Thursday, December 25, 2014

བདེ་ཆེན་དབྱངས་སྐྱིད་འབྱོར་བའི་ཉིན་མོ།

ཚ་མོ་བདེ་ཆེན་དང་ལྷན་དུ།
ངོས་ཀྱི་ཚ་མོ་བདེ་ཆེན་དབྱངས་སྐྱིད་དགུན་ཁའི་སློབ་གྲྭའི་གུང་སང་དང་བསྟུན་ང་ལ་ཐུག་འཕྲད་ལ་འབྱོར། བདེ་ཆེན་དབྱངས་སྐྱིད་ནི་ཕྱི་ལོགས་སུ་ངོས་ཀྱི་ཚ་མོ་ཆུང་ཤོས་དེ་ཡིན། ཨ་རིར་འབྱོར་ནས་ཕལ་ཆེར་ལོ་གཅིག་ལྷག་ཙམ་ཕྱིན་ཡོད། དེང་སང་ Pennsylvania མཐོ་རིམ་སློབ་གྲྭ་ Bucknell University ནང་དུ་སེམས་ཁམས་རིག་པ་དང་སྐྱེ་དངོས་རིག་པའི་སྐོར་སློབ་སྦྱོང་བྱེད་བཞིན་ཡོད། 
ང་ནི་ཉིན་ཤས་གོང་ནས་ཕྱི་ནང་གི་ལས་ཀའི་བྲེལ་ཟིང་གི་རྐྱེན་ལྷོད་དལ་དུ་བསྡོད་ཁོམ་གཏན་ནས་མ་བྱུང་། གང་ཡིན་ཟེར་ན་དེང་སང་ས་གནས་འདིར་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དང་དུས་ཆེན། ངོས་ཀྱི་ཡོང་ལ་ཉེ་བའི་ལོ་གསར་གྱི་མཚམས་དང་ཆོས་ཁྲིད་སོགས་སྟབས་གཅིག་ཏུ་ཁེལ་བས་ཡིན། 
ཁར་ནུབ་ཡེ་ཤུའི་འཁྲུངས་སྐར་གྱི་ཉིན་མོར་ངོས་ཀྱི་སྦྱིན་བདག་རྡེའུ་ར་ནས་གྲ་སྒྲིག་བྱས་པ་ལྟར་ཨ་རི་ཤ་མེད་ཟ་ཁང་ཞིག་ནང་དུ་མི་གྲངས་བཅོ་ལྔ་ཙམ་གྱི་ལྷན་དུ་དགོང་ཟས་ལ་མཉམ་རོལ་བྱས། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་འཆར་ཅན་ལྟར་དུ་ཡོད་པའི་རྒྱ་གར་གྱི་ཡོ་ག་ལུས་སྦྱོང་དེར་མཉམ་ཞུགས་བྱས། 
དེང་སང་མི་ཚང་མ་ཡེ་ཤུའི་འཁྲུངས་སྐར་གྱི་དུས་ཆེན་ལ་ཁེལ་ནས་ནང་མི་མཉམ་འཛོམས་དང་ལག་རྟག་སྤྲོད་རེ་སོགས་བྱེད་སྲོལ་ཡོད་པ་ལྟར་ང་ལ་ཡང་དགེ་ཕྲུག་རྣམས་ནས་ཤིས་ཤོག་དང་། ལག་རྟག་སྤྲད་མཁན་མི་ཉུང་བ་བྱུང་། 
ཆེས་ཡ་མཚན་པ་ཞིག་ལ་ཡེ་ཤུའི་སྐྱེ་སྐར་ཉིན་མོ་འདིར་དེང་སང་དྲྭ་ལམ་ཁག་དང་ངོ་དེབ་སོགས་ནས་རང་ཉིད་བཀྲུས་ན་མ་དག་པའི་མི་རིགས་བོད་པ་དང་མ་ཟད་ཆོས་ལུགས་ནང་པ་ཡིན་པའི་ཕྱི་བསྡོད་བོད་རིགས་བཅོལ་ཆུང་ཀླད་མེད་འགའ་ཡིས་མགོ་སེར་རྣམས་ཀྱི་ལུགས་སྲོལ་ལྟར་ཁང་སྦུག་ཏུ་ཤིང་སྡོང་གཤམས་པ་དང་། སྒོ་འགྲམ་གཡས་གཡོན་རྣམས་སུ་གློག་སྒྲོན་སྤར་བ། ལག་རྟགས་སྤྲད་རེས་བྱེད་པ་སོགས་ཡེ་ཤུའི་ཆོས་ལུགས་རྗེས་འབྲངས་ཞིག་གིས་ཇི་ལྟར་བྱས་པ་ནང་བཞིན་བྱེད་པ་འདིར་ཞིབ་འདིང་ཞིག་རྒྱབ་ན་བསམ་ཚུལ་འདི་འདྲ་བྱུང་། 
སྤྱིར་གཏང་འཛམ་བུའི་གླིང་གི་ཆོས་ལུགས་རྣམས་འཆམས་མཐུན་དང་རིས་མེད་བྱེད་རྒྱུ་དེ་ནི་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་འགན་ཁུར་རམ་རྩ་བའི་དམ་བཅའ་གསུམ་གྱི་ཡ་གྱལ་ནང་གསེས་ཞིག་ཡིན་པ་མ་ཟད་དོན་དངོས་སུ་ཆོས་ལུགས་གང་ན་སུ་ཡོད་པ་རྣམས་སྐྱེ་བ་ཕྱི་མ་འདོད་མིན་ལ་མ་ལྟོས་པར་འཛམ་གླིང་ཁྱིམ་ཚང་འདིའི་སྒང་དུ་གནས་པའི་མི་འབོར་དུང་ཕྱུར་བདུན་བཅུའི་གཙོར་བྱས་སྲོག་ཆག་སྐྱེ་འགྲོ་གྲོག་སྦུར་ཚུན་ཆད་ཀྱི་བདེ་སྡུག་གི་འགན་འཁྲིར་བསམ་ནས་འཆམས་མཐུན་གྱི་ཆོས་ལུགས་དང་འཚེ་མེད་ཀྱི་ཆོས་ལུགས་ཞིིག་ཏུ་ཡོང་རྒྱུ་ཧ་ཅང་གལ་ཆེ། ཡིན་ནའང་རང་ཉིད་གང་དུ་སྐྱེ་སའི་ཁོར་ཡུག་དང་རིག་གཞུང་སོགས་ནི་མི་བུ་རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་དུ་ཐིམ་པ་མ་ཟད་ཆོས་ལུགས་ནི་མི་ཡི་ཚེ་སྲོག་ལས་རིན་ཐང་ཆེ་བར་གྱུར་ཡོད། རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་ནང་དུ་ཐིམ་ཟིན་པའི་རིག་གཞུང་དང་ཆོས་ལུགས་ནི་གནས་སྐབས་འཕྲལ་སེལ་གྱི་ཆེད་དུའམ་ཚེ་འདིའི་ལྟོ་གོས་ཀྱི་ཆེད་དུ་བསྒྱུར་བ་ཡིན་ན་གཏན་ནས་མི་འགྲིག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ཕྱི་རྒྱལ་མགོ་སེར་ནང་པ་གསར་པ་རྣམས་ལ་ཆོས་ལུགས་མ་བསྒྱུར་ཞེས་ཡང་ནས་ཡང་དུ་གསུང་གི་ཡོད་པ་འདི་ཡིན། 
བོད་རིགས་རྣམས་ཀྱང་དེ་བཞིན་དུ་རང་གི་ཆོས་ལུགས་ཀྱི་དུས་ཆེན་ཁག་དང་རང་གི་སྟོན་པའི་འཁྲུངས་སྐར་སྲུང་གཙི་བྱེད་རྒྱུ་ལས་གཞན་པའི་ཆོས་ལུགས་དང་སྟོན་པའི་སྲུང་གཙི་བྱེད་རྒྱུ་འདི་ནི་རང་ཉིད་ལ་བུ་ཡོད་བཞིན་དུ་གཞན་གྱི་བུ་མོ་པང་དུ་ལེན་དགོས་དོན་གཏན་ནས་མེད། དེང་སང་འུར་འུར་ཟིང་ཟིང་གིས་ཡེ་ཤུའི་འཁྲུངས་སྐར་སྲུང་གཙི་་བྱེད་བཞིན་པའི་བོད་རིགས་ནང་པ་འདི་རྣམས་ལ་ངས་འདི་འདྲི། ཀ་ཡེ་སངས་རྒྱས་བཅོམ་ལྡན་འདས་ག་དུས་འཁྲུངས་པ་རེད། དྲིས་ན་ཕལ་ཆེར་གྱིས་ལོ་ཟླ་ཞག་དུས་སོགས་ལན་སྟེར་རྒྱུ་མི་རྙེད་དེ་ནི་ང་ཚོ་ནང་པ་བ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་ཉིད་ཡེ་ཤུའི་འཁྲུངས་སྐར་ནང་བཞིན་འཛམ་གླིང་གི་ལྡིང་ཆའི་སྒང་དུ་སྐྱལ་མ་ཐུབ་པས་ལན་པ་ཡིན། ད་ནས་བཟུང་སྟེ་ང་ཚོས་ཀྱང་སངས་རྒྱས་ཀྱི་འཁྲུངས་ཚིག་གཅིག་བསྒྱུར་བཟོ་ནས་མ་འོངས་པར་འཁྲུངས་སྐར་ལ་ཤིས་ཤོག་འདྲ་མིན་རེ་དྲྭ་ལམ་ཁག་ཏུ་མཐོང་རྒྱུ་ཡོད་ན་ཅི་མ་རུང་། 

བཅོལ་ཆུང་བོད་རིགས་འགའ་ཡིས།། 

ཁྱིམ་ལ་ཤིང་སྡོང་གཤམས་ཤིང་། 
སྒོ་རུ་གློག་སྒྲོན་སྤར་ནས།། 
ཡེ་ཤུའི་འཁྲུངས་སྐར་བསུས་སོང་།

སངས་རྒྱས་འཁྲུངས་སྐར་ལོ་ཚིག། 

དྲིས་ན་ཤེས་མཁན་མི་འདུག། 
ཤེས་ཀྱང་བསུ་མཁན་མི་འདུག། 
བསུས་ཀྱང་རྒྱས་སྤྲོས་མི་འདུག།

No comments:

Post a Comment