Wednesday, March 4, 2020

ད་ནུབ་རྨི་ལམ་ནང་ནས་ཡང་སྐྱར་རྩ་བའི་བླ་མ་མཇལ་བ།


ས་གནས་འདིར་འབྱོར་ནས་བཟུང་ཆོས་ཚོགས་ཀྱིས་གོ་སྒྲིག་འོག་ལོ་ལྟར་རེ་ཞིག་ཉིན་འགའ་ཤས་རིང་ཆོས་གྲོགས་རྣམས་དང་ལྷན་མཚམས་ལ་འདུག་གི་ཡོད། ད་ལོ་ཡང་སྤྱི་ཟླ་གཉིས་པའི་ཚེས་བཅུ་གསུམ་ནས་བཅུ་དྲུག་བར་ཆོས་གྲོགས་ཕོ་མོ་རྣམས་དང་ལྷན་མཚམས་ལ་འདུག་རྒྱུའི་གོ་སྐབས་བྱུང་། འདི་ལོའི་མཚམས་ཆོས་སུ་རྫ་དཔའ་སྤྲུལ་རིན་པོ་ཆེས་མཛད་པའི་མཐར་ཐུག་རྫོགས་པ་ཆེན་པོའི་སངས་རྒྱས་པའི་ཐབས་ཟབ་མོ་བསྒོམ་པ་རང་གྲོལ་ཞེས་བྱ་བ འདི་ཉིད་ཀྱི་ཐོག་ནས་གང་ཤེས་འཆད་ཁྲིད་བྱས། རེས་གཟའ་སྤེན་པ་ཉིན་མོ་ངོས་ཀྱི་ཆོས་གྲོགས་མཁས་དང་གྲུབ་པའི་དབང་ཕྱུག་ཨ་གནམ་ཐུབ་བསྟན་རིན་པོ་ཆེ་ཕེབས་ནས་མི་མང་ལ་ཤེས་རབ་སྙིང་པོའི་གསུངས་ཆོས་བཅས་གནང་ནས་ཉིན་བཞིའི་རིང་འདི་ལོའི་མཚམས་ལེགས་པར་གྲུབ་ནས་སྤྱི་ཚེས་བཅུ་དྲུག་དགུང་མོར་ཆོས་ཚོགས་སུ་འབྱོར། ཉིན་བཞིའི་རིང་ཆོས་ཁྲིད་དང་འདོན་པ། ཆོས་ཚོགས་ཀྱི་ཅ་དངོས་དབོར་འདྲེན་སོགས་ལས་ཀ་མང་དྲགས་པའི་རྐྱེན་གྱིས་གཟུགས་པོ་ཅུང་ཐང་ཆད་འདུག་པས་ནམ་རྒྱུན་དང་མི་འདྲ་བ་སྔ་ཉལ་བྱས་པ་ཡིན། 
ཞོགས་པ་ཆུ་ཚོད་བཞི་ཙམ་གྱི་སྐབས་སུ་རྨི་ལམ་འདི་འདྲ་ཞིག་རྨིས་བྱུང་། བཀའ་དྲིན་འཁོར་མེད་དྲིན་ཅན་རྩ་བའི་བླ་མ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་སྐུ་ཤ་སྐམ་ལ་སྐུ་གཟུགས་ཆུང་ཡང་ཞལ་གྱི་དཀྱིལ་འཁོར་ལ་འཛུམ་མདངས་ཀྱིས་ཁེངས་ཞིང་། སྐུ་ལ་ཆོས་གོས་དམར་སེར་དང་དབུ་ལ་དྭགས་པོའི་སྒོམ་ཞྭ་མནབས་ཞིང་ས་ཆ་ངོས་ཀྱི་སྐྱེ་ཡུལ་ཁམས་ནང་ཆེན། མདོ་ཁམས་གཞུང་ཞེས་དབྱར་དུས་མེ་ཏོག་སྣ་ཚོགས་ཀྱིས་རབ་ཏུ་ཁེངས་པའི་ས་ཞིག་ནས་འཁོར་སློབ་མ་བརྒྱ་སྐོར་ཞིག་དང་ལྷན་དུ་མཇལ་བ་རྨིས། མཇལ་མ་ཐག་ཏུ་སེམས་ལ་དགའ་བ་དཔག་མེད་ཅིག་སྐྱེས། རིན་པོ་ཆེའི་ཕྱག་ཏུ་རྡོ་རྗེ་དང་དྲིལ་བུ་འཛིན་ནས་ས་གནས་དེར་བྱིན་རླབས་གནང་ཞིང་འདོན་པ་འདྲ་གསུངས་ནས་བཞུགས་འདུག། འདོན་པ་གྲུབ་མ་ཐག་སློབ་མ་རྣམས་བང་སྒྲིག་ནས་སྐུ་མདུན་དུ་བཅར། རིན་པོ་ཆེས་སློབ་མ་རྣམས་ཀྱི་མགོ་ཐོག་ཏུ་རྡོ་རྗེ་འཇོག་བཞིན་བྱིན་རླབས་གནང་བཞིན་འདུག། ང་ཡང་བང་སྒྲིག་ནས་མགོ་བོ་སྒུར་ཞིང་། ཐལ་མོ་སྙིང་ཁར་སྦྱར་ནས་བྱིན་རླབས་ཞུས་པས་ང་ལ་སྤྱན་གྱིས་ཐད་ཀར་གཟིགས་ནས་མགོ་བོར་རྡོ་རྗེ་འཇོག་བཞིན་འདི་ལྟར་གསུངས། 
(ཆོས་ལ་བརྩོན་འགྲུས་དང་། འཁོར་སློབ་ལ་བཟོད་སྲན། ཉམས་ལེན་ཀྱི་སྙིང་པོ་རང་སེམས་རང་གིས་འདུལ་སྦྱོང་གྱིས། སེམས་ལ་དགག་སྒྲུབ་དང་སྤང་བླངས་སོགས་གང་ཡང་མི་དགོས། མ་ཡེངས་པར་དྲན་པའི་རང་སོ་ཟིན་པར་གྱིས་དེ་ལས་ལྷག་པའི་སྒོམ་ཞིག་ལོགས་སུ་མེད།) ཅེས་གསུངས་སོང་། 
ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་གཉིད་སད་བྱུང་བས་སེམས་ལ་སྔར་མེད་ཀྱི་བདེ་བ་ཁྱད་པར་ཅན་ཞིག་གིས་ཁེངས་འདུག། 

དེ་ནི་ལུས་ཡིན་ཏེ། རྫོགས་པའི་སངས་རྒྱས་མི་གཟུགས་སུ་བསམ་བཞིན་དུ་ཕེབས་པ་འཁོར་བའི་འདམ་ནས་ཐུགས་རྗེའི་ཕྱག་གིས་ཐར་པའི་ཐེམ་སྐས་སུ་འཇོག་མཁན། ས་སྟེང་ལ་བླ་མ་བརྒྱ་ཡོད་ཀྱང་། སེམས་ཐོག་ཏུ་བླ་མ་གཅིག་ཞེས་པའི་དཔེ་ལྟར། བཀའ་དྲིན་འཁོར་མེད་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་གཟུགས་སྐུ་རེ་ཞིག་བདག་དང་ཁ་བྲལ་དུ་ཕྱིན་ཀྱང་། ད་དུང་ཆོས་སྐུ་ཐུགས་རྗེའི་བརྩེ་བས་ལྕགས་ཀྱུས་དུས་ནམ་ཡང་མི་གཏོང་བའི་དན་རྟགས་སུ་ཐ་ན་གཉིད་ཀྱི་རྨི་ལམ་སྐབས་སུ་ཡིན་ནའང་ཡང་ཡང་དངོས་སུམ་དང་མི་གཉིས་པར་མཇལ་བ་འདི་ཨེ་མ་ཧོ། 
ཁ་སང་གི་རྨི་ལམ་འདིར་དཔྱད་པ་ཞིག་བྱས་དུས། འདི་ལོའི་ཉིན་གསུམ་གྱི་ཆོས་ཁྲིད་ལ་རྫ་དཔའ་སྤྲུལ་རིན་པོ་ཆེས་མཛད་པའི། ༼རྫོགས་ཆེན་སྒོམ་པ་རང་གྲོལ༽ཞེས་པའི་ཟབ་ཆོས་འདི་ཉིད་མི་མང་ལ་བཤད་ཁུལ་བྱས། ནམ་རྒྱུན་ཆོས་གང་བཤད་ཀྱང་ཆོས་ཐུན་གྱི་མགོར་རྩ་བའི་བླ་མ་རྣམས་ལ་གསོལ་བ་གདབས་ཞིང་། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ནས་གང་བཤད་རྒྱུའི་ཆོས་དེ་ཉིད་ཀྱང་རང་བཟོ་དང་། ཕོ་ཚོད་ཀྱིས་མ་ཡིན་པར་རང་གི་ཉམས་ལེན་གང་ཤེས་རྣམས་དང་སྦྱར་ནས་དམིགས་པ་རྩེ་གཅིག་ཏུ་བཤད་ཀྱི་ཡོད། 
ད་རེས་རྩ་བའི་བླ་མ་རྨི་ལམ་ནང་དུ་ཡང་སྐྱར་ཐེངས་མ་གཅིག་ལ་མཇལ་བ་དེ་ཡང་ཁ་སང་མཚམས་ཀྱི་སྐབས་སུ་བླ་མ་ཉིད་ཡེ་ཤེས་སེམས་དཔའི་ཚུལ་དུ་ང་ཚོའི་མཉམ་དུ་བཞུགས་ཞིང་ཡེ་ཤེས་ཀྱི་སྤྱན་གྱིས་ངེད་བུ་སློབ་རྣམས་ལ་གཟིགས་ནས་ཉིན་གྲངས་བཞིའི་རིང་ངས་ཆོས་གང་བཤད་པ་དང་སྒྲུབ་པ་སོགས་ལ་ཐུགས་དགྱེས་པའི་རྟགས་སུ་ཡིན་རྒྱུ་རེད་བསམ། ང་ཚོའི་ཆུ་བོར་མིག་གཉིས་ཀྱིས་བླ་མ་མ་མཇལ་ཡང་། ཁོང་གི་ཡེ་ཤེས་ཀྱི་སྤྱན་གྱིས་ང་ཚོའི་མདུན་དུ་ལོང་བའི་དྲུང་དུ་མིག་ལྡན་ལྟར་གཟིགས་ཡོད་རེད། དེ་ལ་ང་ཐེ་ཚོམ་གཏན་ནས་མེད། 
ནམ་རྒྱུན་ང་ཡི་ལས་ཀ་གལ་ཆེན་དང་། ཧ་ཅང་ཐག་ཆོད་དཀའ་བའི་བྱ་བ་གང་ཡིན་ཀྱང་ཉལ་ཁར་བླ་མར་གསོལ་བ་བཏབས་ན་དེར་ནུབ་ངེས་པར་རྨི་ལམ་ཡ་མཚན་ཅན་དེ་འདྲ་ཡོང་གི་ཡོད་པས་རྨི་ལམ་དེ་ལ་ཡིད་ཆེས་བྱེད་ནས་ངས་ཐག་བཅད་བྱེད་ཀྱི་ཡོད། བོད་ཀྱི་ཁ་དཔེར། མི་ལ་བློ་མ་འདྲི། བླ་མར་གསོལ་བ་ཐོབས། ཞེས་གསུངས་པ་ལྟར་རེད། ངས་ནམ་རྒྱུན་བློ་བླ་མར་བཀལ་ནས་གསོལ་བ་རྩེ་གཅིག་མེད་པར་འདེབས་ཀྱི་ཡོད། རྒྱུ་མཚན་དེར་བརྟེན་རྨི་ལམ་ནང་ནས་ཡང་སེ་མཇལ་གྱི་ཡོད། འགའ་ཤས་ཞིག་ནས་རྨི་ལམ་ནི་རྨི་ལམ་རང་རེད། དེ་ལ་ཡིད་ཆེས་ཅི་ཡོད་བསམ་ན། གཅིག་བྱས་ན་ཁྱོད་རང་གི་བསམ་པ་ལྟར་བདེན་པ་རེད། རྨི་ལམ་ནི་མི་བདེན་པའི་སྒྱུ་མའི་དཔེ་བརྒྱད་ནང་གསེས་ཞིག་རེད། ཡིན་ནའང་རྨི་ལམ་ལའང་ཁྱད་པར་ཡོད། རྨི་ལམ་འགའ་ཤས་བླ་མའི་ཐུགས་རྗེའི་བྱིན་རླབས་དང་། ཡི་དམ་གྱི་ལྷ་ཡི་འགྲུབ་རྟགས་སོགས་ལ་གཏན་གཏན་དམིགས་བསལ་བ་ཡོད། རྨི་ལམ་ཕལ་མོ་ཆེ་ནི་ནམ་རྒྱུན་མི་ཚེའི་འཚོ་བའི་ཁྲོད་ཀྱི་བག་ཆགས་རྣམས་མཚན་མོ་རྨི་ལམ་ངོས་ལ་འཆར་གྱི་ཡོད་པས་དེའི་རིགས་ནི་འཁྲུལ་པ་བས་ཀྱང་ཡང་འཁྲུལ་ཡིན་ཅེས་གསུངས་ཡོད། སྤྱིར་གཏང་བཀའ་བརྒྱུད་པའི་བླ་མ་མར་པ་དང་། མི་ལ་རས་པ། སྒམ་པོ་པ་སོགས་ཚང་མར་རྨི་ལམ་གྱི་ལམ་ནས་བླ་མ་བཙལ་བ་དང་། ཐུགས་རྒྱུད་ལ་རྟོགས་པའི་ཡོན་ཏན་སྐྱེ་བ་སོགས་མང་པོ་བྱུང་ཡོད། 
གང་ལྟར་ཀྱང་གསང་སྔགས་ཀྱི་གཞུང་ལས། བླ་སློབ་ཕན་ཚུན་བར་དད་པ་དང་དམ་ཚིག་མ་ཉམས་པར་སློབ་མས་བླ་མར་སྙིང་ནས་མོས་གུས་དང་དད་པ་ཡོད་ན་དེ་བས་ལྷག་པའི་རྣམ་དཀར་གྱི་ཡོད་ཏན་ཞིག་མི་དགོས་གསུངས་པ་ལྟར། ངས་ཀྱང་བཀའ་དྲིན་འཁོར་མེད་བླ་མ་རིན་པོ་ཆེར་ཁ་ཙམ་ཚིག་ཙམ་མ་ཡིན་པར་བློ་བླ་མ་རིན་པོ་ཆེ་འདི་ཉིད་ལ་བཅོལ་བའི་ལག་རྗེས་ངོ་མ་དེ་ཡིན་བསམ། 
དེང་སང་ཆོས་བྱེད་མཁན་འགའ་ཞིག་ནས་དང་པོ་བླ་མའི་མདུན་ནས་རྒྱལ་བ་རྣམས་ཀྱི་དགོངས་བཅུད། ཡི་དམ་གྱི་སྲོག་རྩ། མཁའ་འགྲོའི་སྙིང་ཁྲག་ལྟ་བུའི་རྩ་གསུམ་གྱི་བཀའ་དབང་ཟབ་མོ་རྣམས་དང་། ལྷག་པར་ཕྱག་རྫོགས་སོགས་ཀྱི་གསུངས་ཆོས་རྣམས་ལོ་ཟླ་མང་པོར་ཞུ་ནས་རྗེས་སོར་སོ་སོའི་རང་འདོད་ལྟར་ཅུང་མ་འགྲིག་པ་རེ་བྱུང་ན་བློ་བུར་དུ་བླ་མ་ལ་སྐུར་འདེབས་དང་ལོག་ལྟ་སོགས་བྱེད་མ་དགོས་པ་འདི་ནི་དུས་རབས་འདི་ལ་བསྟུན་ན་ཧ་ཅང་རིན་ཐང་ཅན་གྱི་ཡོན་ཏན་ཞིག་རེད་འདུག་པས་ཧ་ཅང་བསྐལ་པ་བཟང་། 
གང་ལྟར་ཀྱང་ང་ལ་ལྟོས་ན་མེ་ཚེ་འདིར་བློ་བླ་མ་ལ་བཀལ། གྲོགས་མཁའ་འགྲོ་དང་འགྲོགས། ལམ་དམ་པའི་ཆོས་ལ་ཞུགས་པ་འདི་བས་ལྷག་པ་ཞིག་ས་སྟེང་ནས་རྙེད་རྒྱུ་མེད་པས་གདམས་ཀ་འདི་ཉིད་ཀྱི་ལམ་མ་ནོར་བ་ཞིག་བྱུང་འདུག མ་ཤི་ཚེ་རིང་བྱུང་ན་ཚེ་ལྷག་ཕ་རྗེས་བུ་ཡིས་ཟིན་པར་རྗེ་བླ་མ་ཁྱོད་རང་ལྟ་བུར་འགྱུར་བའི་དམ་བཅའ་དང་སྨོན་ལམ་འགྱུར་མེད་རྡོ་རྗེའི་བྲག་རི་ལྟར་བརྟན་པོ་ཡོད། 

མཇུག་བསྡུ་བ་ནི། 
།བློ་ཆོས་སུ་སོང་བ་ཁྱེད་ཀྱི་དྲིན། །ཆོས་ལམ་དུ་འགྲོ་བའང་ཁྱེད་ཀྱི་དྲིན། 
།ལམ་འཁྲུལ་པ་སེལ་བའི་དམ་བཅའ་དང་། །འཁྲུལ་པ་ཡེ་ཤེས་སུ་འཆར་བའི་སྨོན་ལམ་འདེབས། 

།སེམས་གནས་ལུགས་གཉུག་མའི་ཡེ་ཤེས་འདི། །དོན་མ་ཡེངས་རང་བབས་འཇོག་ཤེས་ན།
 །དེས་སངས་རྒྱས་ས་ལ་སྐྱེལ་གསུངས་པ། །གསུངས་རྡོ་རྗེའི་ཚིག་འདིར་བསླུ་བ་མེད། 

།ཕ་བླ་མ་རེ་ཞིག་གཞན་དོན་གཤེགས། །བུ་ས་མཐའི་ཡུལ་ནས་རྒྱངས་འབོད་བྱེད། 
།ཁྱེད་ཡེ་ཤེས་སྤྱན་གྱིས་གཟིགས་ཡོད་ན། །བུ་ད་དུང་མ་བརྗེད་འགྲོ་བའི་མགོན། 

།ལུས་ལེན་ས་མ་ནོར་ཚངས་སྤྱོད་རྟེན། །བློ་བཅོལ་ས་མ་ནོར་བླ་མ་བཟང་། 
།ལམ་འགྲོ་ས་མ་ནོར་དམ་པའི་ཆོས། །ད་དགའ་འོ་སྐྱིད་དོ་ཨེ་མ་རྨད། 

།སེམས་དད་པ་བརྟན་པའི་སློབ་བུ་ལ། མངོན་སུམ་དང་ཉམས་སྣང་རྨི་ལམ་སྐབས། 
།ཕ་བླ་མ་ལུས་དང་གྲིབ་མ་བཞིན། །ལར་བསམ་བཞིན་བུ་ངའི་སྐལ་པ་བཟང་། 

ཉིས་སྟོང་ཉི་ཤུའི་ལོར་སྤྱི་ཟླ་གཉིས་པའི་སྤྱི་ཚེས་བཅུ་གསུམ་ནས་བཅུ་དྲུག་བར་ཉིན་བཞིའི་རིང་རྡོ་རྗེའི་ཆོས་གྲོགས་ཕོ་མོ་རྣམས་དང་ལྷན་དཔའ་སྤྲུལ་རིན་པོ་ཆེས་མཛད་པའི། རྫོགས་ཆེན་སྒོམ་པ་རང་གྲོལ་དང་། བདེ་ཆེན་ཞིང་སྒྲུབ། ཤེས་རབ་སྙིང་པོ། རྗེ་བཙུན་སྒྲོལ་མའི་ཉམས་ལེན་སོགས་དམ་ཆོས་རིན་པོ་ཆེར་ཐོས་བསམ་སྒོམ་གསུམ་མཉམ་དུ་བྱེད་རྒྱུ་བྱུང་ཞིང་མཚམས་གྲོལ་མ་ཐག་སྤྱི་ཚེས་བཅུ་དྲུག་དགོངས་མོར་ཉིན་བཞིའི་རིང་ཆོས་ཁྲིད་དང་འདོན་པ་སོགས་ཀྱིས་ཐང་ཆད་འདུག་སྟབས་སྔ་བོར་ཉལ་སར་སོང་ནས་གཉིད་དུ་ཡུར་བའི་སྐབས་སུ་ཞོགས་པ་ཆུ་ཚོད་བཞི་པ་ཙམ་གྱི་སྐབས་སུ་གོང་གི་རྨི་ལམ་དེས་རྐྱེན་བྱས་ནས་གཉིད་ལས་སད་པའི་སྐབས་སུ་སེམས་ལ་དགའ་ཚོར་འདྲེས་མས་ཁེངས་ནས་བླ་མ་དྲན་དྲགས་པས་མིག་ནས་མཆི་མ་རང་དབང་མེད་པར་ཤོར། ཡ་མཚན་ཅན་གྱི་རྨི་ལམ་དེ་བརྗེད་དུ་དོགས་ནས་བློ་བུར་དུ་མ་འོངས་དྲན་རྟེན་གྱི་ཆེད་དུ་རྗེ་གང་གི་སློབ་འབངས་ཡོངས་ཀྱི་གྲལ་མཐར་གནས་པ་མཁན་མིང་ཙམ་འཛིན་པ་ཀར་བསྟན་ནས་ཉིན་ཐོར་བཀོད་པས་རང་འདྲའི་ལམ་ཞུགས་གསར་བུ་རྣམས་ལ་དཔལ་ལྡན་བླ་མའི་བྱིན་རླབས་མྱུར་དུ་འཇུག་ཅིང་འགྲོ་རྣམས་བདེ་སྐྱིད་རྫོགས་ལྡན་གྱི་སྣང་བས་ཁྱབ་པར་གྱུར་ཅིག། སརྦ་མངྒ་ལམ། བཀྲ་ཤིས་བདེ་ལེགས། 




No comments:

Post a Comment