Saturday, March 11, 2017

སུམ་བཅུའི་དུས་དྲན་ཐེངས་མ་ང་བརྒྱད་པ།

སུམ་བཅུའི་དུས་ཆེན་ཐེངས་མ་ལྔ་བཅུ་ང་བརྒྱད་པ་སྲུང་གཙི་བྱས་པའི་ཉིན་མོ། 
ཁར་རྩང་སྟེ། གུས་པའི་ཆོས་ཚོགས་འཇམ་དབྱངས་ཆོས་འཁོར་གླིང་ནས་གོ་སྒྲིག་ལྟར་སུམ་བཅུའི་དུས་དྲན་ཐེངས་མ་ང་བརྒྱད་པ་དེ་སྲུང་གཙི་ཞུས། ས་གནས་འདིར་གཉུག་མར་གནས་བསྡོད་བྱེད་མཁན་ང་དང་། བལ་ཡུལ་ནས་འབྱོར་བའི་བོད་པ་མི་ཚང་གཅིག་དང་། གཟའ་ཟླ་ཨ་རི་བ་ཡིན་པའི་སྐྱེ་དམན་ཞིག་བཅས་མི་འགའ་ཤས་ལས་མེད་ཀྱང་ང་ས་གནས་འདིར་འབྱོར་ནས་ལོ་དྲུག་རིང་རྒྱལ་བའི་འཁྲུངས་སྐར་གཙོས་བོད་པའི་སྲོལ་རྒྱུན་གྱི་གལ་ཆེའི་དུས་ཆེན་ཁག་གཏན་ནས་ཆད་མྱོང་མེད། ལྷག་པར་དུ་ཁར་རྩང་གི་ཉིན་མོ་སུམ་བཅུའི་དུས་དྲན་འདི་ནི་ཆེས་གལ་ཆེན་དུ་སྲུང་གཙི་བྱེད་བཞིན་ཡོད། སྐབས་སྐབས་སུ་ཁྲོམ་སྐོར་ལ་འགྲོ་མཁན་མི་གཉིས་གསུམ་རེ་མ་གཏོགས་མེད་པ་བྱུང་མྱོང་། ཁར་རྩང་ནི་ཉིན་རྒྱབ་ཆུ་ཚོད་བཞི་པའི་སྐབས་སུ་ཨ་རིའི་མི་གཙོས་ཕྱི་རྒྱལ་བ་མི་རིགས་འདྲ་མིན་བཞི་བཅུ་ཙམ་ཞིག་དང་བོད་རིགས་ཁ་ཤས་ཞིག་སླེབས་འདུག ལག་ཏུ་སྦྱར་བྱང་འདྲ་མིན་དང་བོད་པའི་གངས་སེང་རྒྱལ་དར་བཅས་ཁུར་ནས་ས་གནས་འདིའི་ཁྲོམ་གཞུང་དུ་སོང་། ལམ་བར་ནས་རླངས་འཁོར་གྱི་ཅོང་བརྡ་ཙིར་ཙིར་གོ་རྒྱུ་ཡོད་པ་དེ་ནི་ང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་བརྡ་རེད་འདུག ད་ལོའི་ལས་འགུལ་གཙོ་བོ་ནི་དོན་ཚན་གསུམ་གྱི་ཐོག་ནས་མི་མང་ལ་མིང་རྟག་བསྡུ་རུབ་བྱས། དོན་ཚན་དང་པོ། སྐྱེ་དགུ་མདོ་ནས་ཡིན་པའི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་དང་། དོན་ཚན་གཉིས་པ། ནག་ཆུ་ཁ་ནས་ཡིན་པའི་ཆབ་སྲིད་བཙོན་པ་གྲྭ་ངག་དབང་རྒྱལ་མཚན། དོན་ཚན་གསུམ་པ། བླ་རུང་ཆོས་སྒར་ཆེན་མོའི་སྐོར་ལ་མིང་རྟག་བསྡུ་རུབ་ཀྱིས་ས་གནས་འདིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་འབུལ་རྒྱུ་བྱས། ད་ལོའི་ཆོས་ཚོགས་ཀྱི་འགན་འཛིན་དེ་གཞུང་འབྲེལ་ཅན་ཞིག་དང་མ་ཟད་ལས་ཀ་ཧ་ཅང་འཇོན་པོ་ཅན་ཞིག་ཡོད་པས་ལས་ཀ་རྣམས་ཧ་ཅང་ཚག་ཚུད་པོ་འདུག དགུང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཆོས་ཚོགས་སུ་འཛོམས་ནས་བདེན་ཚིག་སྨོན་ལམ་དབྱིན་སྐད་ཐོག་འདོན་བཅུག ངན་དགུ་འཇོམས་པའི་ཁྲག་དང་མཆི་མའི་རྒྱུན།། མྱུར་དུ་ཆད་པའི་ཐུགས་རྗེས་མཐུ་དཔུང་བསྐྱེད།། ཅེས་པའི་ཚིག་མཚམས་གྱི་སྐབས་སུ་མི་རྣམས་དབུ་ཧར་འཕེན་བྱེད་པ་དང་འགའ་ཤས་ཀྱི་མིག་ནས་མཆི་མ་འདོན་བཞིན་འདུག འདོན་པ་ཚར་མ་ཐག་ངས་བོད་ནང་གི་ད་ལྟའི་དཀའ་ངལ་གང་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་དབུ་མའི་ལམ། ད་ལྟའི་རྒྱལ་བཅེས་ཀྱི་འགྱུར་ལྡོག་སོགས་གང་ཤེས་བཤད་པས་མི་མང་སེམས་འགུལ་ཐེབས་པོ་བྱུང་། དེ་ནས་ངོས་ཀྱི་སྐྱེ་སྐར་རྫུན་མ་དེ་ཉིན་མོ་འདིར་ཁེལ་ཡོད་སྟབས་ཆོས་ཚོགས་དང་སློབ་མ་རྣམས་ཀྱིས་སྔ་ནས་གྲ་སྒྲིག་ལྟར་འོ་སྤྲིས་རྩབ་ཧྲལ་ལ་གཏང་ཞིང་། སྐྱེ་སྐར་དེང་དུས་ཀྱི་ལུགས་སྲོལ་ལྟར་འུར་དིར་གྱིས་བསུས། ཆོས་ཚོགས་ཀྱིས་གྲ་སྒྲིག་བྱས་པ་ལྟར་བཟའ་བཏུང་གང་འདོད་ལ་རོལ། མཇུག་ཏུ་ངས་དེ་རིང་སུམ་བཅུ་དུས་དྲན་ལ་ཕེབས་མཁན་ཡོངས་ལ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞེས་ཞུས་ནས་དེ་རིང་གི་མཛད་སྒོ་དེ་གནས་སྐབས་རྒྱལ་ཁའི་ངང་ནས་གྲོལ།། ད་ནངས་ཞོགས་པ་ཁ་པར་གྱི་ཐིར་སྒྲ་ཞིག་ཡོད་དེ་ནི་རྒྱལ་ས་ཝ་ཤིང་ཊོན་ཨ་རིའི་རླུང་འཕྲིན་ཁང་ནས་རེད། རླུང་འཕྲིན་པ་མདོ་འཛིན་ནས་ཁ་སང་ས་གནས་འདིའི་ཁྲོམ་སྐོར་དང་སུམ་བཅུའི་དུས་དྲན་མཛད་སྒོའི་སྐོར་རེད་འདུག ངས་ཀྱང་སྐར་མ་བརྒྱད་ཀྱི་རིང་མདོར་བསྡུས་བཤད་ཁུལ་བྱས། དོ་ནུབ་ཆུ་ཚོད་དྲུག་པའི་སྐབས་སུ་རྒྱངས་སྲིང་བྱེད་ཀྱི་ཡིན་སྐད་འདུག།

ང་ནི་མི་ཞིག་ཡིན། ང་ལ་བདེ་སྡུག་ཡོད། ང་ནི་བོད་རིགས་ཡིན། ངས་ཡ་རབ་བྱེད། ང་ནི་གྲྭ་པ་ཡིན། ངས་ཆོས་བྱེད། ང་ནི་མཁན་པོ་ཡིན། ངས་ཆོས་བཤད་བྱེད། ནི་བོད་པ་ཡིན། ངས་བོད་དོན་སྒྲོག།  ང་ནི་སྐྱབས་བཅོལ་བ་ཡིན། ངས་དུས་ནམ་ཡང་ཕ་ཡུལ་མི་བརྗེད། 






No comments:

Post a Comment