Wednesday, September 23, 2015

ཐར་རྒྱན་ཆོས་ཁྲིད་བྱས་པའི་ཉིན་མོ།



ལོ་འགའ་ཡི་སྔོན་ནས་ངོས་ཀྱི་དགེ་ཕྲུག་ཁ་ཤས་ཀྱིས་རེ་བ་ལྟར་རེས་གཟའ་ལྷག་པའི་ཉིན་མོ་འདི་ནི་མཉམ་མེད་དྭགས་པོའི་ཐར་རྒྱན་ཆོས་ཁྲིད་བྱས་ནས་དེ་རིང་བདུན་ཕྲག་དྲུག་པ་དེ་ཡིན། བོད་བརྒྱུད་ནང་ཆོས་ལ་ཉམས་ལེན་ཚུལ་བཞིན་བྱེད་མཁན་ཞིག་ཡོད་ན་མཉམ་མེད་དྭགས་པོའི་ཐར་རྒྱན་དང་། རྗེ་རིན་པོ་ཆེའི་ལམ་རིམ་སོགས་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་མཐོང་། འདི་ལྟ་བུའི་གཞུང་བཟང་པོ་རེ་ལ་སློབ་སྦྱོང་བྱེད་ཐུབ་ན་ད་གཟོད་བོད་བརྒྱུད་ནང་བསྟན་གྱི་ཆོས་དེ་ལ་ཐུན་མིན་གྱི་བྲོ་བ་ཞིག་མྱོང་ཐུབ། དེ་མ་ཡིན་པར་དེང་སང་བོད་ཀྱི་ལུང་པ་འགའ་རུ་རྒྱ་བླ་དང་དབྱིན་བླ་ཞེས་ཕྱི་རྒྱལ་དང་རྒྱ་ཡི་གྲོང་ཁྱེར་དུ་འདུག་མཁན་གྲྭ་བཙུན་ཞིག་ཡིན་ནས་བཟུང་ལྟས་ངན་བཅོ་བརྒྱད་ཀྱི་གྲངས་སུ་བགྲངས་ནས་མཐའ་གཅིག་ཏུ་སྡོམ་ཉམས་དང་ལྟ་ལོག་ཡིན་པའི་ཁྱབ་མཐའ་འཇོག་པའི་དུས་སྐབས་འདིར་ཡུལ་ལ་ཕན་ཐོག་མིན་ཙམ་མ་ཡིན་པར་ཆོས་དགེ་རང་ཉིད་ཀྱི་ངོས་ནས་ཀུན་སློང་བསམ་པ་རྣམ་དག་གིས་ཆོས་ཀྱི་མུ་གེས་མནར་བའི་དོན་གཉེར་ཅན་འདི་རྣམས་ལ་བྱམས་པ་དང་སྙིང་རྗེ་རྒྱབ་ཏུ་ཁུར། རྒྱུ་འབྲས་དང་དམ་ཚིག་དཔང་དུ་བཙུགས། ངོ་ཚ་དང་ཁྲེལ་གཞུང་ཐོད་དུ་བཅིངས་ནས་རས་ཆོད་དང་གཟུ་ལུམ་གྱི་དབང་དུ་མ་སོང་བར་རང་གང་ཤེས་ཀྱི་ཆོས་མ་མཐར་ཤོ་ལོ་ཀ་རེར་བཤད་པ་ན་བླ་སློབ་གཉིས་ཀའི་བསོད་ནམས་བསགས་པའི་རྒྱུ་རུ་འགྱུར་རོ། རྗེ་རིན་པོ་ཆེའི་ལམ་རིམ་སྨོན་ལམ་ལས། 
བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་ཅིང་།། 
ཁྱབ་ཀྱང་ཉམས་པར་གྱུར་པའི་ས་ཕྱོགས་དེར།། 
སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་བྱས་ནས།། 
ཕན་བདེའི་གཏེར་དེས་གསལ་བར་བྱེད་པར་ཤོག། 
ཅེས་གསུངས་པ་ལྟར་སློབ་ཚོགས་ཁྲི་སྟོང་མང་པོའི་ཁ་ལོ་བསྒྱུར་མ་ཐུབ་ཀྱང་རང་འཁོས་ནུས་ཚོད་གང་ཟག་རེ་ཟུང་གི་རྒྱུད་ལ་དགེ་སེམས་ཉག་མ་རེ་སྐྱེ་ཐུབ་ན་བསམ་ནས་ཨུ་ཚུགས་རྒྱག་བཞིན་ཡོད། ལྷག་པར་དུ་དྭགས་པོའི་ཐར་རྒྱན་འདིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ནི་རྒྱུ་དང་རྐྱེན་དང་རྟེན་སོགས་ནས་རིམ་བཞིན་རྩ་བའི་ས་བཅད་ཀྱི་འགྲོས་ལྟར་འགྲེལ་བཤད་བྱེད་ཡོང་དུས་སེམས་ལ་འཇུག་པོ་ཞིག་ཡོང་གི་འདུག 
གཞུང་གི་རྩ་བའི་ས་བཅད་ནི། 
རྒྱུ་ནི་བདེ་གཤེགས་སྙིང་པོ་ཡིན།། 
རྟེན་ནི་མི་ལུས་རིན་ཆེན་ཡིན།། 
རྐྱེན་ནི་དགེ་བའི་བཤེས་གཉེན་ཡིན།། 
ཐབས་ནི་དེ་ཡི་གདམས་ངག་མཆོག། 
འབྲས་བུ་རྫོགས་སངས་རྒྱས་ཀྱི་སྐུ།། 
ཕྲིན་ལས་རྟོག་མེད་འགྲོ་དོན་མཛད།། 
ཅེས་ཚིག་ཉུང་ལ་དོན་འདུས་པ། དོན་གྱིས་གནད་སྟོན་ཅིང་བྱིན་རླབས་ཆེ་བའི་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ལྟ་བུ་ཞིག་འཆད་ཁྲིད་བྱེད་རྒྱུའི་གོ་སྐབས་རག་པ་ནི་མི་ལ་ཕན་ཐོག་བྱུང་མིན་ལ་མ་ལྟོས་པར་རང་ངོས་ནས་ཧ་ཅང་བསྐལ་པ་བཟང་པོ་བྱུང་། དེ་རིང་ནི་ས་བཅད་གཉིས་པ། རྟེན་ནི་མི་ལུས་རིན་ཆེན་ཡིན།། ཅེས་པའི་ས་བཅད་གཉིས་པའི་ནང་ནས་འགྲེལ་བཤད་དང་སྦྲག་མཐར་དྲི་བ་དྲིས་ལན་སོགས་ཀྱིས་དེ་རིང་གི་ཆོས་མཚམས་དེ་རེ་ཞིག་གྲུབ་པར་བྱས། ཟུར་བཅར་བ་རྣམས་ལ་བཀའ་བསྒོ་དང་ཁ་བརྡ་སོགས་བྱས་པས་དེ་རིང་གི་ཆོས་ཐུན་དེས་མི་མང་ཧ་ཅང་དགའ་བོ་བྱུང་འདུག།  

No comments:

Post a Comment