Sunday, September 21, 2025

༄༅།། ཐར་རྒྱན་བསྡུས་དོན་རྣམ་གྲོལ་ལམ་བཟང་ཞེས་བྱ་བ་བཞུགས་སོ།།


དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་གཅིག་ཏུ་འདུས་པ་བཀའ་དྲིན་འཁོར་མེད་དྲིན་ཅན་རྩ་བའི་བླ་མའི་ཞབས་ཀྱི་པདྨོར་སྒོ་གསུམ་གུས་པ་ཆེན་པོའི་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། སྐྱེ་བ་ནས་ཚེ་རབས་ཀུན་ཏུ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་རྗེས་སུ་འཛིན་པར་བྱིན་གྱིས་བརླབ་ཏུ་གསོལ།
ཐུབ་པས་ལུང་ཟིན་ས་བཅུའི་རྟོགས་པ་བརྙེས། །མཚན་ཐོས་ཙམ་གྱིས་ཕྱིར་མི་ལྡོག་ཅེས་གསུངས། །
རྩོད་དུས་རྣམ་འདྲེན་བཞི་པའི་རྒྱལ་ཚབ་རྗེ། །སྒམ་པོ་བསོད་ནམས་རིན་ཆེན་སྤྱི་བོས་མཆོད། །

ལེགས་བཤད་སྟོང་གི་གདམས་པའི་བདུད་རྩི་དང་། །བཀའ་ཕྱག་ཆུ་བོ་གཉིས་འདྲེས་མན་ངག་བཅུད། །
ཕ་ནོར་བུ་ལ་བཞག་པའི་མ་དྲོས་མཚོ། །ཐར༵་འདོད་སྐོམ་པ་སེལ་བའི་རྒྱན༵་དུ་འགྱུར། །

གང་གི་རྨད་བྱུང་ཟབ་ཆོས་མཚོ་ཆེན་ལས། །ཁོ་བོའི་རུས་སྦལ་རྩལ་གྱིས་གཞལ་མིན་ཡང་། །
རིགས་མཐུན་སྐལ་བཟང་འགའ་ཡིས་བསྐུལ་བའི་ངོར། །མདོར་བསྡུས་ཆུ་ཐིགས་ཙམ་ཞིག་བསྙད་པར་བྱ། །

ལེའུ་དང་པོ་རྒྱུ་བདེ་གཤེགས་སྙིང་པོའི་སྐོར།

༡ དང་པོའི་དངོས་རྒྱུ་བདེ་གཤེགས་སྙིང་པོ་ཉིད། །འགྲོ་དྲུག་ཡོངས་ལ་ཁྱབ་པའི་དཔེ་དོན་ནི། །
ཏིལ་ལ་མར་དང་རྡོ་ལ་གསེར་ཟངས་སོགས། །ཇི་ལྟར་ཁྱབ་ཚུལ་ངེས་པ་རྙེད་པ་ཡིས། །
མ་ནོར་ཡང་དག་ལམ་ལ་ཞུགས་འདོད་ཀྱི། །སྤྲོ་བ་བསྐྱེད་ན་ཐར་པའི་རྒྱན་དུ་འགྱུར། །

༢ སོ་སྐྱེ་ཉན་རང་བྱང་སེམས་སངས་རྒྱས་རྣམས། །རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཉིད། །
རྟེན་ལ་མཐོ་དམན་མེད་ཀྱང་གདོད་མ་ནས། །རིགས་ཆད་རིགས་དང་མ་ངེས་རིགས་སོགས་ཀྱི། །
ཇི་ལྟར་ཁྱབ་ཚུལ་མ་ནོར་ཤེས་པ་ན། །དེ་ཡང་ཐར་པ་དམ་པའི་རྒྱན་དུ་འགྱུར། །

༣ སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་མོད་ཀྱང་། །རིག་དང་མ་རིག་དབང་གིས་འཁོར་འདས་ཀྱི། །
བདེ་སྡུག་རང་འབྲས་ཇི་ལྟར་རྟོགས་གྱུར་ནས། །ཡང་དག་ཐར་པའི་ལམ་ཆེན་ཡངས་པོ་རུ། །
བདེ་ནས་བདེ་བའི་ལམ་དུ་བསྒྲོད་གྱུར་ན། །དེ་ཡང་ཐར་པ་དམ་པའི་རྒྱན་དུ་འགྱུར། །

༤ གཞི་གཅིག་ལམ་གཉིས་འབྲས་བུ་དྲུག་ཏུ་གྲགས། །ཡེ་ནས་སེམས་ཅན་སངས་རྒྱས་གཞི་རུ་གཅིག །
མ་རྟོགས་དབང་གིས་འཁོར་འདས་གཉིས་སུ་གྱུར། །ལས་ཉོན་དབང་གིས་རིགས་དྲུག་སེམས་ཅན་གྲུབ། །
འདིར་སྣང་བདེ་སྡུག་རང་གི་སེམས་ཙམ་ལས། །གྲུབ་ཚུལ་ཤེས་ན་དེ་ཡང་ཐར་པའི་རྒྱན། །

༥ སྡུག་བདེན་མི་གཙང་སྒྱུ་མའི་གྲོང་ཁྱེར་དུ། །བུམ་ནང་མར་མེ་བཞིན་དུ་རྒྱལ་བའི་སྐུ། །
རྙེད་ནས་འཁོར་བར་གྱེས་ཕྱག་འཚལ་བ་འདི། །བདག་ཉིད་བདག་གི་མགོན་དུ་གྱུར་ཅེས་པའི། །
སྡོམ་ཚིག་འདི་ནི་སངས་རྒྱས་པ་ཡི་ལུགས། །ཚུལ་བཞིན་ཤེས་ན་དེ་ཡང་ཐར་པའི་རྒྱན། །

༦ འཁོར་བའི་སྐྱོན་ངན་མཐོང་ཡང་ངེས་འབྱུང་མེད། །སངས་རྒྱས་ཡོན་ཏན་ཐོས་ཀྱང་དད་པ་མེད། །
ངོ་ཚ་ཁྲེལ་མེད་སྙིང་རྗེ་ཅུང་ཟད་མེད། །སྡིག་ལ་སྤྱོད་ཅིང་མ་རབས་དམན་པའི་རིགས། །
ཐར་པའི་གོ་འཕང་རིང་དུ་སོང་བས་ན། །རིགས་ཆད་ཡིན་པར་ཤེས་ན་ཐར་པའི་རྒྱན། །

༧ ཐར་པའི་གྲོང་ཁྱེར་ཞི་བ་མྱང་འདས་ལམ། །འཁོར་བའི་གྲོང་ཁྱེར་སྡུག་བསྔལ་མི་བཟད་གནས། །
གར་འགྲོ་རང་དབང་ཡོད་པའི་ས་ཚིག་འདིར། །གཏན་འདུན་ལེགས་ཉེས་གདམས་ག་མ་ནོར་བར། །
ཞི་བདེའི་ཐེམ་སྐས་འདི་རུ་འཛེགས་ཤེས་ན། །གཏན་གྱི་བདེ་བ་རྙེད་པ་ཐར་རྒྱན་ཡིན། །

༨ དོན་དམ་བདེན་པའི་གནས་ལུགས་ངོ་བོ་རུ། །སྤང་བླང་བྲལ་ཐོབ་ལས་འདས་མཉམ་པ་ཉིད། །
འཁོར་བའི་རང་བཞིན་མྱ་ངན་འདས་པ་དང་། །ཀུན་རྟོག་རང་བཞིན་ཡེ་ཤེས་ཡིན་ཅེས་གསུངས། །
ཀུན་རྫོབ་བདེན་པར་འཁོར་འདས་རང་ས་རུ། །བདེན་གཉིས་འཇོག་ཚུལ་ཤེས་ན་ཐར་རྒྱན་ཡིན། །

༩ སངས་རྒྱས་རྣམས་ནི་རིག་པའི་དབང་གིས་གྲོལ། །སེམས་ཅན་རྣམས་ནི་མ་རིག་དབང་གིས་འཁྲུལ། །
སངས་རྒྱས་སེམས་ཅན་རིག་དང་མ་རིག་ཙམ། །གར་འགྲོ་རང་ལག་ཡོད་པའི་དུས་ཚོད་འདིར། །
འཁོར་འདས་གཉིས་ཀྱི་རྡོག་སྣེ་མ་འཆུགས་པར། །གནད་ཀྱི་མདོ་འགགས་ཤེས་ན་ཐར་རྒྱན་ཡིན། །

༡༠ བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །
གསུང་པའི་ཚིག་ལ་ངེས་པ་རྙེད་གྱུར་ནས། །རྙེད་དཀའི་དོན་ཆེན་ལུས་རྟེན་བཟང་པོ་འདི། །
དོན་མེད་རྣམ་གཡེངས་དབང་དུ་མ་ཤོར་བར། །བློ་ཁ་ཆོས་སུ་སོང་ན་ཐར་རྒྱན་ཡིན། །

༡༡ བདེ་གཤེགས་སྙིང་པོའི་ས་བོན་གྲུང་པོ་འདི། །ཡེ་ནས་མ་བཅོས་རང་ཆས་གནས་གྱུར་ཀྱང་། །
ཐར་པ་ཆ་མཐུན་དགེ་བའི་ཆུ་ལུད་ཀྱི། །རྐྱེན་དང་བྲལ་ནས་ཉོན་མོངས་དབང་གིས་སྐམ། །
དད་མོས་དགེ་བའི་བསོད་ནམས་ཆར་རྒྱུན་གྱིས། །ཡང་ཡང་བརླན་པ་དྭགས་པོའི་ཐར་རྒྱན་ཡིན། །

༡༢ རིགས་བཟང་བུ་ཆུང་ཁྱིམ་དུ་ཡོད་ན་ཡང་། །རིགས་ཆད་དབང་གིས་ཡུན་རིང་མ་དང་བྲལ། །
ནམ་ཞིག་དགེ་སེམས་མ་དང་འཕྲད་གྱུར་ན། །ད་གཟོད་ཉམས་རྟོགས་ཡོན་ཏན་རབ་རྫོགས་པའི། །
གཏན་གྱི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག །ཚུལ་འདི་ངེས་པར་འབྱུང་ན་ཐར་རྒྱན་ཡིན། །

ལེའུ་གཉིས་པ་རྟེན་མི་ལུས་རིན་ཆེན་སྐོར།

༡༣ གཉིས་པ་རྟེན་བཟང་མི་ལུས་རིན་ཆེན་འདི། །འགྲོ་བ་གཞན་ལས་འཕགས་པའི་ལུས་སེམས་རྟེན། །
དགེ་སྡིག་འདོར་ལེན་བླང་དོར་གནད་མཁས་པ། །ལན་གཅིག་ཙམ་ཞིག་ཐོབ་པའི་དུས་ཚོད་འདིར། །
སྙིང་པོའི་དོན་ཆེན་ལས་ལ་བཀོལ་གྱུར་ན། །དེ་ནི་ཡང་དག་ཐར་པའི་རྒྱན་དུ་གྱུར། 

༡༤ རྙེད་དཀའི་ལུས་རྟེན་གྲུ་ཆེན་ལ་བརྟེན་ནས། །འཇིགས་རུང་འཁོར་བའི་མཚོ་ལས་སྒྲོལ་བའི་ཕྱིར། །
སྒོ་གསུམ་དགེ་བའི་ལམ་ལ་རབ་བརྩོན་ན། །གཏན་གྱི་བདེ་བ་ལག་མཐིལ་ཡོད་ཅེས་གསུངས། །
ཤེས་ནས་བློ་ཁ་ཆོས་ལ་འགྱུར་བ་ཡིས། །དལ་འབྱོར་དོན་ལྡན་བྱུང་ན་ཐར་རྒྱན་ཡིན། །

༡༥ མི་ལུས་ཡང་དག་ཙམ་པོ་ཐ་མ་གསུམ། །དང་པོས་རང་གཞན་དོན་འགྲུབ་བདེ་སྐྱིད་འདྲེན། །
གཉིས་པས་ཕན་གནོད་མེད་པར་བར་མ་དོ། །གསུམ་པས་རང་གཞན་གཉིས་ཕུང་སྡུག་བསྔལ་བསྐྱེད། །
ཚུལ་འདིར་དགོངས་ནས་དང་པོའི་ལམ་ལ་ཞུགས། །མི་ལུས་ཡང་དག་ལྡན་ན་ཐར་རྒྱན་ཡིན། །

༡༦ རྙེད་དཀའི་རྟེན་བཟང་མི་ལུས་རིན་ཆེན་འདི། །རྒྱུ་དཔེ་གྲངས་དང་ངོ་བོའི་ཁྱད་པར་སོགས། །
གང་ནས་དཔྱད་ཀྱང་ཡང་དུ་མི་རྙེད་པས། །དོན་མེད་རྣམ་གཡེང་དབང་དུ་གཏང་བ་ན། །
ནོར་བུའི་གླིང་ནས་ལག་སྟོང་ལོག་འགྱུར་བས། །ཤེས་ནས་ཆོས་ལ་བརྩོན་ན་ཐར་རྒྱན་ཡིན། །

༡༧ ལུས་འདི་མི་རྟག་གནས་སྐབས་མགྲོན་པོ་འདྲ། །སྤྱོད་ཡུལ་གནས་མལ་འདི་རྣམས་མགྲོན་ཁང་ལྟར། །
ལས་ཀྱིས་རྙེད་པའི་མགྲོན་པོའི་ས་ཚུགས་འདིར། །དོན་མེད་ཆུད་ཟོས་དབང་དུ་མི་གཏོང་བར། །
ཡང་དག་དགེ་བའི་ལས་ལ་བཀོལ་གྱུར་ན། །དལ་འབྱོར་དོན་ལྡན་ལགས་པས་ཐར་རྒྱན་ཡིན། །

༡༨ འགྲོ་བ་གཞན་ལས་མི་ཡི་ལུས་སེམས་ཀྱི། །རྟེན་འདི་ཁྱད་འཕགས་ཇི་ལྟར་ཤེས་གྱུར་ནས། །
གཞན་ཕན་དགེ་བའི་ཀུན་སློང་ཡང་དག་གིས། །ཕྱི་མ་དོན་གཉེར་ཐར་པའི་གོ་འཕང་ལ། །
ཐོབ་འདོད་ཤུགས་དྲག་སྐྱེས་ནས་དམ་ཆོས་ལ། །ཚུལ་བཞིན་སྒྲུབ་ན་ཐར་རྒྱན་ངོ་མ་ཡིན། །

༡༩ དེ་འདྲའི་རྟེན་བཟང་ལན་གཅིག་ཐོབ་དུས་འདིར། །གཏན་འདུན་ལེགས་ཉེས་གདམས་ག་མ་ནོར་ཞིང་། །
རྣམ་གཡེང་དྲ་བའི་རྒྱ་རུ་མ་ཚུད་པར། །སྙིང་པོའི་དོན་ཆེན་ཡང་དག་བླངས་གྱུར་ཅིང་། །
གཏན་གྱི་བདེ་བ་དམ་ཆོས་ཟབ་མོ་འདི། །འབྲལ་མེད་ཉམས་སུ་བླངས་ན་ཐར་རྒྱན་ཡིན། །

ལེའུ་གསུམ་པ་རྐྱེན་དགེ་བའི་བཤེས་གཉེན་སྐོར།

༢༠ བདེ་གཤེགས་སྙིང་པོ་རང་ལ་ཡོད་གྱུར་ཅིང་། །ཟབ་མོའི་རྟེན་མཆོག་རྙེད་པར་གྱུར་ན་ཡང་། །
ཡང་དག་དགེ་བའི་བཤེས་དང་མ་འཕྲད་ན། །འཁོར་བའི་གནས་ནས་ཐར་ཐབས་མི་གདའ་བས། །
ཐར་པའི་ལམ་སྟོན་དགེ་བའི་བཤེས་གཉེན་ནི། །འབྲལ་མེད་ཚུལ་བཞིན་བསྟེན་ན་ཐར་རྒྱན་ཡིན། །

༢༡ དང་པོ་བསྟེན་བྱ་བླ་མའི་མཚན་ཉིད་ནི། །མདོ་སྡེ་རྒྱན་དང་སྤྱོད་འཇུག་ལ་སོགས་ལས། །
ཇི་ལྟར་གསུངས་བཞིན་ངེས་པར་ཤེས་ནས་སུ། །གཟུར་གནས་བློ་ལྡན་དོན་གཉེར་ངེས་འབྱུང་དང་། །
མི་ལྡོག་དད་པས་རྣམ་གྲོལ་གོ་འཕངས་ཉིད། །ཤུགས་དྲག་ཐོབ་འདོད་སྐྱེས་ན་ཐར་རྒྱན་ཡིན། །

༢༢ བསྟེན་ཚུལ་རང་ལ་ནད་པའི་འདུ་ཤེས་དང་། །བླ་མར་སྨན་པ་ཆོས་ལ་སྨན་དུ་བལྟ། །
ཅི་གསུངས་བཀའ་སྒྲུབ་མ་དད་ལོག་ལྟ་སྤངས། །ཟབ་མོའི་གདམས་ངག་ངོམས་མེད་ལོངས་སུ་སྤྱད། །
མོས་གུས་དད་པའི་ཉི་མ་ཤར་གྱུར་ན། །དེ་བས་ལྷག་པའི་ཐར་རྒྱན་གང་ཡང་མེད། །

༢༣ བདག་འཛིན་སྲིད་པ་གཅོད་པའི་རལ་གྲི་དང་། །འཁོར་བའི་མཚོ་ལས་སྒྲོལ་བའི་གྲུ་བོ་ཆེ། །
བདག་མེད་རྟོགས་པའི་སྟོང་ཉིད་ཡེ་ཤེས་འདི །།བླ་མར་མ་བསྟེན་རྙེད་ཐབས་མི་གདའ་བས། །
མཚན་ལྡན་ཡང་དག་དགེ་བའི་བཤེས་གཉེན་མཆོག །མཉེས་པ་གསུམ་གྱིས་བསྟེན་ན་ཐར་རྒྱན་ཡིན། །

༢༤ དང་བའི་དད་པས་ཆོས་ལ་སྤྲོ་བ་འཕེལ། །འདོད་པའི་དད་པས་བརྩོན་འགྲུས་ངང་གིས་འབྱུང་། །
མི་ལྡོག་དད་པས་བླ་མར་སངས་རྒྱས་མཐོང་། །དད་གསུམ་ཉི་མ་ནང་ནས་ཤར་གྱུར་ནས། །
བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ཉིད། །འབྲལ་མེད་གཙུག་ཏུ་བཀུར་ན་ཐར་རྒྱན་ཡིན། །

༢༥ བླ་མར་སངས་རྒྱས་དངོས་མཐོང་དད་པ་དང་། །ཉམས་ལེན་བླ་སྒྲུབ་ཟབ་མོའི་རྣལ་འབྱོར་གྱིས། །
ཅིར་སྣང་བླ་མའི་ངོ་བོར་ཤར་བ་ཡིས། །རང་རིག་མ་བཅོས་འདི་ཉིད་ངེས་དོན་གྱི། །
བླ་མར་ཤེས་ནས་ངོ་བོའི་རྒྱུན་བསྐྱང་ན། །དེ་ནི་དྭགས་པོའི་ཐར་རྒྱན་ངོ་མ་ཡིན། །

༢༦ ངོ་བོ་མ་བཅོས་ཆོས་སྐུའི་བླ་མ་ཡིན། །རང་བཞིན་མ་འགགས་ལོངས་སྤྱོད་ཡི་དམ་ལྷ། །
ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་མཁའ་འགྲོའི་རྩལ། །སྐུ་གསུམ་ཀུན་འདུས་སྟོང་གསལ་རང་རིག་ལྷ། །
ཡེ་བབས་དོན་གྱི་བླ་མ་མཇལ་བ་ཡིས། །སྣང་སྲིད་བླ་མར་ཤེས་ན་ཐར་རྒྱན་ཡིན། །

༢༧ དང་པོར་བླ་མ་ཐ་མལ་པ་རུ་སྣང་། །དེ་ནས་བླ་མ་སངས་རྒྱས་དངོས་སུ་གོ །
ཐ་མར་བླ་མ་རང་སེམས་ཉིད་དུ་རྟོགས། །མཚོན་བྱེད་དཔེ་ཡི་བླ་མའི་ཐུགས་རྗེ་ཡིས། །
མཚོན་བྱ་དོན་གྱི་བླ་མར་མཇལ་ཤེས་ན། །ཡང་དག་དོན་གྱི་ཐར་རྒྱན་ངོ་མ་ཡིན། །

༢༨ གཞུང་ལུགས་མདོ་སྔགས་མཚོ་ཆེན་བརྒལ་ན་ཡང་། །དྭངས་བསིལ་བླ་མའི་གདམས་ངག་མ་འཐུང་ན། །
ཉོན་མོངས་ནད་ངན་བཅོས་ཐབས་མི་གདའ་བས། །ཤེས་ནས་དཔལ་ལྡན་བླ་མའི་གདམས་ངག་ལ། །
ངོམས་མེད་ཐོས་བསམ་སྒོམ་པས་རྒྱུད་དུལ་ནས། །གཏན་བདེའི་རྒྱལ་སར་འགོད་ན་ཐར་རྒྱན་ཡིན། །

ལེའུ་བཞི་པ་ཐབས་དེའི་གདམས་ངག་སྐོར།

༢༩ དེ་འདྲའི་ཚད་ལྡན་བླ་མས་རྗེས་བཟུང་ཡང་། །གདམས་ངག་ཇི་བཞིན་ཉམས་སུ་མ་བླངས་ན། །
ཆུ་བོའི་འགྲམ་དུ་སྐོམ་གྱིས་ཤི་དང་མཚུངས། །ཚུལ་འདིར་དགོངས་ནས་ཐབས་ཀྱི་གདམས་ངག་རྣམས། །
བུམ་པ་གང་བྱོའི་ཚུལ་དུ་ཉམས་བླངས་ནས། །གཏན་གྱི་སྐྱིད་མཚོ་ཚུགས་ན་ཐར་རྒྱན་ཡིན། །

༣༠ དང་པོ་དགེ་བའི་བཤེས་གཉེན་ཞལ་ནས་ཀྱང་། །ལེགས་པར་ཉོན་ནས་ཡིད་ལ་ཟུངས་ཤིག་དང་། །
ངས་ནི་ཁྱོད་ལ་བཤད་པར་བྱ་འོ་ཞེས། །འཛུམ་པའི་ཞལ་དང་བརྩེ་བའི་སྤྱན་རས་སོགས། །
ཐུགས་ཀྱི་བྱམས་བརྩེ་སློབ་མར་ཕྱོགས་ནས་ཀྱང་། །དམ་ཆོས་ཉན་པའི་སྐལ་བཟང་ཐར་རྒྱན་ཡིན། །

༣༡ དང་པོ་སྔོན་འགྲོའི་ཆོས་ཀྱི་སྟ་གོན་ལ། །རྣ་བ་མི་གཏད་ཁ་སྦུབ་ལྟ་བུའི་དང་། །
ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །
དེ་འདྲའི་སྐྱོན་རྣམས་སྤངས་ནས་དགེ་བ་རུ། །ཀུན་སློང་བཟང་པོའི་འཇུག་ན་ཐར་རྒྱན་ཡིན། །

༣༢ དང་པོའི་ལས་ཅན་ཆོས་ལ་འཇུག་པའི་སྒོ། །མོས་པ་ཡིན་ཞེས་སངས་རྒྱས་ཞལ་ནས་གསུངས། །
འཁོར་བའི་སྡུག་བསྔལ་སྲིད་པའི་གཅོང་ནད་འདི། །མ་སྤངས་བར་དུ་བདེ་བ་མི་གདའ་བས། །
སྲིད་ལས་ངེས་འབྱུང་དྲག་པོའི་སྣ་དྲངས་ནས། །མ་ནོར་ལམ་དུ་ཞུགས་ན་ཐར་རྒྱན་ཡིན། །

༣༣ རང་ཉིད་མི་རུ་སྐྱེས་པའི་དོན་གོ་རུ། །མི་ཚེའི་འགྲོ་སྟངས་དུད་འགྲོ་ལས་ལོད་ན། །
གསེར་སྣོད་མི་གཙང་འཕྱག་པར་སྤྱད་པ་ལྟར། །བླུན་པོའི་ལས་ཀྱི་རྗེས་སུ་མི་འབྲང་བར། །
མི་ཚེའི་གལ་གནད་གདམ་ག་མ་ནོར་ཞིང་། །སྤངས་བླང་ཡང་དག་ཤེས་ན་ཐར་རྒྱན་ཡིན། །

༣༤ རང་རེ་དྭགས་པོ་བཀའ་བརྒྱུད་ལུགས་སྲོལ་ལ། །བློ་ལྡོག་རྣམ་བཞིས་རང་རྒྱུད་མ་ཐུལ་ན། །
ཟབ་མོའི་ཆོས་ཉིད་གནད་དུ་མི་འགྲོ་བས། །དངོས་གཞི་ཆོས་ལས་སྔོན་འགྲོ་གལ་ཆེར་གསུངས། །
མཐོན་པོའི་ཆོས་ལ་ཧབ་ཐོབ་མི་བྱེད་པར། །ཐེག་པ་མས་འཛེགས་བྱས་ན་ཐར་རྒྱན་ཡིན། །

༣༥ དགེ་བ་ཇི་ལྟར་བྱས་ཀྱང་དང་ཐོག་ལ། །མེད་ཐབས་མེད་པ་དམ་པ་རྣམ་གསུམ་ཡིན། །
དགེ་རྩ་ཐབས་ཀྱིས་ཟིན་པ་སེམས་བསྐྱེད་དང་། །དགེ་རྩ་རྐྱེན་གྱིས་མི་ཤིགས་དངོས་གཞི་ཉིད། །
དགེ་རྩ་གོང་དུ་འཕེལ་བ་བསྔོ་བ་བཅས། །སྦྱོར་དངོས་རྗེས་གསུམ་ཚང་ན་ཐར་རྒྱན་ཡིན། །

༣༦ དང་པོ་སྦྱོར་བ་སེམས་བསྐྱེད་དམ་པ་ནི། །དགེ་བའི་སྔོན་དུ་ཀུན་སློང་བཟང་པོ་རུ། །
རྟ་ཁ་སྲབ་ཀྱིས་བསྒྱུར་བ་ནང་བཞིན་དུ། །སེམས་ཅན་ཐམས་ཅད་རྫོགས་བྱང་འཐོབ་ཕྱིར་དུ། །
རང་གིས་ཐོབ་པར་ཅིས་ཀྱང་བྱ་འོ་ཞེས། །བསྒྲུབ་བྱ་དམ་བཅར་འབྲེལ་ན་ཐར་རྒྱན་ཡིན། །

༣༧ གཉིས་པ་དངོས་གཞི་དམིགས་མེད་དམ་པ་ནི། །ཐོས་བསམ་སྒོམ་གསུམ་ལ་སོགས་དགེ་བ་གང་། །
ལུས་ངག་ཡིད་གསུམ་རྩེ་གཅིག་མ་ཡེངས་པར། །གཡག་ལྟོག་རྩྭ་དང་འཕྲད་པ་ཇི་བཞིན་དུ། །
ལེ་ལོ་མེད་པར་བརྩོན་འགྲུས་ཀྱིས་བསྐུལ་ན། །དེ་ནི་ཡང་དག་དམ་པའི་ཐར་རྒྱན་ཡིན། །

༣༨ གསུམ་པ་མཇུག་ཏུ་བསྔོ་བ་དམ་པ་ནི། །རང་གཞན་བྱས་པའི་དགེ་བའི་རྩ་བ་རྣམས། །
ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པའི་ཕྱིར། །ལན་ཚྭའི་ཐིགས་པ་རྒྱ་མཚོར་འདྲེས་པ་བཞིན། །
ལན་དང་རྣམ་སྨིན་རེ་བ་མེད་པ་ཡིས། །ཡང་དག་ཚུལ་བཞིན་བསྔོ་ན་ཐར་རྒྱན་ཡིན། །

༣༩ ཟབ་ཟབ་ཆོས་ལ་མཐོ་སྙབ་མི་བྱེད་ཅིང་། །མིང་སྙན་གོ་སར་རེ་བ་མེད་པ་ཡིས། །
ཉམས་ཆུང་འདོད་ཆུང་ཆོག་ཤེས་བརྟུལ་ཞུགས་ཀྱིས། །རྒྱལ་བ་དགྱེས་པའི་ལམ་དུ་གཤེགས་གྱུར་ནས། །
ནམ་ཞིག་འཕྲུལ་སྣང་རྫུན་ཕུག་རྡིབ་པ་དང་། །གཏན་གྱི་ལམ་སྣ་ཟིན་ན་ཐར་རྒྱན་ཡིན། །

༤༠ རྙེད་དཀའི་རྟེན་བཟང་ནོར་བུ་རིན་ཆེན་འདི། །ཕྱིས་ནས་ཡང་ཡང་མི་རྙེད་ད་རེས་ཙམ། །
ནོར་བུའི་གླིང་ནས་ལག་སྟོང་ལོག་གྱུར་ན། །མི་ཡི་གཟུགས་ལ་བ་གླང་སྤྱོད་ཚུལ་ཅན། །
ཚུལ་འདིར་དགོངས་ནས་གཏན་འདུན་མ་ནོར་བར། །དལ་འབྱོར་དོན་ལྡན་བྱུང་ན་ཐར་རྒྱན་ཡིན། །

༤༡ མཐོ་མཐའ་ལྷུང་ཞིང་བསགས་མཐའ་འཛད་པ་དང་། །རྩིག་མཐའ་འགྱེལ་ཞིང་འདུས་མཐའ་འབྲལ་བ་སོགས། །
ཐམས་ཅད་མི་རྟག་ཡིན་པའི་ཚུལ་བསམ་ན། །ཉམ་ཆུང་ཆུ་བུར་ལྟ་བུ་རང་ཉིད་ལ། །
སང་ཉིན་གསོན་པའི་རེ་བ་མ་མཆིས་པས། །ཡང་ཡང་མི་རྟག་བསམ་ན་ཐར་རྒྱན་ཡིན། །

༤༢ ད་ལྟའི་མཐོང་ཆོས་བདེ་སྡུག་སྣ་ཚོགས་པ། །ཐམས་ཅད་ལས་ཀྱི་དབང་གིས་བྱུང་ཞེས་གྲག །
ཤེས་ནས་དཀར་ནག་ལས་འབྲས་བླང་དོར་རྣམས། །ཇི་བཞིན་བགྱིད་ནས་རང་གི་སྒོ་གསུམ་པོ། །
དྲན་ཤེས་ངང་ནས་ཡང་ཡང་བརྟག་དཔྱད་ཀྱིས། །ལས་འབྲས་ཚུལ་བཞིན་སྲུང་ན་ཐར་རྒྱན་ཡིན། །

༤༣ གནས་རིས་མཐོ་དམན་གང་དུ་འཁྱམས་ན་ཡང་། །སྡུག་བསྔལ་གསུམ་གྱིས་ཡང་ཡང་མནར་བའི་ཕྱིར། །
བདེ་བ་ནམ་ཡང་མེད་ཅེས་སངས་རྒྱས་གསུངས། །འཁོར་བའི་ཉེས་དམིགས་ཇི་བཞིན་མ་ཤེས་ན། །
སྡུག་བསྔལ་གནས་ལས་ཐར་ཐབས་མི་གདའ་བས། །ངེས་འབྱུང་དྲག་པོ་སྐྱེས་ན་ཐར་རྒྱན་ཡིན། །

༤༤ ཐར་པ་ཆ་མཐུན་དགེ་བའི་ས་བོན་འདི། །རང་རྒྱུད་ཞིང་སར་ཇི་བཞིན་འདེབས་གྱུར་ཅིང་། །
མི་དགེའི་ལོག་རྟོག་སད་ཀྱིས་མ་གཙེས་ན། །རིང་མིན་དགེ་བའི་སྟོན་ཐོག་སྨིན་འགྱུར་ཞིང་། །
གཏན་གྱི་བདེ་བའི་འབྲས་བུ་འབྱུང་བས་ན། །བློ་ཁ་ཆོས་སུ་སོང་ན་ཐར་རྒྱན་ཡིན། །

༤༥ བློ་ལྡོག་རྣམ་བཞིས་རང་རྒྱུད་སྦྱངས་ན་ཡང་། །བྱང་ཆུབ་སེམས་ཀྱི་རླན་དང་བྲལ་བ་ན། །
ཐེག་ཆེན་ཡང་དག་ཆོས་སུ་མི་འགྲོ་བས། །འགྲོ་རྣམས་ཐར་པའི་ལམ་དུ་འགོད་འདོད་ཀྱིས། །
བཅོས་མིན་བྱམས་དང་སྙིང་རྗེས་རྒྱུད་སྐུལ་ན། །དགེ་བ་གང་བྱས་ཐར་པའི་རྒྱན་དུ་འགྱུར། །

༤༦ རང་ཉིད་གཅེས་པར་འཛིན་པའི་བློ་ངན་འདི། །མ་སྤངས་བར་དུ་བདེ་བ་མི་གདའ་བས། །
ད་ནས་བཟུང་སྟེ་མ་རྒན་སེམས་ཅན་རྣམས། །གཅེས་པར་འཛིན་པའི་བློ་བཟང་འདི་ཉིད་ལ། །
བསྟེན་ནས་བྱམས་དང་སྙིང་རྗེའི་ཉམས་ལེན་ཉིད། །ཚུལ་བཞིན་ལེགས་པར་བརྩོན་ན་ཐར་རྒྱན་ཡིན། །

༤༧ བདག་འཛིན་མ་རུང་འདི་ཡིས་འཁོར་བར་འཁྱམས། །བདག་མེད་རྟོགས་པས་མྱང་འདས་མངོན་དུ་གྱུར། །
སངས་རྒྱས་དང་ནི་སེམས་ཅན་གཉིས་པོ་འདི། །གནད་ཀྱི་ལམ་འགག་འདི་ལ་ཐུག་ཡོད་པས། །
ལམ་ནོར་ལྡོག་ཤེས་ཐེག་ཆེན་ལམ་དུ་ཞུགས། །འགྲོ་ཀུན་བརྩེ་བས་བསྐྱངས་ན་ཐར་རྒྱན་ཡིན། །

༤༨ མ་རིག་མུན་པས་མགོ་བོ་འཐིབ་ཀྱིས་མནན། །བདག་འཛིན་ལྕགས་ཀྱི་ཐག་པས་ཡན་ལག་བསྡམས། །
ལས་ཉོན་དབང་གིས་འཁོར་བའི་བཙོན་དུ་འཕངས། །འདི་འདྲའི་སྡུག་བསྔལ་མནར་བའི་མ་རྒན་རྣམས། །
བསམ་ནས་ཉིན་མཚན་ཀུན་ཏུ་དགེ་བ་ལ། །ཚུལ་བཞིན་ལེགས་པར་བགྱིད་ན་ཐར་རྒྱན་ཡིན། །

༤༩ འདོད་པའི་དབང་གིས་བདེ་བའི་ཕྱོགས་སུ་བྲེལ། །མི་འདོད་འབྲས་བུ་འབྱུང་བའི་སྡུག་བསྔལ་འདི། །
ཞེ་འདོད་ལག་ལེན་ཕྱིན་ཅི་ལོག་གྱུར་ཅིང་། །ལོང་བ་ཐང་དཀྱིལ་འཁྱམས་འདྲའི་སེམས་ཅན་རྣམས། །
བཟོད་མེད་སྙིང་རྗེས་ནམ་ཡང་མི་གཏང་བར། །བྱང་ཆུབ་སེམས་བསྐྱེད་ཐར་རྒྱན་ངོ་མ་ཡིན། །

༥༠ ཟབ་མོ་ལྟ་དང་རྒྱ་ཆེན་སྤྱོད་པ་ཡི། །ལུགས་གཉིས་གང་རུང་བརྒྱུད་ལྡན་བླ་མ་དང་། །
མདུན་མཁར་སངས་རྒྱས་བྱང་སེམས་བསྐྱེད་པ་ཡིས། །སྙིང་རྗེས་གཞན་དོན་བསྒྲལ་བའི་ཁུར་འཁྱེར་ཞིང་། །
ཤེས་རབ་རྫོགས་བྱང་འགོད་པའི་སྙིང་སྟོབས་ཀྱིས། །བྱང་སྡོམ་བླངས་ན་ཐར་པའི་རྒྱན་དུ་འགྱུར། །

༥༡ བྱང་སེམས་བསྐྱེད་པ་མི་གཙོ་སྐྱེ་བ་གཙོ། །གསུངས་ལྟར་དང་པོ་བྱང་སེམས་སྐྱེ་བའི་ཐབས། །
སྨོན་འཇུག་བྱང་ཆུབ་སེམས་ཀྱི་སྡོམ་པ་ཉིད། །བསྲུང་བྱར་སྙིང་ལྟར་གཅེས་པའི་དམ་བཅའ་ཡིས། །
རང་རྒྱུད་ལ་སྦྱོར་ཉམས་པ་མེད་པ་དང་། །མི་ཉམས་གོང་འཕེལ་བྱེད་པ་ཐར་རྒྱན་ཡིན། །

༥༢ ཐེག་ཆེན་ཆོས་ནི་བསམ་སྦྱོར་གཉིས་སུ་འདུས། །བསམ་པའི་སྐབས་སུ་ཚད་མེད་རྣམ་བཞི་ཡིས། །
འགྲོ་ལ་བྱམས་དང་སྙིང་རྗེས་བརྩེ་བས་སྐྱོང་། །སྦྱོར་བའི་དུས་སུ་ཕ་རོལ་ཕྱིན་དྲུག་གིས། །
ལག་ལེན་ཚུལ་བཞིན་བྱེད་ཅིང་སྒོ་གསུམ་པོ། །གཞན་དོན་ཡང་དག་འབྱུང་ན་ཐར་རྒྱན་ཡིན། །

༥༣ སྦྱིན་པ་ལའང་རྣམ་པ་གསུམ་དུ་དབྱེ། །ཟང་ཟིང་སྲོག་བསླུ་ཆོས་ཀྱི་སྦྱིན་པ་དང་། །
སྦྱིན་ཚུལ་ལན་དང་རྣམ་སྨིན་མི་རེ་བར། །གུས་བཅས་སེར་སྣ་མེད་པའི་ཚུལ་གྱིས་དང་། །
གནས་སྐབས་སྦྱིན་འབྲས་ཕྱུག་ཅིང་མཐར་ཐུག་གི །སངས་རྒྱས་གོ་འཕང་ཐོབ་པ་ཐར་རྒྱན་ཡིན། །

༥༤ ཚུལ་ཁྲིམས་ལ་ཡང་རྣམ་པ་གསུམ་དུ་དབྱེ། །ཉེས་སྤྱོད་སྡོམ་ཅིང་དགེ་ཆོས་བསྡུད་པ་དང་། །
སེམས་ཅན་དོན་བྱེད་གསུམ་ལས་དང་པོ་ཉིད། །མི་དགེ་བཅུ་སྤོང་མངོན་མཐོའི་ཐེམ་སྐས་སུ། །
འཛེགས་ནས་རྣམ་མཁྱེན་གོ་འཕངས་ཐོབ་བྱེད་པ། །ཚུལ་ཁྲིམས་ལེགས་པར་སྲུང་ན་ཐར་རྒྱན་ཡིན། །

༥༥ བཟོད་པ་ལ་ཡང་རྣམ་པ་གསུམ་དུ་དབྱེ། །སྡུག་བསྔལ་དགྲ་དང་ཆོས་ཕྱིར་དཀའ་སྤྱད་སོགས། །
བཟོད་ཡུལ་མེད་ན་བཟོད་པའི་དཀའ་ཐུབ་མེད། །བཟོད་པ་མེད་ན་བྱམས་དང་སྙིང་རྗེ་མེད། །
དེ་བས་བཟོད་པའི་གོ་ཆ་རབ་བགོས་ཏེ། །ཉོན་མོངས་གཡུལ་ལས་རྒྱལ་ན་ཐར་རྒྱན་ཡིན། །

༥༦ གང་དག་སུ་ཞིག་ལེགས་པའི་ཐེམ་སྐས་སུ། །བདེ་ནས་བདེ་བའི་ལམ་དུ་བསྒྲོད་འདོད་ན། །
མེད་དུ་མི་རུང་བ་ནི་བརྩོན་འགྲུས་ཏེ། །ལེ་ལོའི་དགྲ་བོ་འཇོམས་བྱེད་མཚོན་ཆ་དང་། །
མ་རིག་མུན་པ་བསལ་བའི་སྒྲོན་མེའང་ཡིན། །གུས་རྟག་བརྩོན་འགྲུས་བགྱིས་ན་ཐར་རྒྱན་ཡིན། །

༥༧ ཞི་གནས་ཐབས་ལ་རྣམ་གྲངས་མང་ན་ཡང་། །དམིགས་པའི་ཡུལ་ལ་གནས༵་པའི་བུ་ཆུང་ཉིད། །
འགྱུ༵་བའི་ཇག་པས་བཙན་གྱིས་མ་འཕྲོག་པར། །རིག༵་པའི་མ་ཡིས་རྒྱངས་ནས་སྲུང་ཤེས་ནས། །
ཟ་འཆག་ཉལ་འདུག་སྤྱོད་ལམ་རྣམ་བཞིའི་སྐབས། །ཇི་ལྟར་སྒོམ་ཚུལ་ཤེས་ན་ཐར་རྒྱན་ཡིན། །

༥༨ ཐོས༵་པས་ཤེས་ལ་བསམ༵་པས་བྱེ་བྲག་ཕྱེད། །སྒོམ༵་པས་དོན་རྟོགས་ཤེས་རབ་རྣམ་གསུམ་ལས། །
ཐ་མ་མཆོག་ཡིན་མི་རྟོགས་ཏིང་འཛིན་ལ། །ངེས་པ་རྙེད་ཅིང་བློ་འདས་སྤྲོས་བྲལ་གྱི། །
གནས་ལུགས་ལྟ་བའི་གདེངས་དང་ལྡན་གྱུར་ཅིང་། །ཁོ་ཐག་ནང་ནས་ཆོད་ན་ཐར་རྒྱན་ཡིན། །

༥༩ རྣམ་ཐར་གསུམ་ལྡན་དོན་དམ་སྟོང་བ་ཉིད། །སྒྲ་དང་རྟོག་པས་གཞལ་དུ་མི་ནུས་ཅིང་། །
ཡང་དག་དོན་ལ་མཉམ་པར་བཞག་པ་ལས། །རྟོག་བྲལ་ཡེ་ཤེས་ནང་ནས་འཆར་བའི་མཐུས། །
བརྗོད་མེད་ཆོས་མཆོག་རང་ཞལ་མངོན་མཇལ་ཏེ། །སྤྲོས་པའི་དྲྭ་བ་ཆོད་ན་ཐར་རྒྱན་ཡིན། །

ལེའུ་ལྔ་པ་འབྲས་བུ་རྫོགས་པའི་སངས་རྒྱས།

༦༠ དེ་འདྲའི་ཐེག་ཆེན་སེམས་བསྐྱེད་ཙམ་གྱིས་ཀྱང་། །བདག་འཛིན་འགོང་པོར་གནོད་ཐབས་མི་གདའ་བས། །
སྲིད་པའི་རྩ་བ་དྲུང་ནས་གཅད་འདོད་ན། །བདག་མེད་རྟོགས་པའི་ཤེས་རབ་རལ་གྲི་འདི། །
རྙེད་ནས་ས་བཅུ་ལམ་ལྔ་མཐར་ཕྱིན་ནས། །ད་གཟོད་འཁོར་བ་ལས་གྲོལ་ཐར་རྒྱན་ཡིན། །

༦༡ རིག་ངོ་མ་འཕྲོད་སྒོམ་ལ་རློམ་པ་རྣམས། །འབེན་མ་མཐོང་བར་འོལ་ཚོད་མདའ་འཕེན་འདྲ། །
དང་པོ་དྲིན་ཆེན་བླ་མའི་སྐུ་མདུན་ནས། །རིག་ངོ་མ་འཕྲོད་བར་དུ་བརྡར་ཤ་བཅད། །
དེ་ནས་སྒོམ་ཡུན་ཤི་དང་མཉམ་པར་བྱ། །སྒོམ་ཚུལ་ཇི་བཞིན་ཤེས་ན་ཐར་རྒྱན་ཡིན། །

༦༢ སྒོམ་གྱི་ལམ་ལ་རྣམ་པ་གཉིས་སུ་སྣང་། །དཔྱད་ནས་སྒོམ་དང་འཇོག་ནས་སྒོམ་པའོ། །
དཔྱད་པས་ཡུལ་གྱི་དགག་བྱ་ཁེག་པ་དང་། །སྒོམ་པས་ཡུལ་ཅན་སེམས་ཉིད་སྲུང་བ་བཅས། །
འགལ་མེད་ཉམས་སུ་བླངས་ཤིང་གཉིས་སྣང་གི །རྫུན་ཕུག་ནང་ནས་བརྟོལ་ན་ཐར་རྒྱན་ཡིན། །

༦༣ དང་པོའི་ལས་ཅན་ཞི་གནས་ལམ་དུ་འཇུག །དེ་ཡང་གནས་འགྱུ་རིག་གསུམ་ལམ་ལ་བསླབ། །
གནས་པ་ཉུང་ཞིང་འགྱུ་བ་མང་བ་དང་། །རིག་པས་འགྱུ་ངོ་མ་ཤེས་སྒོམ་བྱེད་རྣམས། །
སྒོམ་གསར་རྣམས་ལ་ཐུན་མོང་ལྟར་སྣང་བས། །ཡུན་ཐུང་གྲངས་མང་སྒོམ་ན་ཐར་རྒྱན་ཡིན། །

༦༤ རང་རེ་མཉམ་མེད་དྭགས་པོའི་ལུགས་སྲོལ་ལ། །ཞི་གནས་ལམ་ནས་ལྷག་མཐོང་རྟོགས་པ་རྙེད། །
རྟོགས་པར་བོགས་འདོན་བླ་མའི་གདམས་ངག་ཟབ། །ནམ་ཞིག་ཞི་ལྷག་ཟུང་འབྲེལ་འཇོག་སྒོམ་གྱིས། །
མ་ཡེངས་རང་བབས་གང་ཤར་མ་བཅོས་པར། །རིག་སྟོང་ཟུང་འཇུག་ཤེས་ན་ཐར་རྒྱན་ཡིན། །

༦༥ དོན་གྱི་སངས་རྒྱས་ཆོས་སྐུ་ཆེན་པོ་ཉིད། །འགྲོ་བའི་རྒྱུད་ལ་ཐོག་མེད་ནས་བཞུགས་ཀྱང་། །
ཤིན་ཏུ་སླ་བས་ཡིད་མ་ཆེས་གྱུར་པས། །གཞན་དུ་བཙལ་བའི་དཀའ་བ་མི་བརྟེན་པར། །
རྟོགས་ལྡན་བླ་མའི་གདམས་ངག་ཟབ་མོའི་མཐུས། །རང་སེམས་གནས་ལུགས་མཐོང་ན་ཐར་རྒྱན་ཡིན། །

༦༦ དངོས་གཞི་མཉམ་བཞག་སྐབས་སུ་སེམས་བྱུང་དང་། །སེམས་ལས་འདས་པའི་རིག་སྟོང་ཆོས་ཀྱི་སྐུ། །
གསལ་རིག་རྗེན་པའི་ཚུལ་དུ་མ་བཅོས་པར། །སྤྲོས་བྲལ་བློ་འདས་བརྗོད་མེད་ངང་དུ་བཞག །
སྨྲ་བསམ་བརྗོད་བྲལ་ཚུལ་དུ་རང་རིག་གི །ངེས་ཤེས་ནང་ནས་རྙེད་ན་ཐར་རྒྱན་ཡིན། །

༦༧ ད་ལྟའི་ཤེས་པ་མ་བཅོས་སོ་མ་འདི། །དྲན་ཤེས་ངང་ནས་མ་ཡེངས་རང་བབས་སུ། །
གནས་དགའ་འགྱུ་སྡུག་ཡིད་དཔྱོད་རྟོག་བྲལ་བ། །བརྗོད་བྲལ་བསམ་འདས་ཚུལ་དུ་རིག་པའི་ངོར། །
རིག་སྟོང་དག་མཉམ་ངང་དུ་འཆར་བ་ཡིས། །རང་མྱོང་ངེས་ཤེས་རྙེད་ན་ཐར་རྒྱན་ཡིན། །

༦༨ གནས་ལ་མི་ཆགས་འགྱུ་ལ་མི་སྡང་ཞིང་། །སེམས་ཉིད་མཁའ་ནས་འགྱུ་བའི་ཁ་བ་ཉིད། །
རིག་པའི་རྡོ་ཚན་ཐོག་ཏུ་ལྷུང་བ་ན། །གང་ཤར་རྗེས་མེད་སོ་མའི་གནས་ལུགས་ངོར། །
མ་བཅོས་པ་འདི་སྒམ་པོ་པ་ཡི་ལུགས། །ཚུལ་འདི་ཤེས་ན་ཐར་རྒྱན་ངོ་མ་ཡིན། །

༦༩ འདས་པའི་རྣམ་པར་རྟོག་པའི་རྗེས་མི་འབྲང་། །མ་འོངས་རྟོག་པའི་སྔུན་བསུ་མི་བྱ་ཞིང་། །
ད་ལྟའི་ཤེས་པ་མ་བཅོས་གཉུག་མའི་ངང་། །ཀ་དག་བཞི་ཆ་སུམ་བྲལ་ངོ་བོ་ཉིད། །
ཕྱག་རྫོགས་ཟུང་འཇུག་གནད་ཀྱི་མན་ངག་འདི། །ལེགས་པར་ཉམས་སུ་བླངས་ན་ཐར་རྒྱན་ཡིན། །

༧༠ ངེས་ཤེས་ནང་ནས་རྙེད་ན་ལྟ་བ་ཡིན། །མ་ཡེངས་རིག་ངོ་བསྐྱང་ན་སྒོམ་པ་ཡིན། །
གང་ཤར་དགག་སྒྲུབ་མ་བཅོས་སྤྱོད་པ་ཡིན །།བཟང་ངན་རེ་དོག་མེད་པ་འབྲས་བུ་ཡིན། །
གལ་གནད་ལྟ་སྒོམ་སྤྱོད་པའི་མན་ངག་འདི། །འགལ་མེད་ཉམས་སུ་བླངས་ན་ཐར་རྒྱན་ཡིན། །

༧༡ མ་བཅོས་དེ་གར་བཞག་པ་ལྷན་ནེ་བ། །མྱོང་བ་བརྗོད་དུ་མེད་པ་ས་ལེ་བ། །
རིག་སྟོང་མངོན་སུམ་མྱོང་བ་ཧྲིག་གེ་བ། །གང་ཤར་བློ་འདས་སྤྲོས་བྲལ་རྗེན་ནེ་བ། །
གསལ་རིག་ཡེ་སྟོང་འཛིན་མེད་ཡེ་རེ་བ། །ཉམས་མྱོང་ནང་ནས་ཤར་ན་ཐར་རྒྱན་ཡིན། །

༧༢ སྐབས་རེར་ཐུན་མཚམས་རྩ་བའི་བླ་མ་ལ། །གདུང་ཤུགས་དྲག་པོས་གསོལ་འདེབས་མོས་གུས་བྱ། །
རིགས་དྲུག་སེམས་ཅན་རྣམས་ལ་སྙིང་རྗེ་སྒོམ། །རྗེས་ཐོབ་སྒྱུ་མ་ལྟ་བུའི་སྤྱོད་པས་བསྐྱངས། །
ཚོགས་གཉིས་འགལ་མེད་གདན་ཐོག་གཅིག་ཉིད་དུ། །མ་ནོར་ཉམས་སུ་བླངས་ན་ཐར་རྒྱན་ཡིན། །

༧༣ དེ་ལྟར་རང་མྱོང་རྟོགས་པའི་ཡོན་ཏན་ཉིད། །ས་ལམ་འབྲས་བུ་ཡོན་ཏན་རབ་རྫོགས་ཏེ། །
རྒྱལ་བའི་སྐུ་གསུམ་ཀློང་དུ་རྫོགས་གྱུར་ན། །སྒྲིབ་གཉིས་ཉོན་མོངས་རྩད་ནས་ཡོངས་སྤངས་ཤིང་། །
སངས་རྒྱས་རང་ལས་རྙེད་པས་སྐལ་བཟང་གི །སྐྱིད་པའི་ཉི་མ་ཤར་ན་ཐར་རྒྱན་ཡིན། །

༧༤ དྲི་བྲལ་ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེའི་མ་འགགས་ལོངས་སྐུ་ཉི་མ་ལྟར། །
གཞན་དོན་འབད་མེད་སྤྲུལ་སྐུས་འགྲོ་བ་རྣམས། །རྨོངས་པའི་སྨག་མུན་སེལ་མཛད་སྐུ་གསུམ་གྱི། །
གོ་འཕང་ཚེ་འདི་ཉིད་ལ་མངོན་གྱུར་ན། །དེ་ནི་ངེས་པར་དོན་གྱི་ཐར་རྒྱན་ཡིན། །

ལེའུ་དྲུག་པ་ཕྲིན་ལས་རྟོག་མེད་འགྲོ་དོན་མཛད་པ།

༧༥ ཆོས་སྐུ་མ་གཡོས་བཞིན་དུ་ཐུགས་རྗེའི་རྩལ། །སྐུ་གཉིས་མ་འགག་འབད་མེད་འགྲོ་དོན་མཛད། །
དཔེར་ན་མཁའ་ནས་ཉི་མ་ཤར་བ་ན། །མུན་པ་རང་བསལ་གདུལ་བྱའི་པད་ཚལ་རྒྱས། །
རྟོག་མེད་སྣང་ཞིང་གཞན་དོན་རླབས་པོ་ཆེ། །མ་འབད་ངང་གིས་འབྱུང་ན་ཐར་རྒྱན་ཡིན། །

༧༦ ཇི་ལྟར་སེམས་ཅན་གདུལ་བྱའི་ཆུ་སྣོད་དུ། །མ་འདྲེས་ཟླ་གཟུགས་སྣང་བ་དེ་བཞིན་དུ། །
རང་རང་བློ་ཡི་དབང་པོའི་བྱེ་བྲག་ཏུ། །རྒྱལ་བའི་གསང་གསུམ་མ་ལུས་དངོས་སུ་སྣང་། །
སེམས་ཅན་འཁོར་བ་མཐའ་ནས་མ་སྟོངས་བར། །ཕྲིན་ལས་རྒྱུན་མི་ཆད་ན་ཐར་རྒྱན་ཡིན། །

༧༧ ཚོགས་ལམ་སྐབས་སུ་སྨོན་ལམ་སྟོབས་པོ་ཆེ། །སེམས་ཅན་དོན་དུ་དམ་བཅའ་བླངས་གྱུར་པ། །
ཇི་སྲིད་ནམ་མཁའ་གནས་པ་དེ་སྲིད་དུ། །བདག་ཀྱང་གནས་ནས་སེམས་ཅན་དོན་བགྱིད་ཤོག །
འབྲས་བུ་དམ་བཅའ་དུས་སུ་སྨིན་གྱུར་ནས། །གཞན་དོན་འབད་མེད་མཛད་པ་ཐར་རྒྱན་ཡིན། །

༧༨ མ་འོངས་ང་དང་མ་འཕྲད་རྗེས་འཇུག་རྣམས། །གཞུང་འདི་མཇལ་ན་ང་དང་དབྱེར་མེད་ཅེས། །
བསླུ་མེད་རྡོ་རྗེའི་བཀའ་ལུང་ཟབ་མོ་འདི། །སྙིང་དུ་བཅངས་ནས་ཐོས་བསམ་སྒོམ་པ་ཡིས། །
ཟབ་ཆོས་འདི་ལ་བརྩོན་པའི་གོ་བགྱིད་ན། །དེ་ནི་དྭགས་པོའི་ཞལ་ཆེམས་ཐར་རྒྱན་ཡིན། །

༧༩ བཀའ་ཕྱག་མན་ངག་བཅུད་འདུས་ཐ༵ར་པའི་སྐས། །ཉོན་མོངས་ནད་ངན་འཇོམས་ལ་སྨན་གྱི་མཆོག། །
ཞི་བདེའི་ཐར་པར་འཁྲིད་པའི་དེད་དཔོན་ཡིན། །རིན་ཆེན་ཕལ་གྱིས་མི་སྒྲུན་ནོར་བུ་འདི། །
དད་གསུམ་ངང་ནས་ཁྱེད་རྣམས་མགུལ་རྒྱན་མཛོད། །གཞུང་འདིའི་བསྟན་པ་འཛིན་ན་ཐར་རྒྱན༵་ཡིན། །

༨༠ ཐར་མེད་འཁོར་བའི་རྒྱ་མཚོ་ཆེན་པོ་རུ། །ཐར་པར་འདོད་པ་བདག་འདྲའི་རྗེས་འཇུག་རྣམས། །
ཐར་རྒྱན་ཅེས་པའི་གཞུང་བཟང་གྲུ་གཟིངས་འདི། །ཐར་པའི་མཚོ་ལས་སྒྲོལ་ལ་མེད་ཐབས་མེད། །
ཐར་ལམ་གོ་འཕངས་ཚུལ་བཞིན་ཐོབ་འདོད་ན། །ཐར་འདོད་སྐལ་ལྡན་རྣམས་ཀྱིས་ཅིས་མི་བསྟེན། །

བསྟན་བཅོས་རྩོམ་པའི་རྒྱུ་ཚོགས་མ་ཚང་ཞིང་། །ཉམས་ལེན་མེད་པ་བྲག་ཅའི་ཆོས་གཏམ་འདི། །
རིགས་མཐུན་རང་སློབ་འགའ་ཡིས་བསྐུལ་བའི་ངོར། །ཕན་ཕྱིར་ཡིན་གྱི་གྲགས་པའི་ཕྱིར་དུ་མིན། །

བདེན་པའི་ལེགས་ཆ་འདུག་ན་ཉམས་སུ་ལོང་། །མི་བདེན་དོན་དང་འགལ་ན་སྐྱུར་ལ་ཐོངས། །
མ་བཤད་ལོག་བཤད་གཞུང་དང་འགལ་གྱུར་ན། །དམ་པ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ། །

ཐོས་དོན་བརྒྱུད་ལ་མ་འཁྱོངས་ཤེས་རབ་འཆལ། །ཉམས་ལེན་སྒྲུབ་ཚུགས་མ་ཟིན་ཆོས་དྲེད་གྱུར། །
རང་འདྲའི་ཐར་འདོད་རྗེས་འཇུག་བུ་སློབ་རྣམས། །བློ་ཁ་ཆོས་སུ་ཕྱོགས་པར་བྱིན་གྱིས་རློབས། །

རང་རྒྱུད་ཐ་བའི་ཞིང་ས་སྐམ་པོ་ལ། །དམ་ཆོས་དགེ་བའི་ཆར་གྱིས་བརླན་པ་དང་། །
ཉོན་མོངས་གདོན་ཆེན་སེར་བས་མ་བཅོམ་པར། །ཐར་པའི་འབྲས་བུ་མངོན་དུ་འགྱུར་བར་ཤོག །

ཁ་ལྟ་སྟོང་སྐད་ཙམ་གྱིས་མི་ཕན་པས། །གོ་བ་དཔེ་ཆའི་ཁྲོད་དུ་མ་ལུས་པར། །
ཐོས་བསམ་རང་རྒྱུད་འདུལ་བའི་གཉེན་པོ་རུ། །གྱུར་ནས་ཉམས་ལེན་མཐའ་རུ་ཕྱིན་པར་ཤོག །

མཉམ་མེད་དྭགས་པོ་ཁྱེད་ཀྱི་གསང་བ་གསུམ། །མཛད་པ་སྨོན་ལམ་ཉམས་རྟོགས་ཡོན་ཏན་རྣམས། །
མ་ལུས་བདག་སོགས་རྒྱུད་ལ་རབ་སྨིན་ནས། །རྗེ་བཙུན་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །

ཉམས་ལེན་སྒྲུབ་ལ་བརྩོན་པའི་བཀའ་བརྒྱུད་པའི། །མར་མི་དྭགས་གསུམ་ལ་སོགས་བླ་མ་རྣམས། །
སྐྱེ་ཀུན་བྱང་ཆུབ་སྙིང་པོ་མ་ཐོབ་བར། །སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག །

ཅེས་ཐར་རྒྱན་བསྡུས་དོན་རྣམ་གྲོལ་ལམ་བཟང་འདི་ཡང་འཇམ་དབྱངས་ཆོས་འཁོར་གླིང་གིས་གོ་སྒྲིག་འོག།རང་སློབ་འགའ་ལ་མཉམ་མེད་དྭགས་པོའི་ཐར་རྒྱན་བཤད་ཁྲིད་བགྱིས་ནས་ལོ་གཅིག་དང་ཟླ་བ་དགུ་ཙམ་རིང་གེགས་མེད་ལེགས་གྲུབ་ཏུ་སོང་བས་རྐྱེན་བྱས། དབྱིན་ལན་དུ་བཞུགས་པའི་ཆོས་གྲོགས་དམ་པ་གྲྭ་རིག་འཛིན་གཙོས་གུས་པར་ར་གན་གསེར་རློམ་དོན་གཉེར་ཅན་འགའ་ཡིས་མ་འོངས་པའི་སློབ་མ་རྣམས་ཀྱིས་ཐར་རྒྱན་དཔེ་ཆའི་ཁྲོད་དུ་མ་ལུས་པར་ཉིན་ཞག་ཕྲུག་གཅིག་རིང་སེམས་ཐོག་ཏུ་ཉམས་ལེན་བྱེད་བདེའི་ཆེད་དུ་མངོན་བརྗོད་དང་སྙན་ངག་གིས་མ་བཅིངས་པར་ཡིག་རིགས་གཞན་ལ་བསྒྱུར་བདེ་བ་དང་མི་རིགས་གཞན་ལ་ཕན་པའི་ཕྱིར་དུ་ངེས་པར་ཐར་རྒྱན་བསྡུས་པ་ཞིག་བྲིས་ཞེས་བཀའ་ཡི་བསྐུལ་མ་ལྟར་མཆེད་པོའི་ཐུགས་བཞེད་ལྟར་རེ་ཞིག་གྲུབ་པར་བྱས། རྗེས་སོར་མཁས་དབང་ཆེན་པོ་མཆོག་སྤྲུལ་ཨ་གནམ་ཐུབ་བསྟན་རིན་པོ་ཆེ་མཆོག་དང་། སྤྲུལ་སྐུ་ཡེ་ཤེས་སོགས་ལ་སྤྱན་གཟིགས་སུ་ཕུལ་བས་ཐུགས་དགྱེས་བརྩེ་ཆེན་པོའི་ལེགས་གསོལ་བསྔགས་བརྗོད་དང་ཆབས་ཅིག་འབྱུང་འགྱུར་ངེས་པར་སྐད་རིགས་འགའ་ཤས་སུ་བསྒྱུར་ཐུབ་ན་དགེ་མཚན་ཆེ་བའི་བཀའ་སློབ་དང་ཐུགས་སྨོན་སོགས་གནང་བས་དང་ལེན་བྱས། ཆོས་འདི་ལ་མི་ཕྱེད་པའི་དད་འདུན་ཅན་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་གྲལ་མཐར་གནས་པ་མཁས་མིན་མཁས་པའི་མིང་གི་ཅོད་པཎ་འཆང་བའི་མཁན་མིང་ཙམ་འཛིན་པ་ཀར་བསྟན་དེས་ཨ་རིའི་བྱང་ཕྱོགས་ཀི་ལི་ཧྥོ་ཉའི་འཇམ་དབྱངས་ཆོས་འཁོར་གླིང་ནས་ཐུན་བར་དུ་བྲིས་ནས་བསགས་པས་ཕྱི་ལོ་༢༠༡༧་ཟླ་༨ ༣༠ བོད་ཟླ་བདུན་པ་གྲོ་བཞིན་ཟླ་བའི་ཚེས་པ་བརྒྱད་སྐྱབས་མགོན་ཐམས་ཅད་མཁྱེན་པའི་སྐུའི་བླ་གཟའ་ལྷག་པ་ལྷག་མཚམས་ཀྱི་འགྲུབ་སྦྱོར་འབྱུང་འཕྲོད་ས་ཆུ་སོགས་གཟའ་སྐར་དགེ་བའི་ཉིན་མོ་ལེགས་པར་གྲུབ་པས་དགེ་བ་འདིས་ཀྱང་མཉམ་མེད་དྭགས་པོའི་ཆོས་བཞིའི་བྱིན་རླབས་བདག་སོགས་སེམས་ཅན་ཐམས་ཀྱི་རྒྱུད་ལ་བཙན་ཐབས་སུ་གདན་ཐོག་འདི་ཉིད་དུ་ཞུགས་ནས་། བློ་ཆོས་སུ་འགྲོ་བ་དང་། ཆོས་ལམ་དུ་འགྲོ་བ།ལམ་འཁྲུལ་པ་སེལ་ཅིང་འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། །།
སརྦ་མངྒ་ལཾ། །

མཆན་བུའི་རིགས།
༢༠ མདོ་སྡེ་རྒྱན་ལས། དགེ་བའི་བཤེས་གཉེན་གྱི་ཡོན་ཏན་བརྒྱད་ལྡན་ནི། ཞི་བ། དུལ་བ། ཉེར་ཞི་བ། ཡོན་ཏན་ལྷག་པར་ཡོད་པ། ལུང་གིས་ཕྱུག་པ། དེ་ཉིད་རབ་ཏུ་རྟོགས་པ། བརྩེ་བའི་བདག་ཉིད་ཅན། སྐྱོ་ངལ་མེད་པ་བཅས་བརྒྱད་ཡིན།
སྤྱོད་འཇུག་ལས། །རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་པའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་བའོ།།
༢༢ མཉེས་པ་གསུམ་ནི། ཟང་ཟིང་གི་མཉེས་པ། སྒྲུབ་པའི་མཉེས་པ། ཞབས་ཏོག་གི་མཉེས་པ་བཅས་ཡིན།
༢༩ བློ་ལྡོག་རྣམ་བཞི་ནི། དལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བཅས་བཞིའོ།
༣༠ དམ་པ་གསུམ་ནི། སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མེད་དམ་པ། མཇུག་བསྔོ་བ་དམ་པ་བཅས་ཡིན།
༣༨ སྡུག་བསྔལ་གསུམ་ནི། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་ཡིན།
༤༥ ཚད་མེད་བཞི་ནི། བྱམས་པ། སྙིང་རྗེ། དགའ་བ། གཏང་སྙོམས་བཅས་བཞི་པོ་ཡིན།
ཕར་ཕྱིན་དྲུག་ནི། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་དྲུག་པོ་ཡིན།
༥༢ རྣམ་ཐར་གསུམ་ནི། སྒོ་སྟོང་པ་ཉིད། རྒྱུ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པ་བཅས་ཡིན།
༥༣ ས་བཅུ་ནི། དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་བཅས་བཅུའོ། ལམ་ལྔ་ནི། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་བཅས་ལྔའོ།
༦༢ ཚོགས་གཉིས་ནི། ཟག་བཅས་བསོད་ནམས་ཀྱི་ཚོགས་དང་། དམིགས་མེད་ཡེ་ཤེས་ཀྱི་ཚོགས་གཉིས་ཡིན།
༦༣ སྐུ་གསུམ་ནི། ཆོས་སྐུ།ལོངས་སྐུ། སྤྲུལ་སྐུ་ཡིན། སྒྲིབ་གཉིས་ནི། ཉོན་སྒྲིབ་དང་། ཤེས་སྒྲིབ་གཉིས་ཡིན།
x
x

No comments:

Post a Comment