འཇའ་འོད་ཀྱིས་བསུས་པའི་གངས་སེང་གི་རྒྱལ་དར། |
ཁ་སང་གི་ལོ་འདི་ནི་༡༩༥༩་ལོ་སྤྱི་ཟླ་༣་པའི་ཚེས་བཅུ་ཉིན་བོད་ལ་རྒྱ་ནག་གི་དབང་བསྒྱུར་ལ་མི་འདོད་པའི་རྣམ་འགྱུར་གྱིས་མི་མང་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་འབངས་གྱེན་ལང་བྱས་པའི་ཉིན་མོ་ཞིག་ཡིན། གྱེན་ལང་འདི་ནི་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པར་རྒྱ་ནག་གི་དབང་བསྒྱུར་ལ་འདོད་པ་མེད་པ་གསལ་བོར་མཚོན་ཐུབ། སྐབས་དེ་དུས་ལྷ་སའི་སུམ་བཅུའི་དུས་དྲན་ནང་དུ་ཁམས་དང་ཨ་མདོ་སོགས་ནས་ལྷ་སར་བྲོས་བྱོལ་དུ་སླེབས་མཁན་རྣམས་ཀྱང་མཉམ་ཞུགས་བྱས་ཡོད།
སྐབས་དེ་དུས་ཆོལ་གསུམ་བོད་རིགས་ཡོངས་རྫོགས་གྱེན་ལངས་བྱས་པ་དེ་ཉིད་ཀྱིས་དགོས་དོན་ཧ་ཅང་ཆེན་པོ་གཉིས་འགྲུབ་ཡོད། གཅིག་ནི་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་རྒྱ་ནག་གཞུང་གི་དམག་སྒར་དུ་གདན་ཞུ་བྱེད་མ་ཐུབ་པར་སྐུ་སྲོག་སྐྱབས་ནས་ད་ལྟ་ཞལ་འཚོ་ཞིང་བཞུགས་ཡོད་པ་འདི་དང་། གཉིས་པ་སྐབས་དེ་དུས་བོད་ཀྱི་འབོད་སྒྲ་དེ་དུས་ད་ལྟ་ཡིན་ཡང་འཛམ་གླིང་གང་སར་ཁྱབ་ནས་བོད་ཀྱི་རྒྱལ་དར་སེངྒེ་ཁ་སྤྲོད་འདི་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་རྒྱལ་མཆོག་ཏཱ་ལའི་བླ་མ་གཉིས་སུ་གང་ལ་ཡང་ངོ་སྤྲད་མ་དགོས་པར་འཛམ་གླིང་མི་མང་ཚང་མས་ཤེས་པ་དང་དེ་དང་ཆབས་གཅིག་ཏུ་བོད་ཀྱི་ཆོས་དང་རིགས་གཞུང་འདི་འཛམ་བུ་གླིང་གི་གཅེས་ནོར་ཞིག་ལ་ངོས་འཛིན་བྱེད་ཐུབ་པ་འདི་སུམ་བཅུའི་དུས་དྲན་གྱི་འབོད་སྒྲ་དང་པོ་དེ་ལས་བྱུང་བ་ཡིན།
ཡིན་ན་ཡང་འདས་ལོའི་མི་ལོ་དྲུག་བཅུའི་རིངདགོན་སྡེ་སྟོང་ཕྲག་མང་པོ་རྩ་གཏོར་གཏང་ཞིང་། བོད་རིགས་འབུམ་ཕྲག་མང་པོ་དམར་བསད་གཏང་ནས་རྩེ་ཆེའི་ཆོས་དང་རིགས་གཞུང་ཉམས་དམས་སུ་གཏང་། ལྷག་པར་དུ་༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་པོ་བྱུང་ནས་བཟུང་སྟེ་གཞི་བྱེས་གཉིས་སུ་བཞུགས་པའི་བོད་རིགས་མི་གྲངས་བརྒྱ་དང་ལྔ་བཅུ་ལྷག་ནས། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། འབོད་སྒྲ་དང་ལྷན་སྐུ་ལུས་མེར་བསྲེག་གཏང་བ་དང་སོགས་ཞི་དྲག་གང་རུང་གིས་ལས་འགུལ་མང་པོ་སྤེལ་ཡོད་ཀྱང་ད་དུང་རྒྱ་དམར་གཞུང་ནས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་སོང་མེད།
ཡིན་ནའང་ཐུད་སྣུམ་པ་མར་གྱི་སྐུ་དྲིན་གྱི་དཔེ་ལྟར་༧གོང་ས་སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བསྟེན་ནས་ད་དུང་བོད་རིགས་འདི་རྣམས་མཆོད་རྟེན་མགོ་འཇུག་ལོག་ཀྱང་བང་རིམ་རྩིས་བགྲང་ཐུབ་པའི་དཔེ་ལྟར་འཛམ་གླིང་རྒྱལ་གཅེས་འདིའི་ནང་དུ་སྐྱབས་བཅོལ་བ་བརྒྱ་དང་སུམ་བཅུ་ཙམ་གྱི་ཁྲོད་ནས་གང་ཅིའི་ཐད་ནས་གནས་སྟངས་ཡག་ཤོས་སུ་བསྡད་ཡོད།
ཡིན་ནའང་གང་ལ་བཀྲ་ཤིས་ཡོད་པའི་ས་ཕྱོགས་དེར་སྣ་ནག་མ་ཡོད་པ་ལྟར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཆུང་ཆུང་འདི་ཡི་ནང་དུའང་མཚམས་རེར་མི་དགོས་པའི་རྙོག་དྲ་དང་། རང་ས་ལག་མཐིལ་ཙམ་ཡང་མཛུབ་མོ་གཙུག་ནས་བསྟེན་རྒྱུ་མེད་ཁར་ད་དུང་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་སོགས་ཞན་ཆའི་རིགས་འདི་རྣམས་བསམ་བློ་འཁོར་ཐེངས་རེས་སེམས་ཆུང་ང་ལྟ་བུ་མང་པོ་ཞིག་ལ་ཟས་ཟོས་ཀྱང་ཡི་ག་མེད་པ་དང་། ཉལ་སར་སོང་ཡང་གཉིད་ལ་གནོད་པའི་ལས་རིགས་འདི་རྣམས་དགྲ་དགའ་གཉེན་སྡུག་ཟེར་བའི་ཚིག་འདི་ངོ་མ་རེད་འདུག
འགའ་ཤས་ཞིག་ནས་བོད་དོན་ལ་དོ་སྣང་བྱས་ན་མི་དེ་སྲིད་དོན་མཁན་རེད་ཟེར་ནས་སྤྱི་ཚོགས་དང་དགོན་སྡེ་ཁག་ནས་ཟུར་དུ་བཏོན་ནས་དེ་ལ་འུག་པ་ཉིན་མོར་ཐོན་པ་ནང་བཞིན་ལྟས་ངན་བཅོ་བརྒྱད་དུ་རྩི་ནས་སེམས་ཤུགས་གཅོག་པ་སོགས་བྱེད་བཞིན་ཡོད། དེ་ནི་བོད་པ་ཚང་ཁ་ཐུར་དུ་སྤོ་བའི་ལྟས་ངན་ཞིག་ཀྱང་ཡིན།
གང་ལྟར་ང་ལ་མཚོན་ན་ཆོལ་ཁ་དང་ཆོས་ལུགས་གཙོ་བོར་འཛིན་མཁན་ཞིག་གཏན་ནས་མིན། སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུ་དབུར་བཞུགས་ཆོལ་གསུམ་བོད་རིགས་འདིར་ད་ལྟ་དངོས་སུ་འཕྲད་བཞིན་པའི་དཀའ་ངལ་འདི་ག་དུས་བསལ་ཐུབ་ན་བསམ་ནས་སེམས་ཁུར་སླད་མེད་བྱེད་མཁན་ཞིག་ཡིན་པའི་རྒྱུ་མཚན་གྱིས་ས་གནས་གང་དུ་སོང་། གྲོགས་སུ་དང་འགྲོགས་ཀྱང་བོད་དོན་འདིའི་སྐོར་རང་དབང་མེད་པར་ཁ་ནས་ཐོན་འགྲོ་གི་འདུག
ས་གནས་འདིར་འབྱོར་ནས་མི་ལོ་ཧྲིལ་པོ་བཅུ་ཏག་ཏག་ཡིན། ད་བར་སུམ་བཅུའི་དུས་དྲན་གཏན་ནས་ཆད་མ་མྱོང་། ས་གནས་འདིར་བོད་རིགས་ཁྱིམ་ཚང་གཅིག་རང་ཡོད། ཁོང་ཚོ་ནི་ལས་བྲེལ་གྱིས་སྐབས་རེ་ཡོང་ཐུབ་ཀྱི་མི་འདུག། ད་ལོར་ང་ཡི་ཚ་མོ་བདེ་ཆེན་དབྱངས་སྐྱིད་ཀྱང་དུས་དྲན་ལ་མཉམ་ཞུགས་བྱས་ཡོད། ཁ་སང་སུམ་བཅུའི་དུས་དྲན་ཉིན་མོ་ང་ཡི་དགེ་ཕྲུག་ཉི་ཤུ་ཁ་ལྷག་དང་ལྷན་དུ་ས་གནས་འདིའི་ཁྲོམ་ལམ་ནང་དུ་ལག་ཏུ་གངས་སེང་གི་རྒྱལ་དར་བཟུང་ནས་སྐད་འབོད་བྱེད་ལ་སོང་། ད་ལོར་ཆོས་ཚོགས་ཀྱི་ལས་བྱེད་རྣམས་ཀྱིས་སྔ་ནས་གྲ་སྒྲིག་བྱས་ཟིན་པ་ནང་བཞིན་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་གློད་གྲོལ་དགོས་པའི་མཚན་རྟགས་ཀྱི་ཡིག་ཆ་དང་། བོད་ལ་འགྲོ་བ་མི་ཡི་ཐོབ་ཐང་འཛམ་གླིང་ནང་ནས་ཆེས་སྡུག་ཤོས་ཡིན་པའི་མཚན་རྟགས་བསྡུ་རུབ་ཀྱི་ཡིག་ཆ་དང་བཅས་དོན་ཚན་གཉིས་ཀྱི་ཐོག་ནས་ལས་འགུལ་སྤེལ་བ་ཡིན། ཁྲོམ་སྐོར་བྱེད་བཞིན་པའི་སྐབས་སུ་ས་གནས་དེར་འཇའ་འོད་ཀྱི་གུར་ཁང་ཕུབ་ནས་བཀྲ་ཤིས་པའི་རྟགས་མཚན་ཧ་ཅང་ཡག་པོ་བྱུང་སོང་། དེར་ཡོད་ཀྱི་ལས་འགུལ་བ་རྣམས་ཀྱིས་དེ་ནི་ཆེས་ཡ་མཚན་ཅན་ཞིག་ཏུ་ངོས་འཛིན་བྱས་ནས་དགའ་མོས་ཆེན་པོ་བྱས། ཉིན་མོ་དེ་ནི་གུས་པས་བདམས་པའི་སྐྱེ་སྐར་རྫུན་མ་དེ་ཡང་ཡིན་པས་སྐད་འབོད་ཚར་མ་ཐག་རྒྱ་གར་གྱི་ཟ་ཁང་ཞིག་ནང་དུ་དགེ་ཕྲུག་ཉི་ཤུ་ཙམ་དང་ལྷན་དུ་དགུང་ཟས་ལ་མཉམ་རོལ་གྱིས་ཚང་མས་དེ་རིང་ལས་འགུལ་དེ་ཡག་རབས་དང་། འཇའ་འོད་ཀྱི་གུར་ཁང་སོགས་ལ་བསྟོད་ར་བྱེད་བཞིན་ཟ་ཁང་འུར་སྒྲས་བཀང་། ནང་དུ་འབྱོར་བའི་སྐབས་སུ་མཚན་མོ་ཆུ་ཚོད་བཅུ་ཙམ་ཞིག་རེད་ཚར་འདུག། ཐང་ཆད་པའི་གཟུགས་གོག་དེ་ཉལ་སར་དྲུད་ནས་དེ་རིང་གཟུགས་གོག་དེས་དངོས་གནས་གོ་ཆོད་པ་ཞིག་བྱས་ཡོད་བསམ་པའི་དགའ་ཚོར་གྱིས་ལུས་ཐང་ཆད་ནས་འབུ་རོ་འདྲ་ཞིག་རེད་འདུག་ཀྱང་སེམས་ལ་ད་དུང་སྤྲོ་སྣང་གྱིས་ཁེངས། མ་འོངས་པར་ལོ་རྗེས་མའི་སུམ་བཅུ་དུས་དྲན་འདི་ལས་གྲ་རྒྱས་པ་དང་ཚགས་ཚུད་པ་ཞིག་བྱེད་བསམ་པའི་སྟོང་བསམ་འཚར་སྣང་འགོག་མེད་དུ་གཅིག་རྗེས་གཉིས་མཐུད་དུ་སླེབས་སོང་།
མཇུག་རྩོམ།
རྒྱལ་བ་དོན་གྱི་བདག་པོས་ལོ་མང་རིང་། །དཀའ་བ་བརྒྱ་ཡིས་སྐྲུན་པའི་རང་གཞུང་འདི།
།ཁུ་ཚུར་སེན་མོས་རྒྱབ་རྟེན་མ་ཐུབ་ཀྱང་། །དམའ་འབེབས་རྡོག་རྫིས་མི་བྱེད་དམ་བཅའ་ཡིན།
།ཤ་རུས་གདུང་བརྒྱུད་གཅིག་ཏུ་མཆེད་པ་དང་། །ལས་ཀྱིས་བསྡུས་པའི་ཆོལ་གསུམ་བོད་རིགས་རྣམས།
།ལ་རྒྱའི་དཔུང་པ་མཉམ་བཤིབ་མ་ཐུབ་ཀྱང་། །ནང་ཁུར་འཐེན་འཁྱེར་མི་བྱེད་དམ་བཅའ་ཡིན།
།ནང་བསྟན་གཅིག་ཏུ་རྒྱུད་པའི་བོད་ཆོས་འདིར། །གཞུང་ལུགས་གདམས་ངག་འཆར་བའི་ཉམས་ལེན་གྱིས།
།རིས་མེད་བསྟན་ལ་དག་སྣང་མ་ཐུབ་ཀྱང་། །ཆོས་སྤངས་ལས་ངན་མི་གསོག་དམ་བཅའ་ཡིན།
།ཕ་ས་དགྲ་བོས་འཕྲོག་ཅིང་ཡུལ་དུ་གྱར། །རང་ས་ལག་མཐིལ་ཙམ་ཡང་བསྟེན་རྒྱུ་མེད།
།ད་དུང་ཆོལ་ཁ་ཆོས་ལུགས་འཁྲུག་རྩོད་འདི། །སྲོག་འདི་ཐེངས་དགུ་ཆད་ཀྱང་ངས་མི་བྱེད།
།མིང་གི་ཆེད་དུ་རྐུབ་སྟེགས་རྩོད་པ་དང་། །རྐུབ་སྟེགས་ཆེད་དུ་ཆོལ་ཁ་ཆོས་ལུགས་འཁྲུགས།
།ཡིད་བཞིན་ནོར་བུའི་སྐུ་ཚེ་ཐུང་རྐྱེན་འདི། །ཅི་ལ་ཐུག་ཀྱང་མི་བྱེད་དམ་བཅའ་ཡིན།
།མདོར་ན་གཡར་པོའི་སྒྱུ་ལུས་ཐོ་ཡོར་འདི། །མ་ཞིག་བར་དུ་ཆོལ་གསུམ་བོད་རིགས་ལ།
།མཚན་དམས་ཞབས་འདྲེན་ནམ་ཡང་མི་བྱེད་པར། །འགྱུར་མེད་སྙིང་ནས་ཁོ་བོས་དམ་བཅའ་ཡིན། །
མཇུག་རྩོམ་འདི་སྔ་ལོར་བྲིས་པ་ཞིག་ཡིན་ཀྱང་དེ་ཡང་སྐྱར་ཉིན་ཐོའི་གཤགམ་དུ་བཀོད་ཡོད།
བཀྲ་ཤིས་བདེ་ལེགས། བོད་རྒྱལ་ལོ།
This comment has been removed by the author.
ReplyDeleteཁྱེད་ཀྱིས་སུམ་བཅུའི་དུས་དྲན་སྐོར་ཡག་ཞིག་བྲིས་སྣང་།
ReplyDeleteཧ་ཅང་དགའ་པོ་བྱུང་།
བཀའ་དྲིན་ཆེ་དྲྭ་གྲོགས་རིག་འཛིན་ཁྱུང་ལགས། ཁ་མཁས་ཙམ་མ་ཡིན་པར་གང་ཡིག་ཐོག་རུ་བྲིས་ཡོད་པ་དེ་ལྟར་ལག་ལེན་ཀྱང་བྱེད་བཞིན་ཡོད་ལགས།
ReplyDelete