཚོགས་རྫས་དང་འོ་མ་སོགས་ཉོས་ནས་རྒྱ་མཚོའི་ཆུ་ཐིག་གི་འབྲེལ་འཇོག་རྣམ་རྒྱལ་གྲྭ་ཚང་གི་ཐབ་ཚང་ནང་འཛུལ་ནས་མ་ཆེན་གྱི་ཕྱག་ཏུ་ཕུལ། 
ཉིན་རྒྱབ་ཉེ་བའི་ཆར་བོད་ནས་ཕེབས་པ་ངོས་ཀྱི་ཕ་ཡུལ་གཅིག་པའི་བླ་རྒན་ཞིག་དང་མཉམ་དུ་ཕ་ཡུལ་གྱི་གནས་སྟངས་སོགས་ཁ་བརྡ་མང་ཙམ་བྱུང་།  ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་པ་བཅོ་ལྔ་ནས་ད་བར་དབྱིན་ཡུལ་དང་། ཨེ་ཊ་ལིའི་སོགས་ཡོ་རོབ་ཀྱི་མཛད་ཕྲིན་རྣམས་གེགས་མེད་མཐར་ཕྱིན་གྱིས་ལེགས་པར་གྲུབ་ནས་ཉིན་གུང་རྒྱབ་ཏུ་རྡ་སའི་གཞུང་ཞབས་སེར་སྐྱ་མི་མང་རྣམས་ཀྱིས་ཕེབས་བསུའི་འོག་བཞུགས་སྒར་དུ་ཕྱིར་ཕེབས་གནང་། 
དེ་ནས་ཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་པས་བོད་ཁམས་དཀར་མཛེས་ནས་བོད་པའི་བུ་མོ་ལོ་ན་༡༦་ཅན་ཞིག་ནས་བོད་རང་བཙན་དགོས་པའི་སྐད་འབོད་དང་། ཁམས་སྐྱེ་དགུ་མདོ་ནས་ཀྱང་དེ་རིང་བུད་མེད་ཞིག་ནས་རང་ལུས་མེར་བསྲེགས་བཏང་བ་སོགས་ཆེས་ཡ་ང་བའི་གནས་སྟངས་རྣམས་མི་འདོད་བཞིན་དུ་གཅིག་རྗེས་གཉིས་མཐུད་དུ་མཐོང་རྒྱུ་དང་ཐོས་རྒྱུ་འདུག
དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་བཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། ། 

Tuesday, June 26, 2012

རྡ་སའི་རྐང་ལམ་ཕྲ་མོའི་ནང་གི་མྱོང་ཚོར།

རྡ་སའི་སྲང་ལམ་གྱི་ཟུར་ཞིག
ཉིན་མོ་འདི་ནི་༧གོང་ས་མཆོག་གི་སྐུ་ཡི་བླ་གཟའ་དང་འབྲེལ་བོད་རིགས་ཡོངས་ནས་"ལྷག་དཀར"་ཞེས་རྒན་གཞོན་ཕལ་མོ་ཆེའི་བོད་ཀྱི་རིག་གཞུང་བོད་ཆས་གྱོན་པ་དང་། བོད་ཟས་བཟའ་བ། བོད་སྐད་བཤད་པ་སོགས་བོད་ཀྱི་དུས་དྲན་གྱི་ཉིན་མོ་དམིགས་བསལ་བ་ཞིག་ཡིན། ཞོགས་པ་སྔ་མོ་ལངས་ནས་གཙུག་ལག་ཁང་ལ་སྐོར་བར་སོང་བས་རྡ་སའི་རྐང་ལམ་ཕྲ་མོའི་ནང་མགོ་བོ་དུང་ལས་དཀར་བའི་ཁ་ནས་མ་ཎི་སྐྱོར་བཞིན་ལག་ཏུ་འཁར་རྒྱུགས་ཐོགས་ཤིང་ལུས་ལ་བོད་ཆས་གྱོན་པའི་རྒན་གོག་ཁ་ཤས་ཞིག་མཐོང་རྒྱུ་འདུག ངོས་ཀྱང་ཉེ་སྔོན་ཀི་ལི་ཧྥོ་ཉ་ནས་སྨན་པས་གཟུགས་པོའི་འཕྲོད་བསྟེན་མ་བྱས་ན་ཁྲག་མངར་མོའི་ན་ཚ་དེ་སླེབས་ས་རེད་ཞེས་པའི་ཉེན་བརྡ་དེས་འདུག་བཟོད་མེད་པར་བྱས་སོང་བས་ཉིན་ལྟར་འཕྲོད་བསྟེན་གྱི་ཆེད་དུ་གླིང་སྐོར་ལ་འགྲོ་གི་ཡོད། 
དེ་ནས་སྐོར་ལམ་ནང་ནས་ངོས་ཀྱི་ཆོས་གྲོགས་རྙིང་པ་མཚན་ཉིད་གྲྭ་ཆོས་ཉི་ལགས་ནས་ཉིན་ལྟར་ཁོ་རང་གི་ལུས་རྩལ་ངོམས་པ་ལ་ངོས་ནས་ཀྱང་གང་ཤེས་ཁོ་རང་མཉམ་དུ་སྦྱང་ཁུལ་བྱས། ཉིན་རྒྱབ་ཆུ་ཚོད་ལྔ་པའི་སྐབས་སུ་ལོ་གཉིས་སྔོན་ནས་ངོ་ཤེས་པའི་ཨ་རི་བའི་བོད་ཡིག་སློབ་སྦྱོང་བ་བོད་མིང་དུ་ཤེས་རབ་བཟང་པོ་དང་མཉམ་དུ་བོད་ཀྱི་ཟ་ཁང་ནང་དུ་འཐུང་ཆུ་མངར་མོ་རེ་མཉམ་འཐུང་བྱས་པས་ཁོང་ནི་སྔོན་མ་མི་གཤིས་བཟང་པོ་སྐམ་པོ་གཉོམ་ཆུང་འདྲ་ཞིག་ཡོད་པ་དེ་དེ་རིང་ངས་མཐོང་བའི་སྐབས་སུ་རྒྱགས་པ་སྟོབས་ཆེན་ཅུང་ང་རྒྱལ་ཆེན་པོ་ཅན་འདྲ་ཞིག་མཐོང་སོང་། ཁོང་བོད་སྐད་དང་བོད་ཡིག་ནི་འགྲིག་ཐག་ཆོད་འདུག ཁོང་ད་ལྟ་བོད་པའི་སྐྱེ་དམན་ཞིག་དང་མཉམ་དུ་ཆང་ས་རྒྱབ་ཡོད་སྐད་འདུག 
རྡ་སའི་རྐང་ལམ་ཕྲ་མོ་འདི་ཡི་ནང་དུ་ལམ་ཁྲིམས་ལ་རྩི་སྲུང་གང་ཡང་མེད་པར་རླངས་འཁོར་ཆེ་ཆུང་རྣམས་ཙིར་སྒྲ་དང་འུར་སྒྲ་མི་དང་། ཐ་ན་ཁྱི་འཁྱམས་བདག་མེད་བ་གླང་དང་རྟ་དྲེལ་སོགས་འཚང་ཁ་ཤིག་ཤིག་གི་འདུ་འགོད་འདི་སྟོབས་ཆེན་རྒྱལ་ཁབ་ལམ་ཁྲིམས་རང་སྲུང་བྱེད་མཁན་དེ་རིང་ཡོང་བའི་ཨ་རི་བའི་མགྲོན་པོ་ཞིག་ནས་མཐོང་ན་ཧ་ལས་ཧོན་འཐོར་འགྲོ་བ་ལྟ་བུ་ཞིག་རེད། 
དེ་ནས་ལམ་ཟུར་ནས་ལོ་བཞིའི་ཡར་སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་གནས་སྐོར་ལམ་གྲོགས་ད་ལྟ་དགུ་བཅུ་གསུམ་ཚོགས་པའི་དྲུང་ཆེ་དང་། མདོ་སྟོད་སྤྱི་འཐུས་གངས་ལྷ་མོ་དང་འཕྲད་བྱུང་བས་སྲང་བར་རླངས་འཁོར་གྱི་འདུ་ལོང་ཁྲོད་ནས་ཕན་ཚུན་ཁ་པར་ཨང་གྲངས་སྤྲད་རེས་བྱས་ཞིང་རྗེས་མར་ཐུག་རྒྱུའི་ཁ་དན་བྱས་ནས་རིན་པོ་ཆེའི་ཆོས་ཚོགས་ལ་ཡོང་། རིན་པོ་ཆེའི་ཉེ་གནས་གྲྭ་གཉིས་པོས་ངོས་ཁ་ལག་དང་གནས་མལ་སོགས་གང་དྲག་གནང་གི་འདུག དགོང་ཟས་སུ་འཐེན་ཐུག་ཞིམ་པོ་ཞིག་བཀོལ་འདུག་པས་འཐེན་ཐུག་འཐུང་ཞོར་དུ་འཛམ་གླིང་གི་སྒེའུ་ཁུང་ནང་རྒྱངས་ལྟ་ཞིག་བྱས་དུས་ཐབས་སྐྱོ་བ་ཞིག་ལ་འབྲུག་ཡུལ་ནས་མི་ལོ་བདུན་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད་པའི་སྤྱི་ལོ་༡༦༣༨ ལོར་བོད་ཀྱི་བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་གཞེངས་གནང་མཛད་པའི་དཔེ་མཛོད་ཁང་དང་ལས་ཁུངས་བཅས་རང་འགྲིག་ཡོད་པའི་འབྲུག་ཡུལ་གྱི་ལྷ་ཁང་རྙིང་ཤོས་ཨང་གསུམ་པ་ཅན་ཞིག་དེ་རིང་ཉིན་རྒྱབ་ཆུ་ཚོད་བཞི་པའི་སྐབས་སུ་བརྟེན་དང་རྟེན་པར་བཅས་པ་ཡོངས་རྫོགས་མེ་ཡིས་ཚིག་འདུག་པས་རྩ་ཆེའི་རིན་ཐང་གཞལ་དུ་མེད་པའི་སྐུ་གསུང་ཐུགས་རྟེན་དེ་རྣམས་བསམ་ནས་འཕངས་སེམས་འདྲ་ཞིག་སྐྱེ་བྱུང་།  
ད་རེས་རྡ་རམ་སར་སླེབས་པའི་སྐབས་སུ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་བསྙེན་མཚམས་ཞིག་ལ་མ་མཐར་བདུན་ཕྲག་གསུམ་ལ་འདུག་བསམ་ནས་སྔ་ནས་ཞེ་ཕུག་ལ་བཞག་ཡོད་ཀྱང་། ཆོས་མིན་སྲིད་མིན་བསྒྲུབ་ན་འགྲུབ་དུས་མེད་ཅིང་། བཞག་ན་འཇོག་དུས་མེད་པའི་ལས་ཀ་ཆུང་ཙག་འདིས་དུས་ཚོད་ནི་ཤོག་ལྷེ་བསྒྱུར་བསྒྱུར་བྱས་ནས་རྫོགས་སོང་། 
རྡ་སའི་སྲང་ལམ་ཁྲོད་ནས། 
ཅི་ཞིག་བོར་བ་འདྲ་བའི། 
མི་རྣམས་བྲེལ་ཟིང་ཆེ་བ། 
ཁོ་བོ་ཡིད་ཐང་ཆད་སོང་། 
ཐག་རིང་ཨ་རིའི་ཡུལ་ནས།
དབེན་གནས་ཞིག་ལ་བསམ་ནས། 
རྡ་རམ་ས་ལ་ཡོངས་ཀྱང་།
ཁོ་བོ་ཡིད་ཐང་ཆད་སོང་། 
སྔ་མོའི་རྡ་སའི་དབེན་གནས། 
ཞི་བདེ་ཆོས་ཀྱི་གྲོང་ཁྱེར།
དེང་སང་འདུ་འཛིའི་གྲོང་འདིར།
ཁོ་བོ་ཡིད་ཐང་ཆད་སོང་། 
ཡི་ཐང་ཆད་པའི་གཏམ་ཤོ་ལོ་ཀ་ཁ་ཤས་དང་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་བཅས་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Friday, June 22, 2012

དགོན་པ་གཅིག་པའི་བླ་གྲྭ་རྣམས་དང་འཕྲད་པའི་ཉིན་མོ།

རང་དགོན་གྱི་བླ་གྲྭ་རྣམས་དང་མཉམ་དུ་ཉིན་གུང་ཟ་མའི་སྐབས་སུ།
རིང་ནས་ཁ་བྲལ་དུ་སོང་བའི་རང་དགོན་གྱི་བླ་གྲྭ་འགའ་དང་འཕྲད་པ་འདི་ནི་ཆེས་དགའ་འོས་པ་ཞིག་ཡིན། ཉིན་མ་གཉིས་གསུམ་སྔོན་ནས་དུས་ཆད་བྱས་པའི་ཤེས་རབ་གླིང་མགོན་ཁང་ནང་དུ་བཞུགས་པའི་གྲོ་ལོད་བླ་མ་དང་། བཀྲ་ཤིས་ཉི་མ་སོགས་ཕ་ཡུལ་གཅིག་པ་དང་དགོན་པ་གཅིག་པའི་བླ་གྲྭ་རྣམས་ཞོགས་པ་ཆུ་ཚོད་བཅུ་པའི་སྐབས་སུ་བཞུགས་སྒར་རྡ་རམ་སར་ཕེབས་བྱུང་། བདེ་དོན་ལས་ཁུང་ནང་དུ་ཕྱག་ལས་གནང་མཁན་བློ་ཚེ་གཙོར་བྱས་པའི་འདིར་ཕྱོགས་ལ་གཉུག་མར་གནས་པའི་ནང་ཆེན་བ་འགའ་དང་ཤེས་རབ་གླིང་ནས་ཆེད་དུ་ཕེབས་མཁན་གྲྭ་རྣམས་དང་ངོས་ཀྱི་ཚ་མོ་གཉིས་བཅས་ཕན་ཚུན་མི་གྲངས་བཅུ་སྐོར་ཞིག་དང་མཉམ་དུ་ཟ་ཁང་ཞིག་ནང་དུ་ཉིན་གུང་ཟ་མ་མཉམ་དུ་ཟོས། དངོས་གནས་ལུགས་མཐུན་འགྲོ་སྟངས་ཚད་ལྡན་བྱས་ན་ས་གནས་འདིར་བསྡད་མཁན་རྣམས་འབྱོར་བ་ཡོད་མེད་ལ་མ་གཏོས་པར་ས་ཐག་རིང་པོ་ནས་མགྲོན་པོར་ཕེབས་མཁན་རྣམས་ལ་ནང་དུ་སྐད་གཏང་ནས་ཡོང་ཁུངས་ལུང་པ་ཆེ་ཆུང་དང་། ཡོང་མཁན་མགྲོན་པོ་ལ་མ་གཏོས་པར་ཕེབས་མཁན་མགྲོན་པོ་དེ་ཉིད་ལ་སྣེ་ལེན་དང་ཉིན་མོ་འདིར་ཟ་མ་དང་སྡེར་ཁ་སོགས་གྲ་སྒྲིགས་བྱེད་དགོས་པ་ནི་འཛམ་བུ་གླིང་སྤྱི་ཡི་མགྲོན་པོའི་འགྲོ་སྟངས་ཡིན་ཀྱང་། སྐྱབས་བཅོལ་གཞུང་གི་བོད་རིགས་འདི་རྣམས་ནི་དེ་ལས་ལྡོག་ཏེ་དེ་སྔ་ཕན་ཆོད་འཚོ་གོས་དང་འགྲོ་སོང་སོགས་གང་ཐད་ནས་གཞན་བསྟེན་རིང་ལུགས་ཀྱི་གོམས་གཤིས་ཐབས་སྡུག་འདིས་བསླད་ཡོད། ངོས་ཀྱང་ནམ་རྒྱུན་རྒྱ་གར་བལ་ཡུལ་སོགས་ལ་ཚུར་ཁ་འཁོར་ནས་མི་གསུམ་མཉམ་འཛོམས་བྱས་ནས་བཟུང་སྟེ་ཟ་ཁང་ནང་ནས་སྒོར་ཁུག་ནང་དུ་ལག་པ་བསྙབ་དགོས་མ་བྱུང་བ་ཕལ་ཆེར་མེད། ད་ཐེངས་ཀྱང་མི་གྲངས་བཅུ་སྐོར་ཞིག་གི་ཁ་ལག་འགྲོ་སོང་ངོས་རང་ནས་གཏོང་སྐྱངས་བྱས། གང་ལྟར་དེ་རིང་ནི་ངོ་མ་ཆོས་གྲོགས་རྣམས་མ་མཇལ་ཡུན་རིང་སོང་བས་འཕྲད་པ་ཧ་ཅང་དགའ་བོ་བྱུང་། གྲོ་ལོད་བླ་མ་ནི་མི་ཁ་རུ་ཁ་ཐུག་དང་ཁ་བདེ་བོ་ཡིན་པ་མ་ཟད་ཕ་ཡུལ་ལ་ཡོད་པའི་སྐབས་སུ་སྤྲོ་ཐུང་བ་ལ་ཚད་འཇོག་ས་འདྲ་ཞིག་རེད། ཁོང་ནི་ཤེས་རབ་གླིང་གྲོ་ལོད་མགོན་ཁང་ནང་དུ་བཞུགས་ནས་རྒྱུན་རིང་ཡིན། ཉིན་གུང་རྒྱབ་ལོགས་སུ་བླ་མ་རྣམས་ཕར་མ་ཕེབས་བར་ཕན་ཚུན་ཕ་ཡུལ་གཅིག་པའི་སྔོན་སོང་གི་སྐད་ཆ་དེང་དུས་རྒྱ་བོད་དགོན་པ་རྣམས་ཀྱི་གནས་སྟངས་སོགས་གང་དྲན་བཤད་རེས་བྱས་ནས་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་།

Wednesday, June 20, 2012

ཨ་རི་ནས་ཡིན་པའི་མཐོ་རིམ་སློབ་མ་ཞིག་དང་མཉམ་དུ་སེམས་ཁམས་རིག་པའི་སྐོར་བགྲོ་གླེང་བྱས་པ།

སྐྱབས་བཅོལ་བའི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ལ།
ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་ལངས་ནས་གཙུག་ལག་ཁང་ལ་སྐོར་བར་སོང་བས་སྐོར་ལམ་ནང་གི་གཡས་གཡོན་ལྗོན་ཤིང་གི་རྩེ་རུ་བྱེའུ་ཆུང་འཇོལ་མོའི་གསུངས་སྐད་རྣ་བ་རུ་སྙན་ཅིང་། དྲི་ཞིམ་བསང་གི་དུད་སྤྲིན་སྣ་རུ་ཞིམ་པ། ཞོགས་པའི་བསིལ་རླུང་དྲང་མོའི་གཟུགས་པོར་བདེ་བ་སྟེར་ཞིང་སྐོར་ལམ་ནང་དུ་རྒན་གོག་རྣམས་ཀྱིས་ཆལ་ཆོལ་ཁ་འདོན་ལ་བྲེལ་བ་རྣམས་ཀྱང་མི་ཉུང་བ་ཞིག་མཐོང་རྒྱུ་འདུག སྐོར་ལམ་ནང་ནས་ཕ་ཡུལ་གཅིག་པའི་ཨ་ནེ་མདོ་སྒྲོན་དང་འཕྲད་བྱུང་བས་མོ་རང་འདོད་པ་ལྟར་ངོས་ཀྱི་ཚ་མོ་གཉིས་དང་བཅས་ང་ཚོ་ཚང་མ་མོ་རང་ནང་དུ་ཞོགས་ཟས་ལ་སོང་། ཉིན་མོ་འདི་ནི་གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཡི་བླ་གཟའ་ལྷག་དཀར་གྱི་ཉིན་མོ་ཞིག་ཀྱང་ཡིན་པས་མེ་ལོག་སོགས་ལམ་བར་རྣམས་སུ་བོད་རིགས་ན་གཞོན་བོད་ཆས་སྤྲད་པ་མི་ཉུང་བ་ཞིག་མཐོང་རྒྱུ་འདུག
ཁ་སང་དུས་ཆད་བྱས་པ་ནང་བཞིན་ཕ་ཡུལ་གཅིག་པའི་ན་གཞོན་ཨ་རྦོ་དགའ་སྐྱེད་ཀྱི་འདོད་མོས་ལྟར་ཉིན་རྒྱབ་ཆུ་ཚོད་གཉིས་པའི་སྐབས་སུ་ཨ་རི་བ Columbia University Medical Center སློབ་མ་Sara Lewis སེམས་ཁམས་རིག་པའི་སྐོར་དང་མ་ཟད་མི་ལ་དཀའ་ངལ་འཕྲད་པའི་སྐབས་སུ་གདོང་ལེན་བྱེད་སྟངས་སྐོར་དྲི་བ་དྲིས་ལན་བྱས་པས་ཁོང་གཉིས་ཧ་ཅང་དགའ་བོ་བྱུང་སོང་། ཉིན་ཤས་ནང་ངོས་ཀྱི་བསྡད་ས་ནི་ཆོས་གྲོགས་ལྕམ་སྤྲུལ་བློ་བཟང་རྒྱ་མཚོ་རིན་པོ་ཆེའི་གཟིམས་ཆུང་ནང་དུ་ཡིན་སྟབས་རིན་པོ་ཆེའི་ཞབས་ཕྱི་བ་གྲྭ་པ་གཉིས་ཡོད་པས་ཁོང་གཉིས་ནས་ངོས་ལ་ཟས་གོས་གནས་མལ་སོགས་གང་ཐད་ནས་ཧ་ཅང་ཡག་པོ་གནང་གི་འདུག དེང་སང་གི་དུས་ཚོད་འདིར་རྡ་རམ་སའི་གནམ་གཤིས་ནི་ལོ་གཅིག་གི་ནང་ཚ་བ་ཆེ་ཆུང་སོགས་ཧ་ཅང་རན་པོ་དང་ཡག་ཤོས་རེད་ཅེས་བཤད་ཀྱི་འདུག 
རྡ་སའི་རི་བསེབ་འདིའི་ནང་དུ་བོད་རིགས་གཙོར་བྱས་པའི་མི་རིགས་སྣ་མང་འདུས་སའི་ཚོང་འདུས་ཞིག་ཡིན་ལ། རྒྱ་གར་སོགས་འབྱོར་ལྡན་ཡུལ་སྐོར་བ་འཁྱམས་སའི་ལྟེ་གནས་ཞིག་ཀྱང་ཡིན། གསར་འབྱོར་སོགས་ཉམས་ཆུང་བོད་རིགས་འགའ་ཡིས་བག་ལེབ་དང་ལ་ཕུད་གཙོང་ནས་སྐྱོ་གདོང་བསྟན་ས་ཞིག་ཀྱང་ཡིན་ལ། སྐུ་དྲག་སོགས་མི་ཚང་འབྱོར་ལྡན་འགའ་ཡིས་ཕྱུགས་པོའི་ཕ་གཞིས་ཞིག་ཀྱང་ཡིན། ཕྱི་མ་དོན་དུ་གཉེར་ནས་འདོད་ཡོན་ལ་མངོན་ཞེན་ལྡོག་ཅིང་ཚེ་མཚམས་བྱས་པའི་ཆོས་ཀྱི་གྲོང་ཁྱེར་ཞིག་ཀྱང་ཡིན་ལ། ཚེ་འདི་དོན་དུ་གཉེར་ནས་ཆོལ་ཁ་དང་ཆོས་ལུགས་འཐེན་ཁྱེར་བྱེད་སའི་ཆགས་སྡང་གི་གྲོང་ཁྱེར་ཞིག་ཀྱང་ཡིན། གང་ལྟར་རྡ་ས་འདི་ནི་སྤྱན་རས་གཟིགས་དངོས་སུ་བཞུགས་སའི་རི་བོ་པོ་ཏཱ་ལ་ཡིན་པ་ནི་གུས་པའི་རྟོགས་འཆར་ཡིན། 

Monday, June 18, 2012

རྒྱ་གར་ལ་འགྲུལ་བཞུད་བྱས་པའི་སྐབས་སུ།

ཆོས་གྲོགས་གཉིས་དང་ལྷན་རྡ་ས་ནས།
འདི་ཟླའི་སྤྱི་ཚེས་ལྔ་ཉིན་མོར་ཁ་ལི་ཧྥོ་ཉི་ཡ་གནམ་ཐང་ནས་འཇོར་མན་གནམ་ཐང་བརྒྱུད་ནས་རྒྱ་གར་ལྡི་ལིའི་གནམ་ཐང་དུ་བདེ་འབྱོར་བྱུང་། གནམ་ཐང་ནས་ངོས་ཀྱི་ཚ་མོ་ཆེ་བ་ཆོས་དབྱིངས་དབང་མོའི་གཙོས་པའི་མི་འགའ་ཡིས་སྒུག་འདུག རྒྱ་གར་གླ་བྱེད་སྣུམ་འཁོར་ཞིག་ལ་ཧིན་སྒོར་ལྔ་བརྒྱ་ཐམ་པ་སྤྲད་ནས་བོད་པའི་གཞིས་སྒར་མེན་ཇུ་ཀ་ཏྲི་ལ་བཀྲ་ཤིས་བདེ་ལེགས་མགྲོན་ཁང་ནང་དུ་སོང་ནས་ངོས་ཀྱི་ཚ་མོ་ངེད་གཉིས་དེར་བསྡད། དེང་སང་གི་དུས་སྐབས་སུ་རྒྱ་གར་ལ་ཚ་བ་ཧ་ཅང་ཆེ་བའི་དུས་ཚིག་ཡིན་སྟབས་ངོས་ནི་ཚ་བས་སྡང་ནས་ཤི་གྲབ་འདྲ་བྱེད་ཀྱི་འདུག ངོས་ལ་ལྟོས་ན་དུས་བཞིའི་གནམ་གཤིས་ལ་འགྱུར་བ་མེད་པའི་ཨ་རི་ཁ་ལི་ཧྥོ་ཉི་ཡ་ནས་ཤར་རྒྱག་འདིར་སླེབས་མཁན་ཞིག་ཡིན་པའི་ཆ་ནས་གནམ་གཤིས་དང་ཁོར་ཡུག་སོགས་ཀྱི་ཁྱད་པར་ནི་གནམ་ས་ལས་ཀྱང་ཆེ། མན་ཇུ་ཀ་ཏྲི་ལར་ཉིན་ཤས་བསྡད་ནས་ཚ་བའི་ཉེན་ཡོལ་གྱི་ཆེད་དུ་རྡ་རམ་སར་སོང་བས། རྡ་རམ་ས་ནི་རི་མཐོ་ས་གཙང་ཞིང་། ཡུར་སྐོར་སྤྲོ་འཁྱམས་པའི་ས་གནས་ཞིག་ཡིན་སྟབས་ཟས་གོང་སོགས་ཀྱང་འདས་པའི་མི་ལོ་ལྔ་དྲུག་ལ་ལྟོས་ན་ལྡབ་འགྱུར་ལས་ཀྱང་ཆེ་འདུག རྡ་རམ་སར་བརྒྱུད་སྨད་མགྲོན་ཁང་ཞིག་ནང་དུ་བསྡད་པས་མགྲོན་ཁང་གླ་ཆ་རུ་ཉིན་རེར་ཧིན་སྒོར་ལྔ་བརྒྱ་རེ་རེད་འདུག ༡༩༩༨ ལོར་སྤྲིན་དཀར་པོ་དེ་ཐོད་ལ་བླངས། ས་ནག་པོ་དེ་འདོམས་ལ་འཇལ་ནས་སྐྱིད་སྡུག་གི་འཕྲང་ལམ་མང་པོར་བརྒལ་ནས་ཡོང་བའི་ལམ་གྲོགས་གཅིག་པའི་མཆེད་པོ་མཁན་པོ་དགའ་དབང་དང་། བག་ལེབ་གཙོང་མཁན་བུ་མོ་ནོར་ལྷ། ཨ་ནེ་མདོ་སྒྲོན་སོགས་ལ་ཁ་པར་རེ་གཏང་བས་ཚང་མས་རྨ་བྱས་དབྱར་རྔའི་སྒྲ་ཐོས་པ་ལྟར་དགའ་བོ་བྱུང་སོང་། མཚན་ཉིད་གྲྭ་ཚང་ནང་དུ་ཡོད་པའི་ངོས་ཀྱི་ཡུན་རིང་འདྲིས་པའི་ཆོས་གྲོགས་སྐུ་ཞབས་ཆོས་ཉི་དང་མཉམ་དུ་ཉིན་ལྟར་གླིང་སྐོར་དུ་མཉམ་འགྲོ་བྱེད་པ་མ་ཟད་ཁོང་ནས་ངོས་ལ་རྒྱ་གར་ལུས་སྦྱོང་ཡོ་ག་ཡང་སྐབས་སྐབས་ལ་བསླབ་བྱུང་། མཚམས་རེར་སྦག་སུའི་ལུང་པའི་ནང་དུ་ཆུ་བསྐྱལ་ལ་འགྲོ་བ་དང་། མཚམས་རེ་ཏྲུ་ཤི་ཏ་རུ་ཡོད་པའི་ངོས་ཀྱི་ཆོས་གྲོགས་མཚམས་པ་རྣམས་ལ་ཐུག་འཕྲད་དུ་འགྲོ་བ་སོགས་གང་ལྟར་སྐྱིད་པའི་རང་ཡུལ་དང་ཁ་བྲལ་ནས་འདས་པའི་མི་ལོ་བཅུ་ལྔ་ཙམ་གྱི་རིང་ཕ་ཡུལ་ས་ཆ་མིག་གིས་མ་མཐོང་ཡང་ད་རེས་སྐྱབས་བཅོལ་གཞུང་གི་བྱེས་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ལར་འབྱོར་ནས་རིང་ནས་ཁ་བྲལ་བའི་ངོས་ཀྱི་ཚ་བོ་ཚ་མོ་དང་། གློ་བུར་དུ་ལྷགས་པའི་ཕ་ཡུལ་གཅིག་པའི་མི་དང་། གཉུག་མར་གནས་པའི་ཆོས་གྲོགས་སོགས་གང་མང་མཇལ་རྒྱུ་བྱུང་བས་ཧ་ཅང་དགའ་སྤྲོ་ཆེན་པོ་བྱུང། བདུན་ཕྲག་གཅིག་གི་རྗེས་སུ་ངོས་ཀྱི་མཆེད་པོ་ལྕམ་སྤྲུལ་རིན་པོ་ཆེའི་ནང་དུ་སྤོ་ནས་ཉེ་བའི་ཆར་ཨ་རི་ཀི་ལི་ཧྥོ་ཉ་ནས་གོང་ས་སྐྱབས་མགོན་ཆེན་པོའི་མདུན་ནས་ཞུས་པའི་འཇིགས་བྱེད་དཔའ་གཅིག་གི་དབང་གི་བསྙེན་པ་དེའི་མཚམས་ལ་བདུན་ཕྲག་གཉིས་ཙམ་བསྡད་བསམ་ཡོད། 

Friday, June 1, 2012

དབྱིན་ཇི་ཞིག་དང་མཉམ་དུ་ཁ་རྩོད་ཤོར་བའི་ཉིན་མོ།

སྐད་གྲགས་ཅན་གྱི་ས་ཆ་ཡོ་སེམ་མེ་ནི་རི་མགོ་ཞིག་ནས་དུང་འབུད་བཞིན་པ།
ཞོགས་པ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་དེ་རིང་ནི་ངོས་ཀྱི་དགེ་ཕྲུག་འགའ་ཡི་ནང་དུ་མགྲོན་པོར་འགྲོ་དགོས་པ་དེ་ཡིན། ཆུ་ཚོད་བཅུ་གཅིག་ཏག་ཏག་སྐབས་སུ་ལིན་ཌེའི་འམ་ཆོས་མིང་དུ་ཆོས་དབྱིངས་སྒྲོལ་མ་སླེབས་བྱུང་བས་ངེད་གཉིས་མོ་རང་ནང་དུ་སོང་། སྐྱེ་དམན་འདི་ནི་ལོ་མང་པོར་ཨ་རིའི་གཞུང་གི་རླུང་འཕྲིན་ཁང་ནང་གསར་འགྱུར་སྒྲོག་སྦྱང་བྱེད་མཁན་ཡིན་སྐད་འདུག མོ་རང་བསྡད་ས་ནི་རྒྱ་མཚོའི་འགྲམ་དུ་ཐོག་རྩེག་གཉིས་ཅན་གྱི་ཁང་པ་ཕྱི་ལོགས་སུ་རྭ་སྐོར་དང་ཐོག་ཁར་ཇ་འཐུང་ས་ཉི་འོད་འགོགས་བྱས་བསིལ་གཡབ་ཅན་གྱི་བར་ཁྱམས་བཀོད་མཛེས་ཀྱི་ཧ་ཅང་ཁང་པ་ཡག་པོ་ཞིག་འདུག ནང་དུ་མོ་རང་གི་གཅེན་པོ་དང་ཚ་མོ་སོགས་མི་གྲངས་ལྔ་ཙམ་གྱིས་ངོས་ལ་ཕེབས་སྒུག་བྱས་འདུག་པས་ལུང་པ་འདི་ཡི་ལུགས་སྲོལ་ལྟར་དུ་ཕན་ཚུན་ངོ་སྤྲོད་གྱི་ཞོར་དུ་ལག་འཇུ་སོགས་བྱས། དེ་ནས་བསིལ་གཡབ་ཅན་གྱི་བར་ཁྱམས་ཀྱི་ནང་དུ་ཕན་ཚུན་ཇ་འཐུང་བཞིན་ཁ་བརྡ་ལ་རོལ། ཟུར་དུ་མི་རྒན་ཞིག་ཡོད་པ་དེས་ངོས་ལ་མཚར་རྩེད་དང་སྦྲགས་ནས་འདི་ལྟར་ཟེར། 
"ཁྱེད་རང་ང་ཚོའི་ལུང་པ་འདིར་སླེབས་ནས་ཡུན་རིང་མ་སོང་ཡང་སྐད་གྲགས་ཧ་ཅང་ཆེན་པོ་འདུག།"
 ཞེས་གད་མོ་དང་མཉམ་དུ་གསུངས་སོང་། ངས་ཀྱང་དབྱིན་ཇི་ཆག་རོ་དེ་སྐྱོན་ནས་ལན། 
"དེ་ནི་ས་གནས་འདིར་ཡོད་པའི་མི་རྣམས་དང་མ་ཟད་ངོས་ཀྱི་དགེ་ཕྲུག་རྣམས་ཀྱིས་དཀའ་ལས་སྐྱོན་པའི་འབྲས་བུ་རེད།"
ཅེས་བཤད་པ་ཡིན། ང་ཚོ་ཕན་ཚུན་སྐད་ཆ་མང་པོ་བཤད་རེས་བྱས་ཤིང་མཐར་ཟུར་ནས་རྒྱངས་བཅད་འདྲ་བྱས་ནས་བསྡད་མཁན་ལྟས་ཚོད་ལ་སྐྱེ་དམན་ལོ་དྲུག་བཅུ་ཙམ་ཡིན་པའི་ཞིག་ནས་ང་ལ་དྲི་བ་དམིགས་བསལ་ཞིག་ཡོད་པས་ཁྱེད་རང་ནས་ལན་སྐྱོན་ན་འགྲིག་གི་རེད་པས་ཟེར། ངས་ཆོས་ཕྱོགས་ཀྱི་དྲི་བ་གནད་འགག་ཅན་དེ་འདྲ་ཡིན་ན་ངོས་ཀྱི་དབྱིན་ཇི་ནས་འདངས་ཀྱི་མ་རེད། གང་ལྟར་ཐབས་ཤེས་བྱེད་དགོས། གཞན་སྐད་ཆ་གང་ཡོད་བཤད་རེས་བྱས་ན་འགྲིག་གི་ལབ་པ་ཡིན། སྐྱེ་དམན་དེས་ཟེར་ན། "ངས་ཏཱ་ལའི་བླ་མ་གོ་མྱོང་ལས་མཇལ་མྱོང་གཏན་ནས་མེད། སྤྱིར་གཏང་ང་ཁོང་ལ་དགའ་བོ་ཡོད་། ཡིན་ནའང་ཁྱད་མཚར་བོ་ཞིག་ལ་དེ་སྔོན་ CNN གསར་འགོད་པས་ཏཱ་ལའི་བླ་མར་དྲི་བ་གཏང་དུས་ཁོ་རང་རྗོར་རྗེ་བྷུ་ཤུ་ལ་དགའ་བོ་ཡོད་གསུངས་སོང་། དེ་ནས་བཟུང་སྟེ་ངས་བསམ་བློ་མང་པོ་གཏང་བ་ཡིན་། ཏཱ་ལའི་བླ་མ་ག་རེ་བྱས་ནས་རྗོར་རྗེ་བྷུ་ཤི་དང་དགའ་བོ་ཡོད་པ་ངས་ཤེས་མ་སོང་། ཏཱ་ལའི་བླ་མས་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་ནས་འཛམ་བུ་གླིང་ནང་ཞི་བདེ་མེད་པར་བཟོ་མཁན་ཇག་པ་ཞིག་ལ་གང་འདྲ་བྱས་ནས་དགའ་བོ་ཡོད་པ་ངས་ཧ་གོ་མ་སོང་། གཅིག་བྱས་ན་ཏཱ་ལའི་བླ་མ་འདི་གང་ཡིན་ཧ་གོ་ས་མ་རེད།" ཞེས་ལག་པ་གཡུགས་སྟངས་དང་གདོང་གི་རྣམ་འགྱུར་བསྟེན་སྟངས་སོགས་གང་ནས་ལྟས་ཀྱང་མི་དགའ་བའི་རྣམ་འགྱུར་བསྟེན་ནས་ལབ་བྱུང་། ངས་ཁྱེད་རང་ཡག་པོ་ཞིག་ཉན་དང་། སྐབས་དེ་དུས་གསར་འགོད་པའི་དྲི་བ་རྣམས་ངས་ཀྱང་མཐོང་བྱུང་། ཏཱ་ལའི་བླ་མས་རྗོར་རྗེ་བྷུ་ཤི་ལ་དགའ་བོ་ཡོད་གསུངས་པ་དེར་ཁོང་གི་མི་གཤིས་ལ་ང་དགའ་བོ་ཡོད་གསུངས་པ་མ་གཏོགས། ཁོང་གི་སྲིད་དོན་གྱི་ལས་ཀར་དགའ་བོ་ཡོད་གསུངས་པ་ཕར་བཞག་ནས་ལྷག་པར་དུ་ཁ་གསལ་པོའི་སྒོ་ནས་ཨེ་རག་ལ་དམག་དྲངས་བ་དེར་ཁོང་ལ་དགའ་བོ་མེད་ཅེས་གསུངས་མ་བྱུང་བས་ཞེས་ལབ་དུས། མོ་རང་ནས་ཅི་ཡང་ལབ་ཀྱི་མི་འདུག དེ་དང་མཉམ་དུ་ངོས་ཀྱི་དགེ་ཕྲུག་རྣམས་ནས་ཀྱང་ངོས་ཀྱི་སྐད་ཆ་དེར་མོས་མཐུན་བྱས་ནས་མོ་རང་ལ་འགྲེལ་བཤད་མང་པོ་རྒྱབ་བྱུང་ཡང་མོ་རང་ནས་གཏན་ནས་ཉན་གྱི་མི་འདུག མོ་རང་ནས་འཛམ་བུའི་གླིང་ནང་ནས་རྗོར་རྗེ་བྷུ་ཤི་ལ་དགའ་མཁན་ཏཱ་ལའི་བླ་མ་ལས་གཅིག་ཀྱང་ཡོད་རྒྱུ་མ་རེད་གཅིག་བྱས་ན་ཏཱ་ལའི་བླ་མ་ཁོ་རང་ཡང་རྗོར་རྗེ་བྷུ་ཤི་དང་གཅིག་པ་ཡིན་རྒྱུ་རེད་ཅེས་བཤད་བྱུང་། ངས་ནི་དང་པོ་མོ་རང་ལ་ལན་གཅིག་རྒྱག་རྒྱུའི་ཚིག་རྣམས་ཁ་ནང་ནས་དོན་གྲབ་འདྲ་བྱེད་ཀྱི་འདུག་ཀྱང་བསམ་བློ་གཞན་པ་ཞིག་ལ་ཁམས་པའི་ཁ་སྐད་དུ། ནག་མོའི་དྲེད་མའི་ཁ་ལ་མ་ཉན་ཟེར་སྲོལ་ལྟར་མོ་རང་གང་བཤད་ནའང་བཤད་བཅུགས་ནས་ང་ཚོའི་སྐད་ཆ་གཞན་པ་གླེང་སློང་བྱས་པ་ཡིན། དེ་ནས་ནང་དུ་འབྱོར་ནས་སུ་སིན་དང་མཉམ་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ཙམ་རིང་སོང་ནས་ནང་དུ་འབྱོར་ཞིང་དགོང་ཟས་སུ་ཐུག་པ་ཞིག་འཐུང་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།