མི་མ་འདྲ་བ་ལ་གཤིས་ཀ་མ་འདྲ་བ་ངེས་པར་ཡོང་གི་ཡོད། སྤྱིར་མི་ཡི་གཤིས་ཀ་བཟང་ངན་དེ་ཉིད་ཕལ་མོ་ཆེ་ནི་རྒྱལ་ཁབ་ཀྱི་རིགས་གཞུང་དང་ཆོས་ལུགས་གནས་སྐབས་གྲོགས་བཟང་ངན་སོགས་ཀྱི་དབང་གིས་ཤུགས་རྐྱེན་ལས་འབྱུང་གི་ཡོད། སྤྱིར་གཏང་མི་ཡི་གཤིས་ཀ་གང་འདྲ་ཡོད་ཀྱང་ཁྱད་པར་མེད་། མི་དེ་ཉིད་ཀྱི་རང་གཤིས་ཡིན་པས་སུས་ཀྱང་མ་བསྒྱུར་ན་འགྲིག། ཡིན་ནའང་རང་ཉིད་མ་རབས་གཤིས་ངན་དུ་ལང་ཤོར་དུ་སོང་བ་ཡིན་ན་དེ་ནི་དུས་ནམ་ཡང་བསྒྱུར་ཐུབ་པར་བྱེད་དགོས། དེ་ནི་བློ་ངན་གོམས་བག་ཆགས་དབང་གིས་བྱུང་བ་ཞིག་ཡིན། བག་ཆགས་ཀྱི་བློ་གང་ཡིན་པ་དེ་ནི་འཕྲལ་གྱིས་བྱུང་བ་ཡིན། འགྲོ་བ་མི་ཡི་གཤིས་ཀ་ངོ་མ་དེ་ནི་བརྩེ་བའི་བདག་ཉིད་བཟང་པོ་ཡིན་ཅེས་ཚན་རིག་པས་བཤད་ཀྱི་ཡོད། འོན་ཀྱང་ང་རང་ཚོ་སྙིགས་མ་ལྔ་བདོ་བ། སྙིགས་མ་ལྔ་ནི། ཚེ། ལྟ་བ། ཉོན་མོངས། སེམས་ཅན། དུས་སྙིགས་མ་བཅས་ཡིན། དུས་བསྐལ་ངན་པ་འདིར་དེང་དུས་ཚན་རྩལ་འཕྲུལ་ཆས་སོགས་ཕྱི་དངོས་པོ་ཡར་རྒྱས་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་མི་ཡི་རང་གཤིས་ལྷན་སྐྱེས་བཟང་པོ་དེ་ཉིད་ཁོར་ཡུག་དང་ཚན་རྩལ་སོགས་ཀྱི་དབང་གིས་དྲན་རྒྱུ་ལས་རྒྱུ་མང་དྲགས་པའི་རྐྱེན་གྱིས་ངན་པའི་ཕྱོགས་སུ་འགྱུར་འགྲོ་གི་ཡོད། ལྷག་པར་དུ་གང་ཟག་སྒེར་གྱི་རང་གཤིས་ངན་པ་ནི། རང་ཉིད་མཐོང་རྒྱ་ཆུང་དྲགས་པ་དང་། གྲོགས་ངན་པ་དང་འགྲོགས་ཡུན་རིང་བ། བྱམས་སྐྱོང་བྱེད་མཁན་མེད་པ་སོགས་ཀྱི་དབང་གིས་བྱུང་བ་ཡིན། དེ་ནི་བཅོས་ལས་སླ་བོ་ཡིན། ལར་ནི་ངས་དེ་རིང་འདིར་གོམས་གཤིས་ངན་པ་བཤད་པའི་སྐབས་སུ་རང་ཉིད་བཟང་པོའི་ཡོན་ཏན་ཆ་ཚང་ཡོད་མཁན་ཞིག་ཡིན་བསམ་པའི་ངོས་འཛིན་བྱེད་ནས་བཤད་ཀྱི་མེད། ང་རང་ཉིད་ཀྱང་ཁྱེད་རང་ཚོ་ནང་བཞིན་འཁོར་བའི་སྐྱོན་མང་པོ་ཡོད་མཁན་ཞིག་ཡིན། ཡིན་ནའང་ངས་གང་ཤེས་པ་དེ་ཚང་མར་དྲན་བསྐུལ་བྱེད་ཀྱི་ཡོད། སྐབས་སྐབས་ལ་གཞན་གྱིས་དྲན་བསྐུལ་བྱས་ན་ཕན་ཐོག་ཡོད་རེད་བསམ་གྱི་འདུག གཞན་སྐྱོན་མིག་གིས་མཐོང་ཡང་། རང་སྐྱོན་རང་གིས་མི་མཐོང་ཟེར་བ་ལྟར་རང་སྐྱོན་མཐོང་ཧ་ཅང་དཀའ་ལས་ཁག་པོ་རེད། མི་མང་པོ་ཞིག་ནས་ང་ནི་ཡག་པོ་ཡིན་བསྒྱུར་བཅོས་གཏང་མི་དགོས་བསམ་མཁན་ཡོད་སྲིད་ཀྱང་སངས་མ་རྒྱས་བར་དུ་བསྒྱུར་བཅོས་གཏང་རྒྱུ་ལ་མཐའ་མེད། སེམས་ངན་པ་ལང་ཤོར་སྡུག་ཤོས་དེ་ནི་མ་རིག་པའི་དམག་དཔོན་གྱིས་མགོ་ཁྲིད་ནས་ཉོན་མོངས་དུག་ལྔའི་དམག་དཔུང་དང་མཉམ་དུ་སླེབས་ནས་དབང་པོ་སྒོ་ལྔའི་རྗེས་སུ་འབྲངས་ནས་ལུས་སེམས་གཉིས་ལ་ཤི་རྨས་ཚབ་ཆེན་བཟོས་ནས་ད་བར་ཐར་དུས་མེད་པའི་དཀའ་ངལ་འོག་ཏུ་ལྷུང་བ་འདི་རེད། སངས་རྒྱས་དང་བྱང་སེམས་རྣམས་ནི་མ་རིག་པའི་དམག་དཔོན་དེ་ཉིད་རིག་པའི་ཤེས་རབ་ཀྱིས་བཅོམ་ནས་ཡེ་ཤེས་ལྔ་ཡི་རྗེས་སུ་འབྲངས་ནས་ད་ལྟ་གཏན་གྱི་བདེ་བ་བླ་ན་མེད་པ་ཐོབ་ཟིན་པ་དེ་རེད། སྤྱིར་གཏང་ང་རང་ཚོ་ལམ་ནོར་གཡང་སའི་གནས་སུ་ལྷུང་ཚར་ཟིན་ཀྱང་ད་དུང་ལམ་ནོར་ལྡོག་ཤེས་བྱས་ན་ཕྱི་དྲགས་མེད། ལམ་ནོར་ལྡོག་ཤེས་ངོ་མ་ནི་རང་སྐྱོན་ངོས་ཟིན་པ་དང་ལམ་ནོར་བ་ཉིད་བཅོས་བསྒྱུར་གཏང་རྒྱུ་ལས་ཐབས་ལམ་གཞན་བདམས་ག་གང་ཡང་མེད། ད་ནས་བཟུང་སྟེ་བློ་དགེ་བའི་ཕྱོགས་སུ་བཀོལ་ཅི་ཐུབ་དང་མ་རིག་པའི་གཉེན་པོ་རིག་པའི་ཡེ་ཤེས་ལ་འབད་བརྩོན་བྱེད་དགོས། དེ་ལྟར་བྱེད་པ་ལ་ཐབས་ལམ་ནི་དམ་པའི་ཆོས་རང་ལས་མ་གཏོགས་མེད། ཆོས་ཀྱི་ལམ་ནས་བཟང་སྤྱོད་ཆ་ཚང་བསྟན་ཡོད། དཔེར་ན། གཞན་ལ་འཚེ་བ་མེད་པ་དང་། བྱམས་སྙིང་རྗེ། ཆོག་ཤེས། དམན་ས་བཟུང་བ། སྦྱིན་གཏོང་། བཟོད་པ་སོགས་ཡ་རབ་ཀྱི་ལམ་ཡོངས་རྫོགས་ནི་ནང་ཆོས་ལས་བསྟན་ཡོད། ནང་ཆོས་ལ་ཇི་ལྟར་ཐོས་བསམ་བྱས་པ་དེ་ཙམ་གྱིས་རང་ཉིད་ཡ་རབས་དམ་པའི་ལམ་དུ་འཁྲིད་ཐུབ།
བློ་ངན་བག་ཆགས་ཤོག་དྲིལ་འདྲ།།
ངན་གོམས་འདི་ལ་བཅོས་སུ་མེད།།
འོན་ཀྱང་དཀའ་བས་བསྒྲུབ་པ་ན།།
མི་འགྲུབ་བྱ་བ་གཅིག་ཀྱང་མེད།།
བདག་ཉིད་བདག་གི་མགོན་ཡིན་དང་།།
བདག་ཉིད་བདག་གི་དགྲ་ཞེས་གསུངས།།
རང་གིས་རང་ཉིད་འདུལ་བ་ལས།།
གཞན་གང་ཞིག་གིས་འདུལ་མི་ནུས།།
དང་པོ་རང་གི་སྤྱོད་པར་བརྟག།།
དེ་ནས་གཞན་ལ་གྲོས་འདེབས་བྱ།།
གཞན་ངོ་མཐོང་བྱེད་མིག་ཡོད་ཀྱང་།
རང་ངོ་མཐོང་བྱེད་མེ་ལོང་དགོས།།
བཤད་ཤེས་ཙམ་གྱིས་མཁས་པ་མིན།།
རང་ཉིད་རང་གིས་འཚོ་བ་དང་།།
སྒོ་གསུམ་དམ་པའི་ཆོས་མཐུན་ན།།
དེ་ནི་ངེས་པར་མཁས་པ་ཡིན།།
གནས་སྐབས་ཆོས་ཁྲིད་ཞིག་གི་དགོས་མཁོའི་ཆེད་དུ་མཁན་པོ་ཀར་བསྟན་ནས་2017-8-3 ལ་བྲིས།།
No comments:
Post a Comment