Wednesday, February 8, 2012

འཛམ་གླིང་གང་སར་བོད་རིགས་རྣམས་ཀྱིས་ལྷག་དཀར་སྲུང་རྩི་བྱས་པའི་ཉིན་མོ།

ནང་ཆེན་ནས་མི་དམངས་གྱེན་ལངས་བྱེད་བཞིན་པ།
ཞོགས་པ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཞོར་དུ་ངོས་ཀྱི་ཨ་ཕྱི་རྒན་མོ་ཚེ་ལས་འདས་མ་དེའི་ཆེད་དུ་འོད་དཔག་མེད་ཀྱི་ཆོ་ག་ཚར་གསུམ་དང་བསྔོ་སྨོན་སོགས་གང་ལེགས་བྱས་ནས་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ། དེ་ནས་ཐོག་ཁར་ཡོང་ནས་ངོས་ཀྱི་རིག་མཛོད་གོབ་ཏོ་དེ་ཁ་ཕྱེས་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་པས་ཨ་མདོ་རྔ་བའི་དཔའ་རྒོད་ཁ་ཤས་ཀྱི་སྔ་ལོར་བོད་བསྟན་སྲིད་ཀྱི་ཆེད་དུ་གཟུགས་པོ་མེ་ལ་ཕུལ་བའི་མེ་སྟག་ཆུང་ཆུང་དེ་ཉིད་རིམ་བཞིན་ཁམས་བྲག་མགོ་དང་གསེར་རྟ་སོགས་སུ་མཆེད་ནས་དེ་རིང་སླར་ཡང་སྒ་སྐྱེ་དགུ་འཁྲི་འདུ་རྫོང་ཟིར་དཀར་དགོན་པའི་དགེ་འདུན་པ་རྣམས་ཀྱིས་སྣེ་ཁྲིད་ནས་མང་ཚོགས་སྟོང་ཕྲག་ལྔ་ཙམ་ནས་རྒྱངས་ཐག་ཆུ་ཚོད་གསུམ་ཙམ་རིང་ལུས་ལ་བོད་ཆས་གྱོན་ནས་ཁ་ནས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ང་ཚོ་ལ་མི་རིགས་ཀྱི་ཐོབ་ཐང་དགོས་ཞེས་པ་སོགས་ཀྱི་འབོད་སྒྲ་སྒྲོགས་པ་དང་མ་ཟད། ངོས་ཀྱི་སྐྱེ་ཡུལ་ཁམས་ནང་ཆེན་ནས་ཀྱང་ལྷག་དཀར་ཉིན་མོ་འདི་ལ་བསྟུན་ནས་བོད་རིགས་ལྔ་བརྒྱ་ཙམ་གྱིས་ལུས་ལ་བོད་ཆས་གྱོན་ནས་ཁ་རུ་རྩམ་པ་འགམ་ཞིང་དུས་ཆེན་ལྷག་དཀར་སྲུང་བརྩི་རྒྱ་ཆེན་བྱས་པ་མ་ཟད་བོད་རིགས་མང་པོ་ཤིག་ནས་ཉེན་གཏོགས་པའི་ཕྱོགས་ལ་ཁ་གཏད་ནས་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་པའི་འབོད་སྒྲ་རྒྱ་ཆེར་སྒྲོགས་འདུག དེ་དང་ཆབས་ཅིག་ཏུ་བཞུགས་སྒར་ཁུལ་སོགས་གཙོར་བྱས་པའི་ཕྱི་སྡོད་ཀྱི་བོད་རིགས་རྣམས་ནས་ཀྱང་དེ་རིང་གི་ལྷག་དཀར་གྱི་ཉིན་མོ་འདིར་འཛམ་གླིང་གང་སར་རྒྱ་ནག་གཞུང་ཚབ་ཁང་གི་འདུན་དུ་སྐད་འབོད་དང་ལས་འགུལ་འདྲ་མིན་སྤེལ་གྱི་འདུག ངོས་རང་བསྡད་སའི་ས་གནས་འདིར་བོད་རིགས་གསུམ་གཅིག་པུ་ལས་མེད་ཀྱང་ནམ་རྒྱུན་དུས་ཆེན་ཆུང་ཁག་རིགས་ལ་ངོས་ཀྱི་སློབ་མ་མགོ་སེར་རྣམས་ཁྲིད་ནས་སྐད་འབོད་སོགས་ངེད་མི་གསུམ་ནས་ཀྱང་གང་ཐུབ་ནུས་པས་ལྕོག་ཚོད་བྱེད་ཀྱི་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་རྒྱུགས་རན་དུས་ཤ་ཁྱི་དེ་རྐང་པ་ཆག་ཞེས་པའི་དཔེ་ལྟར་དེ་རིང་ནི་དགོས་པའི་དུས་སུ་བལ་ཡུལ་ནས་ཡིན་པའི་ཨ་ཅ་ཆོས་འཛིན་ལགས་རྒྱ་གར་ལ་དུས་འཁོར་དབང་ཆེན་ལ་སོང་ནས་ཚུར་མ་འབྱོར་བ་དང་། རྡོ་རྗེ་གླིང་ནས་ཡིན་པའི་བུ་མོ་ཀུན་བཟང་ལགས་ལས་ཀ་ནས་དགོངས་པ་མ་རག་པ་སོགས་ཀྱིས་རྐྱེན་ནས་ངོས་གསུམ་ནས་མཉམ་འཛོམ་གྱིས་ལས་ཀ་གང་ཡང་བྱེད་མ་ཐུབ་ཀྱང་། ངོས་ནས་དེ་རིང་དམིགས་བསལ་གྱི་ལྷག་དཀར་ཉིན་མོར་སོང་རྩང་བོད་པ་ཡིན་པའི་དྲན་རྟེན་གྱི་ཆེད་ཉིན་གུང་རྩམ་པ་ཞིག་ཟོས་ནས་ཟླ་བ་གསུམ་གོང་ནས་ངོས་ཀྱི་ཆོས་ཚོགས་ཀྱི་ཚོགས་གཙོ་བལ་ཡུལ་ལ་སོང་བའི་ངོས་ལ་ལག་བརྟགས་སུ་གནང་བའི་དངུལ་ལེན་སྟོད་ཐུང་ཞིག་གི་ཕྱི་ངོས་སུ་བོད་ཀྱི་རྒྱ་དར་དང་བོད་རང་བཙན་ཡིན་ཞེས་པའི་ཡི་གེ་ཡོད་པ་ཅན་དེ་གྱོན་ནས་སྐུ་ལུས་མེར་བསྲེགས་གཏང་བའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དེ་རྣམས་ཀྱི་ཆེད་དུ་བདེ་ཆེན་ཞིང་གི་ཆོ་ག་ཚར་གསུམ་དང་། བདེ་ཆེན་སྨོན་ལམ་ཚར་གཅིག་བཅས་སྟོན་ནས་དགེ་སྔོ་སོགས་གང་ལེགས་བྱས། ཆུ་ཚོད་གསུམ་པའི་སྐབས་སུ་སྔ་ནས་དུས་བཀག་བྱས་པ་ནང་བཞིན་ལས་ཀ་ཞིག་གི་ཆེད་ཨ་རིའི་ལས་ཁུངས་ནང་དུ་སུ་སིན་དང་མཉམ་དུ་སོང་བས་ལས་ཀ་ཚང་མ་གེགས་མེད་མཐར་ཕྱིན་གྱིས་འགྲུབ་སོང་། དེ་ནས་སུ་སིན་ངེད་གཉིས་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཉིས་ཙམ་སོང་ནས་ནང་དུ་འབྱོར་ཞིང་དགོང་ཟས་སུ་ཤ་ཁུ་ཞིག་བཀོལ་ཞིང་རྩམ་པ་ཞིག་རྫིས་ནས་མཉམ་དུ་ཟོས་པས་ཞིམ་པོ་དཔེ་མེད་ཅིག་བྱུང་། དེ་ནས་ཉལ་སར་སོང་ནས་ནང་ཆེན་ནང་དུ་ཡོད་པའི་ངོས་ཀྱི་སྲིང་མོ་ལ་ཁ་པར་ཞིག་གཏང་བས་མོ་རང་ནས་དེ་རིང་ང་ཚོའི་བསང་གསོལ་གཏང་བ་ཡིན་ཡག་པོ་བྱུང་སོང་ཟེར་བ་ལས་གཞན་སྐད་ཆ་རྣམས་ཁ་ཐུག་བཤད་ཕོད་ཀྱི་མི་འདུག ངས་ཀྱང་མ་ལ་བུ་མོ་སྐྱེས་པ་གོ་དེ་རིང་ཆོད་པ་རེད་ད་དུང་གསང་གསོལ་གཏང་བྱུང་ན་ནང་དུ་ཡིབ་མ་བསྡད་ནས་འགྲོ་དགོས་པའི་བསྐུལ་འདེད་བྱས་པ་ཡིན། མོ་རང་ནི་ཆུང་ཆུང་སྐབས་སུ་རྒྱ་གཞུང་གི་སློབ་གྲར་སོང་ནས་ཡིག་རྒྱུག་འཕྲོད་ཅིང་རྒྱ་ནག་གཞུང་གི་ལས་བྱེད་རྙིང་པའི་གྲས་ཤིག་ཡིན་ཀྱང་བོད་ཀྱི་ལ་རྒྱ་ཡོད་མཁན་ཞིག་རེད། ད་ལྟ་ཤོར་མདའ་རྫོང་གི་སྨན་ཁང་ནང་དུ་ལས་ཀ་ཡོད་སྐད་འདུག ད་དུང་ངོས་ཀྱི་ཁ་པར་གྱི་བྱང་བུའི་ནང་དུ་ཨ་སྒོར་གསུམ་ཙམ་ཡོད་པས་རྫ་སྟོད་རྫོང་ལ་ཡོད་པའི་ངོས་ཀྱི་སྤུན་མཆེད་ལ་ཁ་པར་ཞིག་གཏང་བས་ཁོ་རང་ནས་ཟེར་ན་ད་ལྟ་རྫ་སྟོད་རྫོང་གི་ནང་ནས་གཞོན་སྐྱེས་གཙོར་བྱས་པའི་མི་གྲངས་ལྔ་བརྒྱ་ཙམ་གྱིས་ཁ་ནས་རྒྱལ་བའི་ཞབས་བརྟན་བགྲངས་ནས་གྲོང་དཀྱིལ་ནས་ཡར་འགྲོ་མར་འགྲོ་ཆུ་ཚོད་གཅིག་ཙམ་བྱས་ཤིང་ཁ་ཤས་ཀྱིས་བོད་མིའི་སྤྱི་བདེ་དམག་མི་ལ་གདོང་གཏུགས་ནས། ཁྱེད་རང་ཡང་བོད་པ་རེད་ང་ཡང་བོད་པ་རེད་ང་དང་ཁྱོད་གཉིས་གཅིག་པ་རེད། ཁྱོད་རང་བུ་དཔའ་བོ་ཡིན་ན་ཁྱོད་རང་ལག་ཏུ་ཡོད་པའི་གུན་ཕྲན་ཏང་གི་མེ་མདའ་དེ་ད་ལྟ་ངོས་ཀྱི་བྲང་དུ་རྒྱོབ་དང་སོགས་ཟེར་ནས་ཧ་ཅང་ཟིང་ཆ་ཆེན་པོ་བྱས་སོང་ཟེར། དེ་ནས་ཉེན་གཏོགས་པ་མང་པོ་འབྱོར་བྱུང་བས་བོད་པ་རྣམས་ཀྱིས་གནས་སྐབས་མཚམས་འཇོག་བྱས་སོང་ཟེར་བས་ངས་ཀྱང་གནས་ཚུལ་གང་ཡོད་པ་དེ་རབ་ཏུ་བྱུང་ན་གློག་བརྙན་ལེན་པ་དང་མ་བྱུང་ནའང་པར་རྒྱག་ཐུབ་པར་གྱིས་ནས་ངོས་ལ་གཏང་ཤོག་ཞེས་བསྐུལ་མ་འདྲ་བྱས་པ་ཡིན། དེ་རིང་གི་ཉིན་ཐོ་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

No comments:

Post a Comment