Sunday, July 4, 2021

ཆོས་གྲོགས་ཞིག་གི་ནང་དུ་མགྲོན་ལ་སོང་བའི་ཉིན་མོ།

དས་པའི་ལོ་གཅིག་དང་ཕྱེད་ཙམ་རིང་རྒྱ་ནག་ནས་ཐོན་པའི་ནད་ཡམས་དེས་རྐྱེན་བྱས་ནས་རང་ཁྱིམ་དུ་བསྡད་དགོས་བྱུང་། དེ་ནི་ངོས་ལ་ལྟོས་ན་རྐྱེན་ངན་གྲོགས་ཤར་ཞེས་པའི་ཚིག་སྙན་མོ་དེ་དངོས་གནས་དོན་དུ་གནས་གདའ། གང་ཡིན་ཞེ་ན། གུས་པར་ལྟོས་ན་བཀའ་དྲིན་ཅན་གྱི་རྩ་བའི་བླ་མ་རྣམས་ཀྱི་སྐུ་དྲིན་ལ་བསྟེན་ནས་བསྡད་ན་སུན་སྣང་མི་སྐྱེ་ཞིང་། ཇི་ཙམ་བསྡད་ན་དེ་ཙམ་སྐྱིད་སྣང་ཤར་བ་ཞིག་ཡོད། ནམ་རྒྱུན་དུས་ཚོད་གང་ཁོམས་ལ་སྒེར་མཚམས་ལ་འདུག་རྒྱུར་ཧ་ཅང་ནས་དགའ། རྒྱུ་མཚན་དེ་ཉིད་ཀྱིས་སྔ་ལོར་ནད་ཡམས་དེས་རྐྱེན་གྱིས་རང་བཞིན་གྱིས་ཕྱི་མི་ནང་དུ་མི་ཡོང་། ནང་མི་ཕྱི་རུ་མི་འགྲོ་བའི་འབྲེལ་ཐག་ཆད་སྟབས་གུས་པར་མཚོན་ན་རང་བཞིན་གྱིས་མཚམས་ལ་བསྡད་པ་ལྟ་བུར་བྱུང་། ཁམས་པའི་གཏམ་དཔེར། ཨབ་ཁུང་ཚང་སྒོ་ཁ་བས་འདན་ན། སྐུ་མཚམས་ལ་མ་བཞུགས་རང་བཞུགས་རེད། ཟེར་བའི་དཔེ་སྙན་མོ་མ་དེ་དོན་དུ་ཁེལ་བ་རེད་འདུག། ཡིན་ནའང་ཐག་ཉེ་རིང་གང་དུ་བཞུགས་པའི་གུས་པའི་ཆོས་གྲོགས་ཕོ་རྣམས་ཀྱིས་རེ་བ་ལྟར་ངོ་དེབ་དང་། འཛུམ་སོགས་དེང་དུས་ཀྱི་སྤྱི་ཚོགས་དྲྭ་རྒྱའི་རྒྱུད་ནས་ཆོས་བཤད་དང་། ཡི་དམ་རྒྱུད་སྡེ་རྣམས་ཀྱི་ཉམས་ལེན་སོགས་ཀྱང་མཉམ་དུ་བྱས་པས་བསམ་ཡུལ་ལས་འདས་པར་དྲྭ་རྒྱའི་རྒྱུད་ལམ་ནང་ནས་མི་རྣམས་ལ་སྔར་དང་མ་འདྲ་བར་ཕན་ཐོག་ཆེན་པོ་བྱུང་། 
སྐབས་རེ་རེས་གཟའ་ཟླ་བ་ནམ་ཡིན་ལ་དམ་གཙང་གི་ཆོས་གྲོགས་བླ་མ་དགེ་བཤེས་སྤྲུལ་སྐུ་སོགས་མང་པོ་ཞིག་དཀའ་ཚེགས་གང་ཡང་མེད་པར་ལམ་སང་མིག་འཕྲུལ་བཞིན་དུ་དྲྭ་རྒྱའི་ནང་དུ་གདན་ཞུས་ཀྱིས་གུས་པའི་ཆོས་གྲོགས་རྣམས་ལ་བཀའ་ཆོས་དང་བསླབ་བྱ་སོགས་ཀྱང་མང་པོ་ཐོབ། དེའི་ཁྲོད་ནས་གཅིག་ནི་གུས་པའི་ཆོས་གྲོགས་བླ་མ་ལེགས་བཤད་བཟང་པོ་ཡིན། ཉེ་ཆར་ཆོས་གྲོགས་བླ་མ་ལེགས་བཤད་བཟང་པོ་ལགས་ཀྱི་བཀའ་སྩལ་ལྟར་བཤད་ཤེས་མིན་དང་། །ཉམས་ལེན་ཡོད་མེད་ལ་མ་ལྟོས་པར་ཁོང་གི་སློབ་མ་རྣམས་ལ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་ཉིན་གཅིག་རིང་ཆུ་ཚོད་བཞི་ལ་འཛུམ་གྱི་ནང་དུ་ཆོས་བཤད་ཁུལ་བྱས་པས་ཁོང་གི་སློབ་མ་དང་གུས་པའི་ཆོས་གྲོགས་རྣམས་ཆོས་ཁྲིད་དེ་ལ་དགའ་བོ་བྱུང་འདུག། 
ཕྱི་ཉིན་བླ་མ་ལེགས་བཤད་ལགས་ནས་ང་ཁོང་གི་གཟིམས་ཁང་དུ་ཡོང་དགོས་པའི་བཀའ་ལྟར་དུས་བཀག་ལྟར་སྤྱི་ཟླ་དྲུག་པའི་སྤྱི་ཚེས་བཅོ་ལྔ་ཉིན་ཞོགས་པ་ཆུ་ཚོད་བཅུ་དང་ཕྱེད་ཐོག་ས་གནས་འདིར་གནས་བཞུགས་གྲོགས་པོ་དངོས་གྲུབ་རྡོ་རྗེ་དང་མཉམ་དུ་ཆོས་གྲོགས་བཞུགས་ཡུལ Santa Cruz ལ་སོང་། དངོས་གྲུབ་ལགས་ནི་ས་གནས་འདིར་བོད་རིགས་མི་ཚང་གཅིག་རང་ཡོད་པ་དེ་ཡིན། ང་ཚོ་ཕན་ཚུན་ཧ་ཅང་འཆམ་མཐུན་གྱིས་མི་ཚང་གཅིག་ནང་བཞིན་བྱས་ནས་བསྡད་ཡོད། དངོས་གྲུབ་ངེད་གཉིས་རླངས་འཁོར་ནང་ནས་ཁ་བརྡ་བྱེད་བཞིན་སོང་བས་སྐར་མ་བཞི་བཅུ་ཙམ་གྱིས་བླ་མ་ལེགས་བཤད་ལགས་ཀྱི་བཞུགས་གནས་སུ་འབྱོར། ཕལ་ཆེར་ལོ་གཅིག་དང་ཟླ་བ་དྲུག་ཙམ་གྱི་རིང་ནད་ངན་དེས་རྐྱེན་གྱིས་རྒྱལ་ཁབ་གཞན་ལ་འགྲོ་རྒྱུ་ཕར་ཞོག། ས་གནས་Monterey་ནས་ཕྱི་ལོགས་སུ་དོན་པ་ཐེངས་མ་དང་པོ་ཡིན། སྣུམ་འཁོར་ནང་དུ་ཡུན་རིང་མ་སོང་བའི་སྟབས་ཀྱིས་སྐྱུག་མེར་ལང་བ་དང་མགོ་ན་བ་སོགས་ཀྱི་རྐྱེན་གྱིས་དངོས་གྲུབ་ལགས་ནས་དུས་ཚོད་ངེས་མེད་ལ་སྣུམ་འཁོར་ཐེངས་མ་ཁ་ཤས་ཁ་བཀག་དགོས་བྱུང་།  དེ་ནས་ཁང་པ་དཀར་པོ་ཐོག་རྩེག་གཉིས་ཅན་སྒོ་འགྲམ་དུ་གེ་སར་ནོར་བུ་དགྲ་འདུལ་གྱི་རླུང་རྟ་སྒྲེང་འཛུགས་ཡོད་པ་ཞིག་ཏུ་སླེབས། Google Map gps བོད་སྐད་དུ། ལམ་སྟོན་ཤར་བསྐྱོད་འཁྲུལ་འཁོར་གྱི་ངག་ལ་ཉན་བཞིན་ཡོང་བས་མ་ནོར་བར་སྒོ་འགྲམ་དུ་བསྐྱལ་བཞག་འདུག། ཕྱི་ལོགས་ནས་བླ་མས་ལག་ཏུ་ཁ་བཏགས་བཟུང་ནས་སྒུག་འདུག་པས་བོད་ལུགས་སྲོལ་རྒྱུན་ལྟར་ ངེད་གཉིས་ཕན་ཚུན་ཐོད་གཏུགས་དང་མཛའ་བརྩེའི་འཚམས་འདྲི་བྱེད་རེས་བྱས་ནས་ནང་དུ་འཛུལ་བས་ཐོག་རྩེག་གཉིས་པའི་སྒང་ལ་དྲོད་ཁྱིམ་བྱིན་ཆགས་ཞིང་། མཐོང་ཡངས་པ། རྒྱ་ཆེ་བའི་ཁང་པ་ཞིག་ནང་དུ་གསེར་རྟ་མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་བླ་མ་འགའ་ཡི་སྐུ་པར་དང་། ཐང་སྐུ་མཆོད་གཤམས་སོགས་གཙང་ཞིང་ཡིད་དུ་འོང་བར་བྱས་ནས་བཞུགས་འདུག། བླ་མ་ལེགས་བཤད་བཟང་པོ་ལགས་ནི་བོད་མགོ་ལོག་ནས་ཡིན་ཅིང་ངེད་གཉིས་ས་གནས་བར་ཐག་རིང་ཡང་གུས་པ་རྒྱ་གར་ལ་མ་ཡོང་བའི་གོང་ཕལ་ཆེར་སྤྱི་ལོ་༡༩༩༥་ལོར་ཡིན་བསམ་སྐབས་དེ་དུས་ཇ་པ་དགོན་ལ་མཁན་པོ་ཞིག་གི་ཞབས་ཕྱི་ལ་ཕེབས་སོང་། 
དེ་ནས་༡༩༩༨་ལོར་གུས་པ་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ཐོག་བླ་མ་ལེགས་བཤད་བཟང་པོ་ལགས་ཀྱང་རྒྱ་གར་ནས་ཐེངས་མ་འགའ་ཤས་མཇལ། དེ་རྗེས་ངོས་རྒྱ་གར་ནས་སྐྱབས་བཅོལ་ཨ་རི་ལ་འབྱོར་བའི་ཐོག་བླ་མ་ལེགས་བཤད་བཟང་པོ་ཡང་ཨ་རི་ནས་མཇལ་ལུགས་འདི་རྣམས་ཀྱི་བརྒྱུད་རིམ་ལ་དཔྱད་ན། ངེད་རྣམ་གཉིས་བར་ལ་དམ་ཚིག་གི་བརྩེ་གདུང་ཤིན་ཏུ་ཟབ་པ་ལྕགས་མདུད་དགུ་སྒྲིལ་གྱིས་བསྡམ་པ་ལྟ་བུ་ཡོད་པ་འདི་ནི་སུས་ཀྱང་དཔག་དཀའ་བའི་ཆེས་ལྐོག་གྱུར་གྱི་གསང་བའི་གནད་གཅིག་ཡོད་ན་བསམ། 
དེང་སང་འགའ་ཞིག་ནས་ཚིག་ཇ་ཁང་དང་། རྐུབ་གཡུག་ཞབས་བྲོ་ཁང་སོགས་ནས་སྐར་མ་ཁ་ཤས་རིང་ངོ་ཤེས་པ་ཙམ་གྱིས་ང་ཡི་གྲོགས་པོ་དང་ཁོ་ཡི་གྲོགས་མོ་ཞེས་ཞགས་གསུམ་མ་ལོན་གོང་ནས་ས་འབོད་གནམ་འབོད་བྱེད་པ་ལས་། བརྒྱུད་གསུམ་གྱི་བྱིན་རླབས་ཚན་ཁས་ཕྱུགས་པའི་ཕ་དགོན་ཆོས་ར་ཁྲ་མོ་མཉམ་འགྲིམ་བྱས་ཅིང་དམ་གཙང་གི་ཆོས་གྲོགས་རྣམས་ནི་དེ་དང་གཏན་ནས་མི་འདྲའོ། 
སྤྱིར་གཏང་ཨ་མདོ་དང་། མགོ་ལོག་གི་མི་རྣམས་ནི་ཁ་ཟས་གཡོས་སྦྱོར་ལ་ཧ་ཅང་མཁས་པས་བླ་མ་ལགས་ནས་ཀྱང་ཉིན་གུང་ཟ་མ་རུ་ཚེ་འབྲས་ཞིམ་པོ་ཞིག་དང་། དགོང་ཟས་སུ་མོག་མོག་ཧ་ཅང་བྲོ་བ་ཞིམ་པོ་ཅན་ཞིག་བཟོས་བྱུང་བས་འགྲང་ཚད་ཟོས། མ་ཟད་བར་གསེང་སྐབས་ཁོང་ནས་བོད་ཀྱི་འབྲོག་པའི་ཆུར་བ་བཟོ་སྟངས་རྣམས་ཀྱང་བསླབ། སྐབས་རེ་ཁོང་གི་སྲས་པོ་དང་སྲས་མོ་ཕྲུ་གུ་རྣམས་ལ་མཚར་རྩེད་དང་སྦྲག་བོད་སྐད་དབ་དིབ་ཐོག་ཁ་བརྡ་དང་རྩེད་མོ་སོགས་ཀྱང་བྱས། ངོས་རང་ལ་མཚོན་ན་གསང་སྔགས་རྡོ་རྗེ་ཐེག་པའི་མཆེད་ལྕམ་དང་དམ་ཚིག་གཅིག་པའི་ཆོས་གྲོགས་རྣམས་དང་ལྷན་དུ་འཛོམས་ཤིང་ཁ་ན་མ་ཐོ་བའི་སྡིག་ལས་ངག་འཁྱལ་སོགས་དང་མ་འབྲེལ་བར། ཕན་ཚུན་ཆོས་ཀྱི་བགྲོ་གླེང་དང་་ལྷན་མཉམ་ཟ་མཉམ་འཐུང་བྱེད་རྒྱུའི་གོ་སྐབས་འདི་ནི་དུས་ཚོད་ཆེས་དགའ་ཤོས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། 
དེ་རིང་གི་ཉི་མ་ནི་ཡུན་འདྲིས་དམ་ཚིག་གཙང་གི་ཆོས་མཆེད། ལྟ་མཐུན་བློ་ཐུབ་ཀྱི་ས་མཐའི་གྲོགས་པོ། བླ་མ་ལེགས་བཤད་བཟང་པོ་དང་ལྷན་སྐྱིད་པའི་ཉི་མ་བདས་ནས་དགུང་མོ་ཆུ་ཚོད་ལྔ་པའི་སྐབས་སུ་གྲོགས་དངོས་གྲུབ་རྡོ་རྗེའི་སྣུམ་འཁོར་གཏང་བྱུང་བས་སྣུམ་འཁོར་ཁ་ཕྱོགས་ངེད་གཉིས་བསྡད་ས་Pacific Grove Montereyཡོང་།ལམ་བར་དུ་དེ་རིང་གི་གནམ་གཤིས་དེ་ཡག་རབ་དང་བཟང་རབ་སོགས་ཁ་བརྡ་བྱེད་བཞིན་ཡུན་རིང་མ་འགོར་བར་ནང་དུ་འབྱོར།   
།སྐྱེ་བ་ཀུན་ཏུ་ཡང་དག་ཆོས་གྲོགས་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། 
།ས་དང་ལམ་གྱི་ཡོན་ཏན་མཉམ་བསྒྲོད་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། 


No comments:

Post a Comment