Saturday, March 28, 2020

༄༅། །དཔལ་ལྡན་བླ་མ་དྲན་པའི་གདུངས་དབྱངས་ས་མཐའི་རྒྱང་འབོད་ཞེས་བྱ་བ་བཞུགས་སོ། །


༄༅། །དཔལ་ལྡན་བླ་མ་དྲན་པའི་གདུངས་དབྱངས་ས་མཐའི་རྒྱང་འབོད་ཞེས་བྱ་བ་བཞུགས་སོ། །

།རྒྱལ་ཀུན་གསང་གསུམ་རབ་འབྱམས་གཅིག་བསྡུས་ཀྱི་བདག་ཉིད།
།རྒྱལ་བའི་མཛད་པ་ཁུར་ཆེན་ཕྲག་པ་རུ་བསྣམས་ཞིང་།
།རྒྱལ་སྲས་རྣམས་ཀྱིས་བསྔགས་པའི་མེ་ཏོག་རང་འཐོར་བའི།།
།རྒྱལ་དབང་ཀརྨ་པ་ལ་བཅོས་མིན་གྱིས་འདུད་དོ།


།བརྩེ་ཆེན་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་གྱི་ཀློང་ནས།
།གསང་གསུམ་རྒྱལ་བའི་མཛད་པ་གཅིག་བསྡུས་ཀྱི་བདག་ཉིད།
།སྐྱབས་གཅིག་ཁོ་བོའི་བླ་མ་བུདྡྷ་ཡི་མཚན་ཅན།
།བྱང་ཆུབ་མ་ཐོབ་བར་དུ་འབྲལ་མེད་དུ་བསྙེན་ནོ།

།ཁྱེད་ནི་བགྲང་ཡས་བསྐལ་པ་མང་པོ་ཡི་གོང་རོལ། །ཚོགས་གཉིས་རྒྱ་མཚོའི་ཕ་མཐའ་ཡས་པ་རུ་བརྒལ་ཞིང་།
།སངས་རྒྱས་ཞེས་པའི་མཚན་སྙན་ཅོད་པཎ་དུ་འཆང་ནས། །སྙིང་སྟོབས་བཙན་པོས་ཞིང་འདིར་ཕེབས་པ་དེ་ཨེ་མ།

།ཆུང་དུས་དམ་པའི་རང་རྟགས་ལྷན་སྐྱེས་སུ་མངའ་ཞིང་། །ཕལ་པའི་སྤྱོད་ལས་འགོང་ཞིང་རླུང་ནུས་ཀྱི་གྲུབ་རྟགས།
།མ་འོངས་བསྟན་འགྲོའི་དོན་དུ་ཕེབས་པ་འདི་བསམ་ན། །ཁྱེད་ནི་མིང་དོན་ལྡན་པའི་ཡ་མཚན་གྱི་ཁྱེའུ།

།ཡང་དར་བསྟན་སྲིད་མེ་རོའི་ལྷ་ལམ་གྱི་ངོགས་སུ། །འཁོར་ལོ་གསུམ་གྱི་མཛད་བཟང་འོད་སྟོང་རང་འཕྲོ་བའི།
།སྒྲུབ་བརྒྱུད་བསྟན་པའི་གཙུག་ནོར་ངེས་དོན་གྱི་དཔུང་གཉེན། །ང་ཡི་བླ་མ་ནམ་མཁའི་ནོར་བུ་ཁྱེད་དྲན་ནོ།

།རིག་གསར་ཀླ་ཀློའི་སྤྱོད་ངན་ཆེར་སྙིགས་ཀྱི་དུས་འདིར། །ཁྱེད་ཀྱི་ལྷག་བསམ་སྙིང་སྟོབས་གོ་ཆ་རང་བགོས་ནས།
།ཟལ་མོ་སྒང་འདིར་ལུགས་གཉིས་ལམ་སྟོན་གྱི་བླ་དཔོན། །ང་ཡི་བླ་མ་ཨ་དྷི༔ཕོ་རྒོད་ཁྱེད་དྲན་ནོ།

།བཀའ་གཏེར་མདོ་སྔགས་དབང་ལུང་མན་ངག་གི་ཆུ་འགོ། །སྐམ་ལ་ཉེ་དུས་རིས་མེད་མཁས་གྲུབ་ཀྱི་གངས་རིར།
།གདམས་པའི་ཆུ་གཏེར་འབུམ་ཕྲག་ཡུར་བ་རུ་དྲངས་པའི། །ང་ཡི་བླ་མ་སངས་རྒྱས་བསྟན་འཛིན་ཁྱེད་མཁྱེན་ནོ།

།དེང་དུས་བསྟན་པ་ནུབ་རིའི་ཕྲག་པ་རུ་གཞོལ་ཅིང་། །བསྟན་འཛིན་ཕལ་ཆེར་ཚེ་འདིའི་འདོད་ཡོན་ལ་གཡེངས་དུས།
།ཁྱེད་ཀྱིས་ཚེ་འདིའི་སྙན་གྲགས་རྡོག་རྫིས་སུ་བཏང་བའི། །ང་ཡི་བླ་མ་འགྲན་གྱི་དོ་མེད་དེ་མཁྱེན་ནོ།

།མཐོན་པོར་ངོ་སྲུང་དམའ་ལ་ཁྱད་གསོད་རང་མེད་ཅིང་། །ཉིན་མཚན་དུས་དྲུག་སྡེ་དགོན་སེམས་ཅན་གྱི་དོན་དུ།
།རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གཞོལ་བའི། །ང་ཡི་བླ་མ་འགྲོ་བའི་དེད་དཔོན་ཁྱེད་དྲན་ནོ།

།བསྟན་འཛིན་ཟེར་ནས་ས་སྟེང་བསྟན་བཤིགས་ཀྱིས་ཁྱབ་ཅིང་། །བསྟན་པའི་སྣང་བ་ཀླ་ཀློའི་གྲིབ་མ་ཡིས་སྒྲིབ་དུས།
།བསྟན་ལ་མཛད་པ་དཀར་པོ་འོད་དཀར་གྱི་གོང་བུ། །ང་ཡི་བླ་མ་དུང་ཟླ་དཀར་ཆུང་དེ་དྲན་ནོ།

།ནང་ཆེན་ཉེར་ལྔའི་བེཌཱུའི་ཡོལ་གོ་ཡི་ནང་དུ། །རྩ་ཆེན་བསྟན་འཛིན་ནོར་བུ་སྣ་མང་གི་དབུས་སུ།
བརྩེ་བས་སྨིན་གྲོལ་གདམས་ངག་ཐོགས་མེད་དུ་རྩོལ་མཁན། །ང་ཡི་བླ་མ་ཡིད་བཞིན་ནོར་བུ་ཁྱེད་མཁྱེན་ནོ།

།ཆོས་བརྒྱད་གསེར་གྱི་ཁྲི་འཕངས་མཐོན་པོ་ལ་མི་དགྱེས། །བླ་གཟུགས་དཔོན་མ་བླ་ཡི་ཆེ་ཚུགས་དེ་མི་དགོས།
ཁྱེད་ནི་ངེས་དོན་རྟོགས་པའི་བསྟན་པ་ཡི་བདག་པོ། །ང་ཡི་བླ་མ་འཁྲུལ་ཞིག་རྒྱལ་པོ་ཁྱེད་མཁྱེན་ནོ།

།གཤིན་པོ་སྟོང་ཕྲག་མང་པོར་འཕོ་འདེབས་ཀྱི་བླ་མ། །ཉམ་ཆུང་འབྱོར་མེད་རྣམས་ལ་དྲིན་ཅན་གྱི་ཕ་རྒན།
།འུ་ཅག་ནང་ཆེན་པ་ལ་བསླུ་མེད་ཀྱི་སྐྱབས་མགོན། །བླ་རྒན་སངས་རྒྱས་བསྟན་འཛིན་སྙིང་དབུས་ནས་དྲན་ནོ།

།ཆོས་དང་རིགས་ལ་དུང་བའི་གངས་ཅན་པའི་ཕོ་རྒོད། །ཆོལ་གསུམ་བྲང་གིས་གཤགས་ཀྱང་ཁྱེད་འདྲ་ཞིག་མི་རྙེད།
།ཨེ་མ་གངས་ཅན་བོད་ཀྱི་བསོད་ནམས་དེས་མ་འཆུན། །ང་ཡི་བླ་མ་དཔའ་བོ་གཡུལ་རྒྱལ་དེ་མཁྱེན་ནོ།

།ཤེས་མེད་ཅོལ་ཆུང་འགའ་ཡི་བྱ་སྤྱོད་རྣམས་མཐོང་དུས། །གདོང་ལ་མཛུབ་མོ་བཙུགས་ནས་སྙིང་རྗེ་ཡི་ཁྲོ་ཚིག།
།ཆ་ལུགས་མ་བརྗེ་སྐད་ཡིག་མ་བརྗེད་རྣམས་གསུངས་པའི། །རིན་བྲལ་བསླབ་བྱ་འདི་རྣམས་སྙིང་དབུས་ནས་དྲན་སོང་།

།མི་ངན་དཔོན་ཆེན་མགོ་བོ་ཐུ་ལུམ་གྱིས་བརྡུང་ཞིང་། །ཁྲོས་ན་ཡ་མེད་རྒྱ་ཚ་ཞལ་དཀར་དང་འདྲ་བ།
།འབྱོར་མེད་གཉོམ་ཆུང་རྣམས་ལ་ཕྱག་ཡངས་ཀྱིས་སྐྱོང་བའི། །ང་ཡི་བླ་མ་འབྲེལ་ཚད་དོན་ལྡན་ཁྱེད་མཁྱེན་ནོ།

།ཕྱི་ལྟར་སྦས་པའི་བརྟུལ་ཞུགས་ཉན་ཐོས་ཀྱི་སྤྱོད་པ། །ནང་ལྟར་བྱང་སེམས་སྙིང་རྗེའི་རྒྱལ་སྲས་ཀྱི་དཔའ་བོ།
།གསང་བ་རིམ་གཉིས་བདེ་ཆེན་རྡོ་རྗེ་ཡི་སྐུ་བརྙེས། །ང་ཡི་བླ་མ་རྡོ་རྗེ་འཛིན་པ་ཁྱེད་དྲན་ནོ།

།ཁྱེད་ཀྱི་ཐུགས་བསྐྱེད་ཀུན་གསལ་ལྷ་ལམ་གྱི་ངོགས་སུ། །སྔར་མེད་ཞི་བདེའི་སྨོན་ལམ་འོད་སྟོང་དུ་འཕྲོས་ནས།
།ཡུལ་ལ་དགེ་བཅུའི་སྣང་བ་རྫོགས་ལྡན་གྱིས་ཁྱབ་པས། །བཀའ་དྲིན་ཅན་གྱི་བླ་མ་ཡང་ཡང་ནས་དྲན་ནོ། །

།རེ་ཞིག་རྟག་འཛིན་ཅན་རྣམས་ཆོས་ལམ་དུ་བསྐུལ་ཆེད། །མ་འོངས་ཞལ་ཆེམ་ལུང་བསྟན་སྒྲིབ་མེད་དུ་གནང་ནས།
།གཟུགས་སྐུའི་བཀོད་པ་ནང་གསལ་གཞི་དབྱིངས་སུ་ཐིམ་ཀྱང་། །ཡེ་ཤེས་ཆོས་སྐུའི་བླ་མ་འབྲལ་མེད་འདི་སྐྱིད་ལ།

།ལེ་བར་སྟོང་གིས་བརྒལ་བའི་ས་མཐའ་ཡི་བུ་ཆུང་། །བླ་མ་ཡིད་ལ་དྲན་པའི་གདུངས་དབྱངས་འདི་གསན་ན།
།བརྩེ་ཆེན་ཡེ་ཤེས་ཐུགས་རྗེའི་ཆོས་སྐུ་ཡི་ཀློང་ནས། །འབྲལ་མེད་ཐུགས་རྗེས་ཟུངས་མཛོད་དྲིན་ཅན་གྱི་བླ་མ།

སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༸སྐྱབས་རྗེ་བླ་རྒན་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་ནས་བགྲང་བྱ་ཧྲིལ་པོ་བཅུ་དགུ་འཁོར་བའི་སྐབས། ཕ་ཡུལ་རང་དགོན་ནས་བརྡ་ཁྱབ་རྗེས་དྲན་རྩོམ་བསྡུའི་གསལ་བསྒྲག་ཞིག་དྲྭ་ལམ་ནས་མཇལ་བའི་རྐྱེན་བྱས་ནས་མཆོད་པ་རྣམས་ཀྱི་ནང་ནས་བླ་མ་མཆོད་པ་ཁྱད་པར་དུ་འཕགས་ཚུལ་ཇི་ལྟར་ངེས་པར་བྱས། རང་ཉིད་ཀྱང་བསོད་ནམས་བསགས་པའི་རྒྱུ་རུ་དམིགས་ཏེ་ཨ་རིའི་ནུབ་ཕྱོགས་ཁ་ལི་ཧྥོ་ནི་ཡའི་གྲོང་ཁྱེར་ཞི་བདེ་རྒྱ་མཚོའི་འགྲམ་ངོགས་སུ་གནས་པའི་རྗེ་གང་གི་ཞབས་རྡུལ་སྤྱི་བོས་རེག་པ་སློབ་འབངས་ཐ་ཤལ་བ་ཆོས་སྨྲ་བའི་མིང་འཛིན་ཀརྨ་བསྟན་སྲུང་ནས་བོད་རྒྱལ་ལོ་༢༡༤༧ རབ་གནས་ལྕགས་བྱི་ལོའི་མཆུ་ཟླའི་ཚེས་གཉིས། ཕྱི་ལོ་2020 སྤྱི་ཟླ་གསུམ་པའི་ཚེས་26 རྩ་བའི་བླ་མ་གང་ཉིད་ཞི་བར་གཤེགས་པའི་དུས་ཚེས་དགེ་བའི་ཉིན་འཇམ་དབྱངས་ཆོས་འཁོར་གླིང་རང་ཤག་ནས་ལྷག་པའི་ལྷ་མཆོག་ཕུར་པ་རྡོ་རྗེ་གཞོན་ནུའི་ཞོགས་ཐུན་བསྙེན་མཚམས་སུ་བྲིས་ནས་གསོལ་བ་རྩེ་གཅིག་ཏུ་བཏབས་པས་འགྲོ་རྣམས་རིག་སྟོང་ཆོས་སྐུ་བླ་མའི་རང་ཞལ་མྱུར་དུ་མཇལ་བའི་རྒྱུ་གྱུར་ཅིག། སརྦ་མངྒ་ལམ། དགེའོ།།


2 comments: