Wednesday, April 26, 2017

འཐེན་ཐུག་ཕོར་པ་གང་གིས་ཁ་པར་ཁུག་པའི་ཉིན་མོ།

ཉེ་ཆར་ངོས་ཀྱི་དགེ་ཕྲུག་ཨ་རི་བ་མི་ཚང་འབྱོར་ལྡན་ཞིག་ནང་དུ་སོང་། དེ་ནི་བདུན་ཕྲག་གཅིག་གོང་ནས་དུས་ཆད་བྱས་པ་ལྟར་དེ་རིང་ང་ཚོའི་བོད་ཟས་འཐེན་ཐུག་མཉམ་བསྐོལ་བྱེད་རྒྱུ་དེ་ཡིན། བུད་མེད་ཆོས་མིང་དུ་ཀརྨ་དབང་མོ་དང་། བཟའ་ཟླའི་ཆོས་མིང་དུ་ཀརྨ་ཡེ་ཤེས་འབོད། ཁོང་གཉིས་ནི་ནམ་རྒྱུན་བསྡད་ས་Los Angeles ཡིན་ཀྱང་ས་གནས་འདིར་སྤོས་ནས་ལོ་གཉིས་ཙམ་ཡིན། ད་ལྟའི་སྡོད་གནས་འབྱོར་ལྡན་རྣམས་རྫིག་ཉམས་སྟོན་ནས་འདུག་ས་ཆེས་སྐད་གྲགས་ཅན་གྱི་ས་ཆ་Camel ལ་ཁང་པ་ཧ་ཅང་ཡག་པོ་ཞིག་ནང་དུ་བསྡད་ཡོད། ང་འདུག་ས་ནས་རླངས་འཁོར་སྐར་མ་བཅུ་ཙམ་ལས་མི་འགོར། ཁོང་བཟའ་མི་གཉིས་ནི་བོད་བརྒྱུད་ནང་ཆོས་ལ་ཆེས་དགའ། ལྷན་སྐྱེས་ཀྱི་མི་གཞི་བཟང་ཞིང་གཉིས་ཀར་དེང་དུས་སློབ་སྦྱོང་གི་ཆུ་ཚད་མཐོ། ལྷག་པར་དུ་ང་ལ་ར་གན་གསེར་རློམ་གྱི་དད་འདུན་ཧ་ཅང་ཆེ། དགུང་མོ་ཚུ་ཚོད་བདུན་པར་ངས་བོད་ཟས་འཐེན་ཐུག་བསྐོལ་སྟངས་བསླབ་ནས་ང་ཚོ་གསུམ་འཐེན་ཐུག་མཉམ་དུ་བསྐོལ་བཞིན་ཐབ་ཚང་ནི་གད་མོས་འུར་སྒྲས་ཁེངས། ཁོང་བཟའ་མི་གཉིས་ནས་ང་མི་བཟང་རབས་དང་ཡག་རབས་ང་ཡི་འཐེན་ཐུག་དེ་ཧ་ཅང་ཞིམ་རབས་སོགས་འུར་སྟོད་ལུང་པ་གང་བྱེད་བཞིན་འཐེན་ཐུག་ནི་ར་མ་ཚྭ་ཆུ་དང་འཕྲད་པ་ལྟར་ལྷག་ལུས་མེད་མཉམ་འཐུང་བྱས། གང་ལྟར་ད་ནུབ་ང་ཚོ་གསུམ་པོའི་བྲོད་གོག་དེ་འཐེན་ཐུག་གིས་ཡོངས་སུ་གང་། དེ་ནས་ང་ཚོ་གསུམ་རྐུབ་སྟེགས་ཐོག་ཏུ་བསྡད་ནས་ཁ་བརྡ་ལ་རོལ་བཞིན་པའི་སྐབས་སུ་ཀརྨ་ཡེ་ཤེས་ཀྱིས་ངས་ཉོས་ནས་ལོ་འགའ་སོང་བའི་ལག་འཛིན་ཁ་པར་གོག་པོ་ཨ་ཡེ་ཧྥོན་ལྔ་པ་དེར་བལྟ་ཙམ་བྱས་ནས། "ཁྱེད་རང་ལ་དེ་རིང་ངས་ཁ་པར་གསར་པ་ཞིག་ཉོ་གི་ཡིན།"ཅེས་བཤད། ངས་གནས་སྐབས་ཁ་པར་འདི་བུ་མོའི་ཚོད་མག་པའི་དཔེ་ལྟར་འཚམས་པོ་ཡོད་པ་མ་ཟད། བཀོལ་སྤྱོད་ཀྱང་ཧ་ཅང་བདེ་བོ་ཡོད་པས་ཁ་པར་མི་དགོས་ཇི་ཙམ་བཤད་ཀྱང་མ་ཕན་ནས་དེ་མ་ཐག་ཁ་པར་ཉོ་སའི་ཚོང་ཁང་དུ་བཙན་གྱིས་ཁྲིད། དེང་དུས་ཐོན་གསར་ཨ་ཡི་ཧྥོན་   iPhone 7 Plus གསར་ཐོན་ཅན་ཞིག་ཉོས་ནས་སྤྲད། མ་ཟད་ཟླ་རེའི་ཁ་པར་གྱི་གླ་ཆ་སོགས་ཀྱང་ཁོང་གཉིས་ནས་སྤྲད་རྒྱུ་བྱས་སོང་། སྤྱིར་བཏང་མི་རིགས་དཀར་པོ་འདི་རྣམས་རང་གར་བག་མེད་མི་ལ་རྒྱུ་ནོར་སྤྲད་པ་ནི་ཧ་ཅང་དཀོན། སྐབས་རེ་ཉིན་གང་པོའི་ཆོས་བཤད་ཀྱི་བཏང་རག་མནྡལ་གྱི་སྐབས་སུ་ཡང་ཤེལ་རྡོ་དང་མེ་ཏོག་ཙམ་ལས་དངུལ་སྤྲད་པའི་ལུགས་སྲོལ་དེ་ཙམ་མེད། ད་རེས་དགེ་ཕྲུག་བཟའ་མི་གཉིས་ནས་སྤྲོ་བས་ཀུན་ནས་བསླང་སྟེ་བན་རྒན་ང་ལ་སྔར་མེད་ཀྱི་ལག་འཛིན་ཁ་པར་སྤུས་ལེགས་ཤིག་སྤྲད་པ་ལ་ངས་ཀྱང་། (ཐུགས་རྗེ་ཆེ།) ཞེས་པའི་བེད་སྤྱོད་ཅན་གྱི་ཚིག་བཟང་འདི་འཇམ་པོའི་སྒོ་ནས་ལེགས་སྐྱེས་ཀྱི་ཚུལ་དུ་འབུལ་བ་ལས་གཞན་བྱ་ཐབས་གང་ཡང་མ་བྱུང་  གང་ལྟར་དེ་རིང་གི་ཁ་པར་དེ་ནི་བཟའ་མི་གཉིས་པོའི་སྔ་ནས་ང་ལ་ཉོ་དགོས་བསམ་པའི་ཀུན་སློང་མེད་སྟབས་ད་རེས་ཁྱད་མཚར་བོ་ཞིག་ལ་དགུང་ཟས་འཐེན་ཐུག་རྡི་ཁོ་གང་གིས་ཁ་པར་སྤུས་ལེགས་ཞིག་ཁུག་པ་ལྟ་བུ་བྱུང་ཞེས་མཚར་རྩེད་ཀྱི་ཚུལ་དུ་བཤད། ཁོ་རང་གཉིས་ནས་ཀྱང་མཚར་རྩེད་དང་སྦྲག་ཁྱེད་རང་གི་འཐེན་ཐུག་དེ་ཧ་ཅང་གོང་ཆེན་རེད་འདུག་ཟེར། 

ཁྱེད་ལ་དགའ་བའི་འཐེན་ཐུག་ང་ཡིས་བཟོས།། 
ང་ལ་དགའ་བའི་ཁ་པར་ཁྱེད་ཀྱིས་ཉོས།། 
ཕན་ཚུན་དགོས་མཁོ་བརྗེ་རེས་བྱས་པ་འདིར།། 
སུ་ཡིས་སུ་ལ་ཐུགས་རྗེ་ཆེ་ཞེས་ཟེར།། 




2 comments:

  1. ཀུན་སློང་དེ་ལྟར་མིན་ཀྱང་དེ་འདྲ་བོ་ཆག་ཤོར་སོང་ལགས།

    ReplyDelete