Thursday, August 31, 2023

བདེ་ཆེན་ཞིང་སྒྲུབ་ཐེངས་མ་བཅུ་དྲུག་པ་ལེགས་གྲུབ་བྱུང་བ།

ངོས་ཀྱི་སྐྱེ་ཡུལ་ཁམས་ནང་ཆེན་དུ་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འདི་དར་སྲོལ་ཧ་ཅང་ཆེ། ཕལ་ཆེར་ཞིང་སྒྲུབ་ཀྱི་བསྟན་པའི་རྩ་བའི་ཁུངས་ངོ་མ་དེ་ནང་ཆེན་ཡིན་ཞེས་བཤད་ཀྱང་མི་ཆོག་པ་མེད་སྙམ། གང་ཡིན་ཞེ་ན། ད་ལྟ་ངས་འཚོགས་བཞིན་པའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འདི་ནི་སྤྱི་ལོ་1613ལ་འཁྲུངས་པའི་བཀའ་རྙིང་གཉིས་ཀར་བཀའ་དྲིན་ཤིན་ཏུ་ཆེ་བའི་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་བདེ་ཆེན་སྨོན་ལམ་ཆེན་མོ་ལ་དུས་རབས་ཉི་ཤུ་པ་ལ་ཕེབས་པའི་ནང་ཆེན་ཟུར་མང་མཁན་ཆེན་པདྨ་རྣམ་རྒྱལ་གྱིས་བསྒྲིག་ཆོག་མཛད་པའི། “བདེ་ཆེན་ཞིང་སྒྲུབ་པདྨའི་དྲྭ་བ།ཉིད་ཡིན། གུས་རང་ལོ་བཅུ་གཉིས་ཐོག་ཁམས་ནང་ཆེན་དགོན་ཞབས་དགོན་དུ་གྲྭ་པ་བྱས། དགོན་པའི་ཆོས་ལུགས་ནི་ཀཾ་ཚང་བཀའ་བརྒྱུད་མཚུར་ཕུའི་དགོན་ལག་ཞིག་ཡིན་ཀྱང་དགོན་པའི་འཚོགས་འདོན་དུས་མཆོད་ཕལ་མོ་ཆེ་ནི་མཆོག་གླིང་གཏེར་གསར་དང་། ཡོངས་དགེ་མི་འགྱུར་རྡོ་རྗེའི་གཏེར་ཆོས་སོགས་ཡིན། སྐབས་རེ་ཀཾ་ཚང་རང་ལུགས་ཕག་མོ་དང་། བདེ་མཆོག། རྒྱལ་བ་རྒྱ་མཚོ་སོགས་ཀྱི་སྒྲུབ་མཆོད་ཀྱང་འཚོགས་སྲོལ་ཡོད། དགོན་ཞབས་དགོན་པའི་བྱང་གི་ཕྱོགས་སུ་རྟ་ལམ་ཉིན་ཕྱེད་ཙམ་གྱི་སར་ཡོད་པའི་ཟུར་མང་དགོན་ཞེས་ཟུར་མང་བཀའ་བརྒྱུད་ཀྱི་དགོན་པ་ཆེན་པོ་ཞིག་ཡོད། དགོན་པ་དེའི་ནང་དུ་གཞུང་ལུགས་རབ་འབྱམས་དང་། རྒྱུད་སྡེའི་དཀྱིལ་འཁོར་དང་། བསྐྱེད་རྫོགས་སོགས་ལ་ཐོགས་པ་མེད་པའི་མཁས་བཙུན་བཟང་གསུམ་དང་ལྡན་པའི་མཁན་ཆེན་ཆོས་དབྱིངས་བཟང་པོ་ཞེས་ཞལ་མཇལ་བ་ཙམ་གྱིས་སྣང་བ་འགྱུར་ཞིང་། གསུངས་ཆོས་ཐེངས་རེ་ཐོབ་པ་ཙམ་གྱིས་ལྡོག་མེད་ཀྱི་དད་པ་སྐྱེ་ཞིང་དམ་པའི་སྐྱེས་བུ་ཁྱད་པར་ཅན་གང་གི་མདུན་ནས་རང་ལོ་ཉེར་བཞིའི་སྐབས་སུ་ཟབ་ཆོས་འདི་ཉིད་ཀྱི་དབང་ལུང་དང་། ཕྱག་ལེན་སོགས་ལེགས་པར་ཐོབ་ཅིང་མ་འོངས་པར་བདེ་ཆེན་ཞིང་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གང་ཐུབ་བྱེད་དགོས་པའི་བསླབ་བྱ་སོགས་ཀྱང་ལེགས་པར་གནང་། ཕྱིས་སུ་རང་དགོན་གྱི་བསྟན་བདག་གུས་པའི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་མདུན་ནས་ཀྱང་ཆོས་ཚུལ་འདིའི་དབང་ཁྲིད་ལུང་སོགས་ཡང་སྐྱར་ཐོབ་ཅིང་དེ་བཞིན་ཞིང་སྒྲུབ་དང་། སྨྱུང་གནས་སོགས་ལ་བརྩོན་དགོས་ཚུལ་བཀའ་སློབ་ཀྱིས་བསྐུལ་ནན་ཡང་ཡང་གནང་བས་དེ་ནས་བཟུང་སྟེ་འདས་པའི་མི་ལོ་ཉི་ཤུ་རྩ་གྲངས་རིང་བལ་ཡུལ་དང་། རྒྱ་གར་ལྷོ་ཕྱོགས། མ་ལེ་ཤ། སིངྒ་པོར། ཐེ་ཝན་། ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ཉི་ཡ། པོར་ལེན་ཌི་སོགས་ས་གནས་མ་འདྲ་བ་མང་པོར་འཚོགས་ཐུབ་པ་བྱུང་། ངོས་ཀྱི་བདེ་ཆེན་ཞིང་སྒྲུབ་རྩ་བ་དེ་རྒྱ་གར་ལྷོ་ཕྱོགས་དོན་ལྡན་གླིང་གཞིས་ཆགས་སུ་ཡིན་ཀྱང་ཡུལ་དུས་ཀྱི་དབང་གིས་ལོ་རེ་ཐེངས་རེ་མ་གཏོགས་འགྲོ་ཐུབ་ཀྱི་མི་འདུག སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ལྟར་དོན་ལྡན་གླིང་མི་མང་ལ་བདེ་ཆེན་ཞིང་སྒྲུབ་ཀྱི་འཚོགས་ཁང་ཞིག་ཀྱང་གསར་གཞེངས་ལེགས་པར་གྲུབ། ཨ་རིའི་པོར་ལེན་ཌི་མངའ་སྡེ་ནང་དུ་འཚོགས་བཞིན་པའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འདི་ཚགས་ཚུད་ཤོས་དང་། མི་ལ་ཕན་ཐོགས་ཆེ་ཤོས་ཡིན་ཞེས་བཤད་ཀྱང་མི་འགྲིག་རྒྱུ་གང་ཡང་མེད། ཨ་རིའི་པོར་ལེན་ཌི་འདི་ལོའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ནི་ཐེངས་མ་བཅུ་དྲུག་པ་དེ་ཡིན། ལོ་རེར་ཐེངས་གཅིག་རེ་འཚོགས་ཀྱི་ཡོད། ཞོགས་པ་ཆུ་ཚོད་བདུན་པའི་ཐོག་ཚང་མ་འཛོམས་ནས་གསོ་སྦྱོང་གི་སྡོམ་པ་མཉམ་ཞུ་བྱེད་ཅིང་། སྔ་དྲོ་ཞིང་སྒྲུབ་པདྨ་དྲྭ་བ་འདོན་དབྱངས་སུ་གྱེར་ནས་ཉིན་རྒྱབ་ལོ་རེ་བཞིན་ཆོས་ཁྲིད་དམིགས་བསལ་རེ་བཤད་ཀྱི་ཡོད། ལོ་གསུམ་གོང་ནས་འགའ་ཤས་ཀྱིས་རེ་ཞུས་ལྟར་རྫ་དཔའ་སྤྲུལ་གྱིས་མཛད་པའི་ཀུན་བཟང་བླ་མའི་ཞལ་ལུང་གི་ཆོས་བཤད་བྱེད་བཞིན་པ་ཡིན། བདེ་ཆེན་ཞིང་སྒྲུབ་ལ་ཞོགས་ཟས་དང་ཉིན་གུང་གསོལ་ཚིགས་ལས་དགུང་ཟས་མེད། ཆོས་ཞུ་བ་དང་འཚོགས་ཞུགས་པ་རྣམས་ལ་ཉིན་རེའི་ཞལ་ལག་གི་སྦྱིན་བདག་རྣམས་ནི་བོད་རིགས་གཉུག་མར་གནས་པ་དང་། བློ་བུར་དུ་ལྷགས་པ་རྣམས་ཀྱིས་འཚང་ཁ་ཤིག་ཤིག་རེད། དེང་སང་བོད་པའི་སྤྱི་ཚོགས་ཁྲོད་དུ་མི་དགོས་པའི་ཆོལ་ཁའི་ནད་ངན་གྱིས་ཟིན་ནས་ཚོགས་ཁག་དང་གང་ཟག་རེ་ཟུང་གི་རྗེས་སུ་འབྲངས་ནས་ཡོད་པའི་གནས་སྟངས་ཆེས་ཐབས་སྡུག་གི་དུས་ཚོད་འདིར། དེ་སྔ་ཕན་ཆོད་པོར་ལེན་ཌི་བོད་པ་འདི་རྣམས་ནི་ཆོས་ལུགས་ཕྱོགས་རེས་ཀྱི་སྨྱོ་ཆུ་མ་འཐུང་། ཆོལ་ཁའི་ཞེན་ཁོག་སྐམ་པོའི་གདོན་གྱིས་མ་ཟིན། བཙན་བྱོལ་བོད་མིའི་སྒྲིག་འཛུག་དང་སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མ་འགལ་བའི་དད་དམ་གཙང་མའི་བོད་པ་ཤ་སྟག་ཡིན། ང་ནི་སང་ཉིན་སྟེ་སྤྱི་ཟླ་དགུ་པའི་ཆེས་གཅིག་ཉིན་ཨ་རིའི་ཤར་ཕྱོགས་ཉིའུ་ཡོག་དང་། བྷོ་སི་ཊོན། ཆིའི་ཀ་རྒོ། མེ་ནེའི་སོ་ཊ་སོགས་མངའ་སྡེ་མང་པོར་འདས་པའི་ལོ་གསུམ་ཙམ་རིང་ཏོག་དབྱིབས་ནད་དུག་དེས་རྐྱེན་བྱས་ནས་འགྲོ་མ་ཐུབ་པས་ད་རེས་ཡུན་རིང་མ་ཐུག་པའི་ཆོས་གྲོགས་རྣམས་ལ་ཐུག་འཕྲད་བྱེད་དུ་འགྲོ་གི་ཡིན། པོར་ལེན་ཌི་ཆོས་གྲོགས་རྣམ་པ་ཚང་མ་གནས་སྐབས་བདེ་མོར་བཞུགས། སླར་ཡང་མཇལ་ཡོང་། བཀྲ་ཤིས་བདེ་ལེགས། 

No comments:

Post a Comment