Saturday, January 25, 2020

སིངྒ་པོར་ནས་མགྲོན་པོ་འབྱོར་བ།


སིངྒ་པོར་ནས་མགྲོན་པོ་འབྱོར་བ། 
ཉིས་སྟོང་གཉིས་ལོར་སིངྒ་པོར་ལ་རྡོག་སྣེ་དང་པོ་དེ་འཐོགས། དེ་ནས་བཟུང་སྟེ་ཕན་ཚུན་གཅིག་ངོ་གཅིག་ཤེས་དང་རྒྱུས་ལོན་སོང་ནས་རིམ་གྱིས་ངོ་ཤེས་དང་ཆོས་གྲོགས་ཇེ་མང་དུ་གྱུར། ཉིས་སྟོང་བཅུ་དྲུག་ལོར་ས་གནས་དེར་བདེ་ཆེན་ཞིང་སྒྲུབ་ཀྱི་ཐེབས་རྩ་གསར་འཛུགས་བྱས། ཐེབས་རྩ་དེ་ཉིད་ཀྱི་རྒྱུད་ནས་རྒྱ་གར་ལྷོ་ཕྱོགས་བདེ་ཆེན་ཞིང་སྒྲུབ་ཆེན་མོར་ལོ་རེའི་འགྲོ་སོང་གི་སྦྱིན་བདག་ནར་གཏོང་གནང་། སིངྒ་པོར་དང་མ་ལེ་ཤཱ་གཉིས་ནི་རྒྱ་གར་བལ་ཡུལ་སོགས་ལ་ཡོད་པའི་བླ་སྤྲུལ་ཉམ་ཆུང་འཁོས་མེད་ང་འདྲ་བ་ལ་ཆད་ས་ནས་མཐུད་མཁན་གྱི་ཐག་པ་དང་། རལ་ས་ནས་ཚེམ་མཁན་གྱི་བསླན་པ་བཅས་ཧ་ཅང་ཕན་ཐོག་ཆེ་ཤོས་ཀྱི་ལུང་པ་དེ་ཡིན་པས་དུས་ནམ་ཡང་བརྗེད་ཐབས་མེད།  
དུས་དེ་ནས་བཟུང་སྟེ་ད་བར་འདས་པའི་ལོ་གྲངས་མང་པོར་ངོས་ཀྱི་བརྩེ་ལྡན་གྱི་ཆོས་གྲོགས་ཕོ་མོ་རྣམས་དང་ལྷན་ཕན་ཚུན་བླ་སློབ་ཀྱི་འབྲེལ་བའི་དམ་ཚིག་གསེར་གྱི་རྡོ་རྗེའི་རྭ་མ་ཆག། དད་དམ་དངུལ་དཀར་གྱི་དྲིལ་བུར་གཡའ་ཡིས་མ་གོས་པར་གནས་ཡོད། ངོས་ཀྱང་ལས་བྲེལ་དང་ཡུལ་དུས་ཀྱིས་བསྐལ་ཡང་ཉུང་མཐར་ལོ་རེར་ཐེངས་རེར་འགྲོ་ནས་བླ་སློབ་ཕན་ཚུན་ཐོས་བསམ་སྒོམ་གསུམ་ཆོས་ཕྱོགས་ཀྱི་ལས་འཆར་འགའ་ལ་མཉམ་ཞུགས་བྱེད་ཀྱི་ཡོད། 
སྔར་ལོར་སིངྒ་པོར་འགྲོ་བའི་སྐབས་སུ་སློབ་མ་རྙིང་པ་ཞིག་བོད་ཁམས་ནང་ཆེན་ལ་སོང་ནས་སྐབས་དེ་དུས་ང་ཡི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་འདྲ་སྐུ་ཞིག་ང་ལ་ཆེད་དུ་རྔན་པ་ཁུར་འདུག་ཀྱང་སྐབས་དེ་དུས་ངས་མཉམ་དུ་ཁུར་ཐུབ་མ་སོང་། ད་རེས་ཆོས་གྲོགས་kaylin Khoo ས་གནས་འདིར་གཉེན་འཕྲད་ལ་ཡོང་སྐབས་དང་བསྟུན་འདྲ་སྐུ་ཉིད་ཁུར་འདུག་པས་སེམས་གཏིང་ནས་དགའ་དད་སྤྲོ་གསུམ་གྱིས་ཁེངས། 
kaylin Khoo ཡང་ངོས་ཀྱི་ཆོས་ཚོགས་སུ་ཐེངས་མ་དང་པོ་དེ་ཡིན་སྟབས་ནུབ་གཅིག་ཏུ་ཆོས་ཚོགས་སུ་བསྡད་ནས་ཕྱི་ཉིན་ས་གནས་འདིའི་ཁོར་ཡུགས་སོགས་སུ་འཁྱམས་ཉུལ་མཉམ་དུ་བྱས་པས་ཁོ་རང་ཡང་ཧ་ཅང་དགའ་བོ་བྱུང་སོང་། 
ལར་ནི་མཚོན་བྱེད་བརྡ་ཡི་བླ་མའི་སྐུ་འདྲ་ཡོད་ཀྱང་རུང་མེད་ཀྱང་རུང་། མཚོན་བྱ་དོན་གྱི་བླ་མས་རང་རིག་མ་བཅོས་པ་ངོ་སྤྲད་པ་འདི་ཉིད་གཉུག་མའི་རྒྱུན་བསྐྱངས་ན་དེ་ལས་ལོགས་སུ་གྱུར་པའི་ཨ་འཐས་རྟོག་བཏགས་ཀྱི་ས་རྡོ་ལས་གྲུབ་པའི་གཟུགས་སྐུ་ཞིག་ལ་རེ་ལྟོས་འཆའ་མི་དགོས་ཙམ་ཞིག་བྱུང་བ་འདི་ཡང་ཐུད་སྣུམ་པ་མར་གྱི་སྐུ་དྲིན་གྱི་དཔེ་ལྟར་དེ་རིང་གི་འདྲ་སྐུ་བླ་རྒན་འདི་ཡི་བཀའ་དྲིན་ངོ་མ་ཡིན། 
ཁོ་བོས་བྲིས་པའི་ཐར་རྒྱན་རྣམ་གྲོལ་ལམ་བཟང་ལས། 
།བླ་མར་སངས་རྒྱས་དངོས་མཐོང་དད་པ་དང་། །ཉམས་ལེན་བླ་སྒྲུབ་ཟབ་མོའི་རྣལ་འབྱོར་གྱིས། 
།ཅིར་སྣང་བླ་མའི་ངོ་བོར་ཤར་བ་ཡིས། །རང་རིག་མ་བཅོས་འདི་ཉིད་ངེས་དོན་གྱི། 
།བླ་མར་ཤེས་ནས་ངོ་བོའི་རྒྱུན་བསྐྱངས་ན། །དེ་ནི་དྭགས་པོའི་ཐར་རྒྱན་ངོ་མ་ཡིན། ཅེས་དང་།
 རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་མཛད་པའི་བླ་རྒན་འདི་ཉིད་ཀྱི་གསོལ་འདེབས་ལས་ཀྱང་། 
།རྗེ་ཆོས་ཀྱི་དབྱིངས་སུ་གཤེགས་ན་ཡང་། །བླ་མ་མེད་སྙམ་མི་སེམས་པར། 
།སྣང་སྲིད་བླ་མའི་དཀྱིལ་འཁོར་དུ། །གོ་ཞིང་རྟོགས་ནས་གྲོལ་གྱུར་ཅིག། ཅེས་སོགས་གདམས་པའི་དོན་འདི་རྣམས་ལ་ཁ་ཚིག་ཙམ་མ་ཡིན་པར་དོན་ངོ་མར་ཉམས་སུ་ལེན་ནུས་ན་དེ་ནི་ངེས་དོན་གྱི་བླ་སྒྲུབ་ཞིག་ཀྱང་རེད་སྙམ། དེ་རིང་གི་ཉིན་ཐོ་གནས་སྐབས་དེ་ཙམ་ཡིན། 
བཀྲ་ཤིས་བདེ་ལེགས། 
My student Kris went to Tibet and brought back this lovely statue of my guru Sangye Tenzin Rinpoche. However I had left it in Singapore during my last trip there as it was too heavy for me to bring it back to California. I would like to thank Kaylin Khoo for personally taking the trouble to bring this precious statue to MDC. I can feel that my guru is here with me right now when I touched the statue. Although my guru had passed into Parinirvana many years ago, but still his wisdom mind of love and compassion is always inseparable with me. I could feel more blessings through this precious statue of Sangye Tenzin Rinpoche. Thank you very much once again for this priceless precious gift. 💗tashi Delek


No comments:

Post a Comment