Monday, February 20, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ།

ཆུ་འགྲམ་ཞིག་ཏུ་ལྷོད་དལ་བྱས་ནས་བསྡད་བཞིན་པའི་སྐབས་སུ།
ཞོགས་པ་ལངས་ནས་འཆར་ཅན་གྱི་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་མདོར་བསྡུས་ཞིག་ལ་རོལ། དེ་རིང་གི་ཉིན་མོ་འདི་ནི་ཨ་རིའི་སྲིད་འཛིན་དུས་ཆེན་ཞིག་ཡིན། ཨ་རིའི་མི་རྣམས་ནི་ཉིན་ལྟར་ལས་ཀར་འགྲོ་ནས་ཕན་ཚུན་ལྷོད་ལྷོད་དུ་བསྡད་རྒྱུའི་གོ་སྐབས་ལྟ་ཅི་དབུགས་གཏང་ལེན་བྱེད་པ་ལའང་དུས་ཚོད་ལྷོད་ལྷོད་ཅིག་མི་རག་ཅིང་ཟ་མ་བཟའ་བའི་སྐབས་སུ་རླངས་འཁོར་ནང་ནས་བཟའ་བ་དང་འགྲོ་བཞིན་དུ་བཟའ་བ་སོགས་ཧ་ཅང་བྲེལ་ཟིང་ཆེ་བའི་ལུང་པ་འདིར་ཉིན་གཅིག་ལ་ལྷོད་དལ་དུ་བསྡད་རྒྱུ་ཡོད་པ་དེ་ནི་སྟེས་དབང་གིས་ཐོབ་པའི་གསེར་སྲང་སྟོང་གིས་མི་ཐོབ་པའི་གོ་སྐབས་བཟང་པོ་ཞིག་ཀྱང་རེད། ངོས་ལ་ལྟོས་ན་དེ་རིང་གི་ཉིན་མོ་འདི་ནི་ཡང་ཧ་ཅང་གལ་ཆེན་པོ་ཞིག་ཡིན། རྒྱུ་མཚན་གང་ཡིན་ཞེ་ན། ས་གནས་འདིར་ངོས་རང་འབྱོར་ནས་ཕལ་ཆེར་ལོ་གསུམ་ཙམ་ཕྱིན་ཀྱང་སླེབས་ནས་བཟུང་སྟེ་བདུན་ཕྲག་རེར་གནམ་ཆོས་འོད་དཔག་གི་ཆོ་ག་དེ་མི་མང་ན་བདུན་བཅུ་དང་བརྒྱད་བཅུ་ཉུང་ན་བཅུ་ལས་མེད་ཀྱང་ཆད་མེད་དུ་བྱས་པ་ཡིན་དེ་རིང་གི་ཉིན་མོ་འདི་ནི་གཟའ་ཟླ་བའི་འཆར་ཅན་གྱི་བདེ་ཆེན་ཞིང་སྒྲུབས་འཚོགས་པའི་བསྐལ་བཟང་གི་ཉིན་མོ་དེ་ཉིད་ཡིན། ཉིན་གུང་ཟ་མ་རུ་འབྲས་དང་རྡ་ལི་ཚོད་མ་བཅས་ཡོད་པའི་རྒྱ་གར་ཟ་མ་འདྲ་བོ་ཞིག་ཟོས་ནས་ཆུ་ཚོད་གཅིག་ཙམ་རིང་འཕྲོད་བསྟེན་ཆེད་དུ་རྐང་འགྲོས་བྱས་ནས་ནང་དུ་འབྱོར་ཞིང་ངལ་གསོ་ཕྲན་ཙམ་བྱས་ནས་ཉིན་རྒྱབ་ཆུ་ཚོད་ལྔ་པའི་སྐབས་སུ་བདེ་ཆེན་ཞིང་སྒྲུབས་འཚོགས་ལ་སོང་བས་མི་རྣམས་རིམ་བཞིན་འབྱོར་བྱུང་དེ་རིང་ཕལ་ཆེར་མི་གྲངས་ཉི་ཤུ་ཙམ་ཞིག་འདུག་པ་མ་ཟད་ཀོ་རི་ཡ་ངོས་ཀྱི་གྲོགས་པོ་གྲྭ་པ་ཞིག་ཡོད་པ་དེ་ཡང་ཕེབས་འདུག མེ་གོའི་ནས་མཛུབ་གནོན་སྒྲ་སྙན་ནམ་ piano བདེ་ཆེན་ཞིང་སྒྲུབས་འདོན་པའི་སྒྲ་གདངས་དང་མཉམ་དུ་གཏང་བྱུང་བས་མི་མང་རྣམས་ཀྱང་དགའ་བོ་བྱེད་ཀྱི་འདུག དེ་རིང་གི་འདོན་པ་བོད་ཀྱི་སྒྲ་གདངས་ཐོག་ནས་གཏོན་ཅིང་བར་མཚམས་སྐབས་སུ་དབྱིན་ཇིའི་ཐོག་ཏུ་ཕབས་པའི་རྒྱུ་མཚན་དེ་ཉིད་འདོན་བཅུགས། སྒོམ་གྱི་སྐབས་སུ་ངོས་ཀྱི་དབྱིན་ཇི་ཆག་རོ་དེ་ངོ་ཚ་མེད་པར་སྐྱོན་ནས་ཆོས་བཤད་ཁུལ་བྱས་ཀྱང་མང་པོ་ཞིག་ནས་ཧ་གོ་བའི་བརྡ་ཡིས་མགོ་བོ་ལིང་ལིང་བྱེད་ཀྱི་འདུག ལར་ནི་ལུང་པ་འདི་ཡི་མི་རྣམས་ལ་སྐད་བསྒྱུར་ཡག་པོ་ཞིག་བརྒྱུད་ནས་ཆོས་བཤད་པ་ལས་སོ་སོའི་ནམ་རྒྱུན་དགེ་རྒན་ང་འདྲ་བ་དབྱིན་ཇ་ཐེབ་ཆག་ལས་མི་ཤེས་པ་དེ་བསྐྱོན་ནས་ཆོས་བཤད་པ་ལ་དགའ་སྣང་ཆེ་བ་བྱེད་ཀྱི་འདུག དེ་ནས་ངོས་ལ་ཟུར་གཅར་དང་ཁ་བརྡ་བྱེད་མཁན་རྣམས་ཀྱི་ཐུགས་འདོད་ལྟར་སོ་སོའི་རེ་བ་ཇི་བཞིན་བསྐང་ནས་ཕན་ཚུན་གྱེས་བྲལ་གྱི་ཕྱག་རྒྱ་དང་། ལག་འཆང་། སོགས་བྱས་ནས་སུ་སིན་ངེད་གཉིས་ཀྱང་དེ་རིང་གི་ཆོས་ཐུན་དེ་ཡག་རབ་དང་བཟང་རབ་སོགས་རང་བསྟོད་ཀྱི་ཤུད་ཤོབ་ལུང་པ་གང་ཙམ་བསྒྲོགས་བཞིན་ནང་དུ་འབྱོར་ནས་དེ་རིང་གི་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།  

No comments:

Post a Comment