Translate

Thursday, October 17, 2013

བདུན་ཕྲག་གཅིག་རིང་བདེ་ཆེན་ཞིང་སྒྲུབས་སྐབས་ཀྱི་བདུན་ཐོ།


འདས་པའི་བདུན་ཕྲག་གཉིས་རིང་ཨ་རིའི་ནུབ་བྱང་བོད་རིག་ཚོགས་པའི་གོ་སྒྲིག་ལྟར་པོར་ལེན་ཌི་ལ་བདེ་ཆེན་ཞིང་སྒྲུབ་འཚོགས་ལ་སོང་། འདི་ལོའི་བདེ་ཆེན་ཞིང་སྒྲུབ་ནི་ས་གནས་འདིར་བཙུགས་ནས་ལོ་དྲུག་པ་དེ་ཡིན། ཉིན་ལྟར་ཞོགས་པ་ཆུ་ཚོད་དྲུག་པ་ནས་བཟུང་སྟེ་དགོངས་མོ་ཆུ་ཚོད་ལྔ་པའི་བར་འཚོགས་ཀྱི་ཡོད། ཞོགས་པ་ཉིན་ལྟར་བསྙེན་གནས་ཡན་ལག་བརྒྱད་པའི་གསོ་སྦྱོང་གི་སྡོམ་པ་ཚར་མ་ཐག་ཞོགས་ཟས་མཆོད་ཅིང་དེ་ནས་གནམ་ཆོས་འོད་ཆོག་འདི་ཉིད་དབུར་བཟུང་ནས་འདོན། ངོས་ནས་ནམ་རྒྱུན་རྒྱ་གར་ལྷོ་ཕྱོགས་སོགས་བོད་རིགས་རྣམས་ལ་ཞིང་སྒྲུབ་འཚོགས་པའི་སྐབས་སུ་ཟུར་མང་མཁན་ཆེན་པདྨ་རྣམ་རྒྱལ་ནས་ཆགས་མེད་ར་གས་མཛད་པའི་བདེ་ཆེན་སྨོན་ལམ་ལ་ཆོག་བསྒྲིགས་གནང་བའི༼བདེ་ཆེན་ཞིང་གི་སྒྲུབས་ཐབས་པདྨ་དྲ་བ༽ཞེས་པ་འདི་ཉིད་འདོན་གྱི་ཡོད། འོན་ཀྱང་ཨ་རིའི་ལུང་པ་འདིའི་མི་རིགས་རྣམས་ནི་ཉིན་མཚན་མེད་པར་གཞན་ཁོལ་བྲན་གཡོག་ཏུ་གྱུར་ནས་དུས་ཚོད་མེད་སྟབས་གནམ་ཆོས་འོད་དཔག་གི་ཆོ་ག་འདི་གསེར་གྱི་ཚབ་ཏུ་ར་གན་གྱི་དཔེ་ལྟར་འདོན་གྱི་ཡོད། ངས་གནམ་ཆོས་འོད་དཔག་མེད་ཀྱི་ཆོ་ག་འདིའི་ནང་དུ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་བྱེད་པ་མ་ཟད་འདོན་རྒྱུའི་ཆོ་ག་ཉིད་སྒོམ་དོན་དང་། སྒོམ་དོན་ཉམས་ལེན། ཉམས་ལེན་ཉིད་ཀྱང་ཉོན་མོངས་ཀྱི་གཉེན་པོར་འགྲོ་བའི་ཐབས་ཤེས་ཀྱིས་ཁ་དིག་དིག་བར་དུ་རང་ལ་ཉམས་ལེན་མེད་ཀྱང་རང་གིས་གང་ཤེས་ལྷག་བསམ་ཡིན་ཁུལ་གྱིས་བཤད། ང་ནི་ཆོས་བཤད་ཀྱི་མཁན་པོ་དང་། ཆོ་གའི་དབུ་མཛད་སོགས་གཅིག་ཅོག་བྱེད་དགོས་དུས་དགོངས་མོར་ཐང་ཆད་ཀྱི་འདུག་ཀྱང་ཆོས་ཕྱིར་དུ་དཀའ་སྤྱད་དུ་བསམ་ནས་སྙིང་རུས་དགའ་རབ་བྱས།
ང་ནི་པོར་ལེན་ཌི་བོད་པ་འདི་རྣམས་དང་ཆོས་ཕྱོགས་ནས་འབྲེལ་བ་ཧ་ཅང་གཏིང་ཟབ་ཏུ་སོང་ནས་ལོ་དྲུག་ཙམ་ཡིན། ད་ལོའི་ཉིན་རྒྱབ་ཀྱི་ཆོས་ཐུན་ལ་ཆགས་མེད་བདེ་སྨོན་འདི་ཚིག་དོན་གཉིས་ཀའི་ཐོག་ནས་འགྲེལ་བཤད་གང་ཤེས་བྱས། ཉིན་ཐ་མའི་ཆོས་ཐུན་ལ་ཀར་གླིང་གཏེར་མ་བར་དོ་དྲུག་གི་རྩ་ཚིག་ནང་བར་དོ་དྲུག་པོའང་རེ་རེ་བཞིན་ཆོས་བཤད་བྱས་པས་མི་མང་ཧ་ཅང་དགའ་བོ་བྱུང་། མི་མང་དགའ་ན་ངས་དཀའ་ལས་རྒྱབ་པའི་དོན་གོ་ཆོད་པ་ཡིན། སྤྱོད་འཇུག་ལས། རྩོམ་པ་ཐམས་ཅད་དགའ་ཕྱིར་ཏེ། དེ་ནི་རིན་གྱིས་ཉོས་ནའང་དཀོན། གསུངས་པ་ལྟར་རོ། ཁ་སང་སྤྱི་ཚེས་བཅུ་བཞི་ཉིན་མོ་བདེ་ཆེན་ཞིང་སྒྲུབས་ཚོགས་འཁོར་བཅས་ཀྱིས་ལེགས་བར་གྲུབ་ནས་སྤྱི་ཚེས་བཅུ་ལྔ་ཉིན་མོ་ཞི་བྱེད་བཅོད་ཀྱི་བསྟན་པའི་བདག་པོ་བླ་མ་དབང་འདུས་དང་མཉམ་དུ་ངོས་ཀྱི་ཆོས་གྲོགས་ཞིག་གི་ནང་དུ་བཅོད་ཚོགས་མཉམ་དུ་འདོན་རྒྱུའི་གོ་སྐབས་བྱུང་བས་ཧ་ཅང་སྐྱིད་པོ་བྱུང་། ཁོང་གི་མདུན་ནས་བཅོད་ཁྲིད་མདོར་བསྡུས་ཞིག་ཀྱང་ཞུས། སྤྱི་ཚེས་བཅུ་དྲུག་ཉིན་པོར་ལེན་ཌིའི་གནམ་ཐང་རྒྱུད་ནས་ཀི་ལི་ཧྥོ་ཉའི་གནམ་ཐང་དུ་ཡོང་། གནམ་ཐང་ནས་ཨ་མ་སུ་སིན་ནས་ལག་ཁ་གཏགས་ཀྱིས་སྒུགས་འདུག་ངེད་གཉིས་ཤར་རྒྱགས་ནང་དུ་འབྱོར།།

Thursday, October 3, 2013

པོར་ལེན་ཌིའི་ལ་སོང་བའི་ཉིན་མོ།

པོར་ལེན་ཌིའི་ཆོས་གྲོགས་རྣམས་དང་ལྷན་དུ།
དེ་རིང་གི་ཉིན་མོ་འདིར་ངོས་ཀྱི་ཆོས་གྲོགས་པདྨ་ཆོས་འཕེལ་དང་བདེ་ཆེན་གཉིས་ནང་དུ་འབྱོར་སོང་།  དེ་ནི་ལོ་ལྟར་རེ་ཞིག་ས་གནས་འདིར་བདེ་ཆེན་ཞིང་སྒྲུབས་འཚོགས་རྒྱུ་ཡོད་པ་དེ་ཡིན། ད་ཐེངས་ཀྱི་བདེ་ཆེན་ཞིང་སྒྲུབ་འདི་ཐེངས་མ་དྲུག་པ་ཡིན། ད་ནང་ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་གསང་ཧོ་སེའི་གནམ་ཐང་དུ་ངོས་ཀྱི་དགེ་ཕྲུག་ཨ་མ་ཀུན་བཟང་དབང་མོ་དང་ཆོས་དབྱིངས་སྒྲོལ་མ་གཉིས་ནས་བསྐྱེལ་མ་བྱས་སོང་།  ཆུ་ཚོད་བཅུ་པའི་སྐབས་སུ་པོར་ལེན་ཌིའི་གནམ་ཐང་དུ་འབྱོར་བྱུང་།  གནམ་ཐང་དུ་ནུབ་བྱང་བོད་རིགས་ཚོགས་པའི་ཚོགས་གཙོ་བདེ་ཆེན་དཔལ་མཚོ་དང་།  ཆོས་གྲོགས་ཚེ་བརྟན་དབང་ཕྱུག་གཉིས་ནས་ངོས་ལ་ཡོངས་སྒུག་བྱས་འདུག  ང་ནི་པོར་ལེན་ཌིའི་བོད་རིགས་རྣམས་ལ་ཆོས་ཕྱོགས་ཀྱི་ཆ་ནས་འབྲེལ་ལམ་ཧ་ཅང་ཆེན་བོ་ཡོད།  ཡུན་རིང་མ་འཕྲད་པའི་ཆོས་གྲོགས་པདྨའི་ནང་མི་དང་ལྷན་དུ་འདི་ལོར་པོར་ལེན་ཌིའི་ནང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རིགས་རྣམས་ལ་བཀའ་སློབ་གནང་བའི་བརྙན་འཕྲིན་དུམ་བུ་ཞིག་མཉམ་དུ་མཇལ།  དགོང་ཟས་དང་ཞོར་དུ་པདྨ་ཆོས་འཕེལ་ནས་ཉེ་ཆར་གསར་དུ་ཉོས་པའི་ཀུ་ཤུ་རྟགས་ཅན་གྱི་རྩིས་འཁོར་ལག་ཁྱེར་དེ་བེད་སྦྱོད་གཏང་སྟངས་སྐོར་བསླབ་གནང་སོང་། དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Wednesday, October 2, 2013

པོར་ལེན་ཌི་ནང་དུ་བདེ་ཆེན་ཞིང་སྒྲུབ་འཚོགས་ལ་སོང་བའི་ཉིན་མོ།


ཉིན་མོ་འདིར་ཞོགས་པ་སྔ་བོ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཆུ་ཚོད་གཅིག་ཙམ་བྱས། ནང་དུ་འབྱོར་ནས་ཞོགས་ཟས་མདོར་བསྡུས་ལ་རོལ། ཚར་མ་ཐག་ཏུ་གློ་ཁུག་ནང་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་དགེ་ཕྲུག་ཁེའུ་ཐིའུ་རེད་འདུག ཁོང་གི་གྲོགས་མོ་ཚེ་ལས་འདས་ནས་དེ་རིང་གི་ཉིན་མོ་འདིར་ཞེ་དགུ་ལ་ཁེལ་ཡོད་པས་དེའི་སྐོར་རེད་འདུག ཁོང་གི་འདོད་པ་ལྟར་དུ་ཆུ་ཚོད་གསུམ་པའི་སྐབས་སུ་ཁོ་རང་ནང་དུ་སོང་ནས་ཚེ་འདས་མ་གྲོགས་མོའི་ཆེད་དུ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་ཀྱི་སྒོ་ནས་བྱང་ཆོག་མདོར་བསྡུས་ཀྱིས་ཁྱོ་ཤུག་ཤི་གསོན་གཉིས་ཀྱི་རེ་ཁ་ཡོངས་སུ་བསྐང་། 
སང་ཉིན་ཞོགས་པ་སྔ་བོ་ཆུ་ཚོད་ལྔ་པའི་སྐབས་སུ་གསང་ཧོ་སེའི་གནམ་ཐང་རྒྱུད་ནས་པོར་ལེན་ཌི་ལ་བོད་རིགས་རྣམས་དང་མཉམ་ལྷན་དུ་བདེ་ཆེན་ཞིང་སྒྲུབ་འཚོགས་ལ་འགྲོ་དགོས། འདི་ལོའི་བདེ་ཆེན་ཞིང་སྒྲུབ་ནི་ས་གནས་དེར་འཚོགས་ནས་ད་ལོར་ཐེངས་མ་དྲུག་པ་དེ་ཡིན། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཨ་མ་རྒན་མོ་སུས་སིན་ངོས་ཀྱི་ཅ་དངོས་བསྡུ་གསོག་བྱེད་ལ་སླེབས་སོང་ངེད་གཉིད་ནས་སང་ཉིན་གྱི་འགྲོ་ཆེས་ཡོངས་རྫོགས་ཚར་བར་བྱས། 
ཉིའུ་ཡོག་ཏུ་ཡོད་པའི་ཆོས་གྲོགས་མགོན་པོ་མཉམ་དུ་ཁ་པར་ནང་ནས་སྐད་ཆ་ཐུང་ཙམ་བྱས་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Monday, September 23, 2013

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས།

སྨན་འདམ་ལས་གྲུབ་པའི་འོད་དཔག་སྐུ།
དེ་རིང་ནི་འཆར་ཅན་ལྟར་དུ་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་དེ་ཡིན་པས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་འཚོགས་ཁང་ནང་དུ་སོང་བས་མི་གྲངས་བཅོ་ལྔ་ཙམ་ཞིག་ནས་ངོས་ལ་ཡོང་སྒུག་བྱས་འདུག ཐག་ཉེར་ཡོད་པའི་ཀོ་རི་ཡའི་ཆོས་ཚོགས་དེར་གྲྭ་པ་གཉིས་ཡོད་པ་དེ་ནི་རི་གཅིག་ལ་འཁོར་བའི་ཤྭ་རྐྱང་གི་དཔེ་ལྟར་དུ་ངོས་ཀྱི་ཆོས་གྲོགས་ཡག་ཤོས་དེ་ཡིན། དེ་རིང་ཀོ་རི་ཡའི་གྲྭ་པ་ཆུང་བ་དེ་བདེ་ཆེན་ཞིང་སྒྲུབ་འཚོགས་ལ་ཕེབས་འདུག མ་ཟད་ངོས་ཀྱི་གྲོགས་པོ་སྐད་གྲགས་ཅན་གྱི་མཛུབ་གནོན་སྒྲ་སྙན་གཏོང་མཁན་ཕོ་གསར་མེའི་ཁོའི་ཡང་སླེབས་ནས་འོད་དཔག་གི་བརྒྱུད་འདེབས་དང་། ཨ་མི་དྷེ་ཝའི་བསྙན་དབྱངས་སྐབས་སུ་མཛུབ་གནོན་སྒྲ་སྙན་གཏང་བྱུང་བས་མི་མང་ནས་ཧ་ཅང་དགའ་བོ་བྱས་སོང་། སྐད་བསྒྱུར་རྒྱུད་ནས་ནང་ཆོས་ཀྱི་ཕན་ཡོན་དང་ཉམས་ལེན་བྱེད་སྟངས་སྐོར་མདོར་བསྡུས་ཞིག་བཤད་ནས་བདེ་ཆེན་ཞིང་སྒྲུབ་ཆོ་ག་འབྲིང་པོ་བྱས་ནས་བཏོན། མདུན་བསྐྱེད་འོད་ཞུའི་སྐབས་སུ་མཉམ་བཞག་ངང་སྒོམ་རྒྱབ་ནས་མཐར་བསྔོ་སྨོན་སོགས་ཀྱིས་མཐའ་རྒྱན་ནས་དེ་རིང་གི་ཆོ་ག་གྲུབ།
ཆོས་ཚོགས་ཀྱི་དྲུང་ཡིག་ཆོས་མིང་དུ་ཀརྨ་ཡེ་ཤེས། ཡུལ་མིང་དུ། ཁ་ཡོའི་ནས་ལོ་རྗེས་མར་ངོས་ཀྱི་སློབ་མ་རྣམས་ཉིན་གསུམ་རིང་མཚམས་ལ་འདུག་རྒྱུའི་དེ་ཡི་སྐོར་སྐད་ཆ་ཁ་ཤས་བཤད་བྱུང་། ང་ཡང་སང་ཉིན་ནས་ཁ་སང་གི་མཚམས་ཀྱི་འཕྲོ་དེར་ཉིན་གསུམ་རིང་མཚམས་ལ་འདུག་རྒྱུའི་སྐོར་སྐད་ཆ་བྱས་ནས་མི་མང་ལ་གྱེས་བྲལ་གྱི་ཕྱག་རྒྱ་དང་ལག་འཇུ་སོགས་ཅི་རིགས་བྱས། ནང་དུ་འབྱོར་ཞིང་དེ་རིང་གི་ཉིན་ཐོ་མ་ཆད་ཙམ་ཞིག་བཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Sunday, September 22, 2013

ཤིང་སྡོང་བྱིན་རླབས་བྱེད་ལ་སོང་བའི་ཉིན་མོ།

ཤིང་སྡོང་བྱིན་རླབས་ཀྱི་སྐབས་སུ། པར་པ་རྗེའུ་ཧྥུ།
དེ་རིང་ཞོགས་པ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་ཆུ་ཚོད་གཅིག་ཙམ་རིང་རྐང་འགྲོས་བྱས་ནས་ནང་དུ་འབྱོར་ཞིང་ཞོགས་ཟས་ལ་རོལ། 
དེ་རིང་གི་བསྒྲུབ་བྱ་གཙོ་བོ་ནི། ཉེ་བའི་ཆར་དུས་ཆད་བྱས་པ་ནང་བཞིན་ཉིན་གུང་ཆུ་ཚོད་དང་པོའི་སྐབས་སུ་འདི་ནས་སྐར་མ་བཞི་བཅུ་ཙམ་གྱི་སར་ཡོད་པའི་ས་གནས་འདིའི་གཞུང་གི་ཤིང་ནགས་བྱེ་མ་ལེབ་གནས་བསྡོད་བྱེད་ས་ཞིག་ཡོད་པ་དེར་རབ་གནས་དང་ཁྲུས་གསོལ་བྱེད་ལ་འགྲོ་དགོས་པས་དེར་སོང་བས་མི་གྲངས་བརྒྱ་མ་ཟིན་ཙམ་ཞིག་ནས་ངོས་ལ་ཡོང་སྒུག་བྱས་འདུག 
ང་ནི་དེར་འབྱོར་མ་ཐག་ཤིང་སྡོང་བྱིན་རླབས་ཀྱི་གྲ་སྒྲིག་འགན་འཛིན་ངོས་ཀྱི་གྲོགས་པོ་རྦར་སྦུའི་ནས་མི་མང་ལ་ང་ངོ་སྤྲོད་མདོར་བསྡུས་ཚར་མ་ཐག་ངོས་ནས་དབྱིན་ཇི་ཆགས་རོ་དེ་རྒྱབ་ནས་དེ་རིང་འདིར་སླེབས་ཐུབ་པ་དགའ་ཚོར་བྱུང་བ་སོགས་མཚམས་སྦྱོར་མདོར་བསྡུས་བྱས་ནས་སྔ་ལོར་ངོས་ནས་བྲིས་པའི་འབྱུང་བཞིའི་བྱིན་རླབས་དབྱིན་བསྒྱུར་བྱས་པ་དེ་ཚར་གཅིག་མཉམ་དུ་བཏོན། 
དེ་ནས་བོད་ལུགས་ལྟར་དུ་རབ་གནས་དང་ཁྲུས་གསོལ་བྱས་པས་ཚང་མ་འགའ་བོ་བྱུང་སོང་།  
ས་གནས་འདིར་ཡོད་པའི་ཤིང་སྡོང་དེ་རྣམས་ཨ་རིའི་གཞུང་དང་ས་གནས་འདིར་ཡོད་ཀྱི་མི་མང་རྣམས་རྩོད་རྙོག་ཐུག་ནས་ལོ་མང་སོང་སྐད་འདུག ཨ་རིའི་གཞུང་ནས་ཤིང་སྡོང་རྣམས་བཅད་ནས་ས་ཆ་འདིར་གཞུང་གི་ཁང་པ་རྒྱག་དགོས་ཟེར་བ་དང་། ས་གནས་མི་མང་ནས་དེ་ལ་ངོས་ལེན་མེད་པར་ཤིང་སྡོང་རྣམས་སྲུང་སྐྱོབ་བྱེད་དགོས་ཞེས་ཕན་ཚུན་གཞུང་དང་མི་མང་བར་རྙོག་དྲ་ཡོད་པ་རེད་འདུག
ངས་ནི་དེ་རིང་ཤིང་སྡོང་བྱིན་རླབས་བྱེད་པའི་སྐབས་སུ་ཉེ་བའི་ཆར་ངོས་ཀྱི་གྲོགས་པོ་རྗེའུ་ཧྥུ་རྒྱ་གར་ལ་སོང་ནས་ཆུ་བོ་གངྒ་ནས་ཁྱེར་ཡོང་པའི་ཆུ་ཞིག་ཡོད་པ་དེ་ཤིང་སྡོང་དང་ས་གནས་རྣམས་སུ་གཏོར་བ་ཡིན། 
སྔ་ལོར་ཤིང་སྡོང་བྱིན་རླབས་བྱས་པའི་སྐབས་སུ་ཤིང་སྡོང་གི་རྩེ་ནས་འཇའ་གུར་ཕུབ་པ་དང་ངོས་ཀྱི་པར་ནང་དུ་མཚོན་མདངས་འདྲ་མིན་སླེབས་པ་སོགས་ཡོད་སྐད་འདུག འདི་ལོར་ཡང་ཤིང་སྡོང་བྱེད་བཞིན་པའི་སྐབས་སུ་ཤིང་སྡོང་གི་རྩེ་ནས་ཁྲ་དང་གླག་གཉིས་མཉམ་དུ་སྡིང་སྐོར་བྱས་པ་སོགས་མི་མང་པོ་ཞིག་ནས་མཐོང་འདུག ལུང་པ་འདིར་ཁྲ་དང་གླག་གཉིས་མཉམ་དུ་འཕུར་བ་མཐོང་ན་དེ་ནི་ལྟས་བཟང་ཞིག་ཏུ་ངོས་འཛིན་བྱེད་སྲོལ་ཡོད་སྐད། ངོས་ནི་སོ་སྐྱེ་ཉོན་མོངས་རགས་པ་ཙམ་ཡང་མགོ་གནོན་མ་ཐུབ་པའི་མི་ཞིག་ལ་གར་སོང་གར་བསྡད་ལ་བཀྲ་ཤིས་པའི་ལྟས་འཇའ་འོད་ཤར་མི་སྲིད་ཀྱང་དད་ལྡན་མ་ཨ་མ་རྒན་མོ་སུས་སིན་གཙོས་ངོས་ལ་ཧ་ཅང་དད་གུས་ཆེན་པོ་ཅན་ཅི་མཛད་ལེགས་པར་མཐོང་བ་དང་། ཅི་གསུངས་ཚད་མར་འཛིན་མཁན་ཞིག་ཡིན་པའི་ཆ་ནས་དད་པ་ཅན་གྱི་ངོ་ལ་རྒན་མོར་ཁྱི་སོའི་རིང་བསྲེལ་གྱི་དཔེ་ལྟར་གང་ཡང་སྣང་ཆོག་པ་ནི་ཆོས་ཉིད་ཡིན་པས་སུས་འགོགས་ཐུབ།
དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Saturday, September 14, 2013

པདྨ་འོད་གསལ་གླིང་ལ་སོང་བའི་ཉིན་མོ།

བླ་མ་མཐར་ཕྱིན་དགོངས་རྫོགས་མཆོད་འབུལ་བྱེད་བཞིན་པ།
ཉེ་བའི་ཆར་རྦིག་གསུར་ཞེས་སྐད་གྲགས་ཅན་གྱི་ས་ཆ་དེར་ཉིན་ཁ་ཤས་མཚམས་ལ་བསྡད་ལ་སོང་། དེ་རིང་ནི་ངོས་ཀྱི་ཆོས་གྲོགས་བླ་མ་མཐར་ཕྱིན་རིན་པོ་ཆེ་དགོངས་པ་རྫོགས་ནས་ཞགས་པོ་ཞེ་དགུའི་ཉིན་མོ་ཡིན་པས་པདྨ་འོད་གསལ་གླིང་འདུས་སྤྱི་ཐུན་མོང་གི་ངོ་ལྟར་ཞོགས་པ་ཆུ་ཚོད་བརྒྱད་ནས་མཚམས་ཧར་ལང་བྱས་ནས་པདྨ་འོད་གསལ་གླིང་ལ་མི་ཡོང་ཁག་མེད་ཆགས་སོང་། དེ་རིང་ནི་མི་མང་གིས་འཚང་ཁ་ཤིག་ཤིག་རེད་འདུག དེ་རིང་གི་རྡོ་རྗེ་སློབ་དཔོན་རུ་ཞིང་གཤེགས་བླ་མ་མཐར་ཕྱིན་རིན་པོ་ཆེའི་ཚ་བོ་སློབ་དཔོན་འཇིགས་མེད་དང་། གཞན་མཁན་སྤྲུལ་ངོ་ཤེས་པ་མདོར་ན་ཁྲི་འཐོབ་ཀྱི་བན་སྔགས་བདུན་བརྒྱད་ཙམ་ཞིག་དང་། ཕྱི་རྒྱལ་མགོ་སེར་བོད་རིགས་ཁ་ཤས་བཅས་བསྡོམས་པས་དེ་རིང་མི་གྲངས་ཉིས་བརྒྱ་མ་ཟིན་ཙམ་ཞིག་འདུག 
དེ་རིང་གི་ཆོ་ག་ནི་སྨིན་གླིང་རྡོར་སེམས་བླ་མ་མཆོད་པའི་ཚོགས་མཆོད་དང་དབང་ལེན་སོགས་རེད་འདུག ངོས་ནི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་སྐུ་དྲིན་གྱིས་བཀའ་རྙིང་གི་ཆོ་ག་ཕྱག་ལེན་དང་བཅའ་འདོན་གར་སྟབས་སོགས་ལ་གང་དུ་སོང་ཀྱང་ངོ་གནོང་མི་དགོས་ཙམ་ཞིག་ཡོད་པས་དེ་རིང་གི་འདོན་པའི་རྟ་དབྱངས་དང་། ཕྱག་རྒྱ་གར་པད་སོགས་ཅུང་མི་འདྲ་ཡང་ཕལ་ཆེར་གཅིག་མཚུངས་རེད་འདུག ངས་ཀྱང་སྔ་ནས་གྲ་སྒྲིགས་བྱས་ཟིན་པའི་བླ་མ་མཐར་ཕྱིན་རིན་པོ་ཆེའི་སྐུ་པར་ཟླ་ཤས་གོང་ནས་ངོས་ཀྱི་དགེ་ཕྲུག་རྣམས་དང་ལྷན་ཁོང་མཇལ་ཁར་སོང་བའི་སྐབས་སུ་པར་པ་ངོས་ཀྱི་དགེ་ཕྲུག་ཨོ་ཤང་ནས་བླངས་པའི་པར་སྤུས་ལེགས་ཞིག་ཡོད་པ་པར་བརྒྱ་ཐམ་པ་བཟོས་ནས་དེ་རིང་མི་མང་ལ་སྤྲད་ཀྱང་མི་ཕྱེད་ཀ་ཙམ་ལ་ཐོབ་མ་སོང་ཀྱང་ཐབས་ཤེས་གང་ཡང་མི་འདུག
པདྨ་འོད་གསལ་གླིང་ལ་ཅུང་མི་འདྲ་བ་ཞིག་ཡོད་པ་དེ་ནི་ཚོགས་དྲངས་པའི་སྐབས་སུ་གཞོན་ནུ་མཛེས་མའི་མཆོད་གཡོག་རེ་མཁན་སྤྲུལ་བན་སྔགས་རེའི་མདུན་དུ་ལངས་ནས་ལག་གཡོན་པའི་ནང་དུ་ཨ་རག་ཤེལ་བུམ་གང་རེ་དང་ལག་གཡས་པའི་ནང་དུ་ཚོགས་རྫས་ཀྱིས་བཀང་བའི་སྡེར་མ་རེ་ལག་སྣོལ་མའི་ཚུལ་དུ་འབུལ་སྲོལ་འདུག ཕར་ལྟ་དུས་ལེན་པ་པོས་ཀྱང་ལག་སྣོལ་མའི་ཚུལ་དུ་ལེན་དགོས་འདུག ངས་ནི་མི་ཚེ་དེར་ཨ་རག་ཧུབ་འཐུང་བྱེད་མྱོང་མེད་པས་དམ་ཚིག་གི་རྫས་ཀྱི་ཚུལ་དུ་ལྕེ་ཐོག་ཏུ་མྱང་ཙམ་བྱས་ནས་བཞག་ཀྱི་ཡོད། གཡས་གཡོན་གྱི་བན་སྔགས་རྣམ་པས་ཨ་རག་ལ་རྔུབ་འཐུང་དང་ཚོགས་ཤ་ལ་ཧབ་ཟོས་བྱེད་ཀྱི་འདུག་པས་ཕལ་ཆེར་ཉིན་གུང་ཟ་མའི་དོད་འདྲ་ཆགས་སོང་། 
དེ་ནས་ཆུ་ཚོད་གཉིས་པའི་སྐབས་སུ་འདོན་པ་ཚར་སོང་བས་བན་སྔགས་མཁན་སྤྲུལ་རྣམས་ལ་གྱེས་བྲལ་གྱི་ཐོད་གཏུག་དང་། ལག་འཆང་། འཐམ་འཁྱུད་སོགས་ཅི་རིགས་བྱས་ནས་ཨ་མ་སུས་སིན་ངེད་གཉིས་རླངས་འཁོར་སྐར་མདའ་ཆད་པ་ནང་བཞིན་མོན་ཊེའི་རུའི་ལ་དགོངས་མོ་ཆུ་ཚོད་ལྔ་པའི་སྐབས་སུ་འབྱོར། 
དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་བཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Saturday, September 7, 2013

ངོས་ཀྱི་སྐྱེ་ཡུལ་ལུང་པའི་པར་འབྱོར་བའི་ཉིན་མོ།

ངོས་ཀྱི་སྐྱེ་ཡུལ་གྱི་གྲོང་གསེབ།
ད་ནངས་ཞོགས་པ་ཉིའུ་ཡོག་ལ་ཡོད་པའི་ངོས་ཀྱི་ཕ་ཡུལ་གཅིག་པ་ཆོས་གྲོགས་ཨོ་རྒྱན་དར་རྒྱས་ནས་ཁ་པར་སླེབས་སོང་། ཁོང་ནས་གསུངས་ན་ངོས་ཀྱི་གྲོགས་པོ་ཞིག་ནས་ང་ལ་ཕ་ཡུལ་གྱི་པར་གཏངས་ཡོད་པའི་བརྡ་ལན་དེ་རེད་འདུག ཉོས་ནས་ལོ་དགུ་ཙམ་སོང་བའི་རྩིས་འཁོར་ལག་ཁྱེར་གོག་ཏོ་དེ་གློ་བུར་དུ་ཁ་ཕྱེས་ནས་གློག་འཕྲིན་དུ་འཛུལ་བས་ལོ་དྲུག་བདུན་ཡར་སྔོན་ནས་ངོ་ཤེས་པ་མ་ཟད་རྡ་སའི་སྲང་ལམ་དོགས་མོའི་ལམ་ཟུར་དུ་ཉོ་རྒྱུ་ཡོད་པའི་ངོས་ཀྱི་ཟ་མ་དགའ་ཤོས་གློ་བ་ཁ་ཚ་དང་། རྒྱུ་མ་རྔོས་མ་མཉམ་ཟ་དང་། རྒྱ་གར་ལྕགས་ཤོག་ཁང་རལ་ནང་ནས་ཇ་མངར་མོ་མཉམ་འཐུང་བྱེད་མྱོང་ཡོད་པའི་གསོག་སྒར་སློབ་གྲྭའི་བུ་ནང་ཆེན་བ་ཀརྨ་རེད་འདུག ཁོང་ནི་རྒྱ་གར་བོད་གཞུང་གསོག་སྒར་སློབ་གྲྭའི་ནང་དུ་སློབ་སྦྱོང་གང་ལེགས་བྱས་ནས་ཉེ་བའི་ལོ་ཤས་གོང་ནས་བོད་ལ་སོང་། ད་ལྟ་ཁོང་ནང་ཆེན་བའི་གཞོན་སྐྱེས་ཚོང་པའི་ཁྲོད་ནས་བུ་འཇོན་ཤོས་ཞིག་ཆགས་ཡོད་སྐད་འདུག ཉེ་བའི་ཆར་ང་ཡི་རེ་འདོད་ལྟར་དུ་ཁོང་ནས་ད་རེས་ངོས་ཀྱི་ཕ་ཡུལ་དང་མ་ཟད་ངོས་ཀྱི་ཕ་དགོན་ཁྲ་མོའི་རི་ལུང་གི་ཁོར་ཡུག་རྣམས་པར་བླངས་ནས་སྐུར་འདུག ངས་པར་དེ་རྣམས་མཐོང་སྐབས་སུ་ཆུང་དུས་ཡུལ་མིའི་ཕྲུག་གུ་རྣམས་དང་མཉམ་དུ་ར་ལུག་གི་རྫི་བོ་བྱས་ནས་འུར་རྡོ་ཁྲ་མོ་ཀླད་ལ་བསྐོར་བཞིན་ངག་ནས་རྫི་གླུ་ལེན་ཅིང་སོང་བ་རྣམས་དབང་མེད་དུ་ཡིད་ལ་འཁོར་བཅུག་སོང་། ལྷག་པར་དུ་ངོས་ཀྱི་དགོན་པའི་ཤར་ཕྱོགས་སུ་དམར་ཧྲང་ངེར་གྱེན་ལ་ལངས་པའི་རྫ་རི་དམར་པོ་འདི་ནི་ངོས་ཀྱི་ཕ་སྐྱེས་ཀྱི་ཡུལ་ལྷ་ཟོ་དོར་མདོ་ཁམས་སྐུ་རྒྱལ་གྱི་པར་ཉིད་མཐོང་བའི་སྐབས་སུ་ལ་ཕར་རྒྱབ་དེར་ངོས་ཀྱི་སྐྱེ་ཡུལ་རྡོ་ཁྱུག་གྲོང་ཞེས་པའི་ཡུལ་འབྲོག་འདྲེས་མའི་གྲོང་པ་ཁྱིམ་མཚེས་སྐྱོ་བོ་རྣམས་ཀྱང་རེ་རེ་བཞིན་མེ་ལོང་ནང་དུ་གཟུགས་བརྙན་ལྟར་དུ་ཡིད་ལ་འཁོར་བྱུང་། ང་ནི་མི་འདོད་བཞིན་དུ་ཕ་ས་བཞག ས་མཐར་འཁྱར་བའི་ཆོས་དོན་ནོར་གྱིས་དབུལ་བའི་བན་སྤྲང་ཞིག་ཏུ་གྱུར་ནས་མི་ལོ་ཉི་ཤུ་མ་ཟིན་ཙམ་ཞིག་རེད་འདུག ལོ་གྲངས་དེ་ཙམ་གྱི་རིང་དུ་ནང་མི་ཆོས་གྲོགས་རྣམས་ལ་ཐུག་འཕྲད་བྱེད་རྒྱུ་ཕར་ཞོག་ཐ་ན་པར་ཞིག་མིག་ལམ་དུ་མཐོང་བ་ཐེངས་མ་དང་པོ་ཡིན་པས་འདས་ཟིན་གྱི་བྱུང་ཕྱིན་རྣམས་ལ་ཕྱི་མིག་ཞིག་བལྟས། དུས་ཚོད་ནི་ཆེས་མྱུར་བ་ད་ནི་ཕོ་ལོ་ལྔ་བཅུའི་ནང་དུ་སླེབས་ཉེ་བ་ཞིག་ཡིན་པ་དྲན་སོས་ཐེབས་བཅུག་སོང་། 

སྐྱིད་པའི་ཕ་ས་དགྲ་ལག་ཤོར་ནས།། 
མི་འདོད་ས་མཐར་འཁྱམས་དགོས་བྱུང་སོང་།།
ལོ་རྒྱུས་ནམ་ཟླའི་བྱེ་མའི་ཁྲོད་ནས།།
སྐྱོ་གདུང་འདྲེས་མའི་རྐང་རྗེས་བཞག་སོང་།།

གཉོམ་ཆུང་ཁེར་རྐྱང་མི་ཚང་ནང་དུ།། 
མ་བོས་བཙན་པོའི་སྐུ་མགྲོན་སླེབས་སོང་།།
ནང་མི་སྤུན་མཆེད་ཁ་བྲལ་གྱུར་ནས།།
མི་ལོ་ལྔ་བཅུ་ཡས་མས་འགོར་སོང་།།

ཕ་ཡུལ་པར་རིས་ལག་ཏུ་འབྱོར་དུས།། 
སེམས་ལ་རྨ་ཁ་གསར་པ་བཟོས་སོང་།།
དགོན་པའི་འདུ་ཁང་རྒྱ་ཕིག་མཐོང་དུས།།
ཆོས་གྲོགས་ཕོ་མོ་ཡིད་ལ་འཁོར་སོང་།།

ཞེས་པའི་རྩོམ་ཐུང་ཞིག་དང་མཉམ་དུ་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།།


Sunday, September 1, 2013

རྨི་ལམ་ནང་དུ་རྩ་བའི་བླ་མ་མཇལ་བའི་ཉིན་མོ།

སངས་རྒྱས་བསྟན་འཛིན་རིན་པོ་ཆེ།
ད་ནངས་ཞོགས་པ་ཆུ་ཚོད་བཞི་པ་ཙམ་གྱི་སྐབས་སུ་རྨི་ལམ་ཞིག་གཏང་བྱུང་། རྨི་ལམ་ནང་ནས་ངོས་ཀྱི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་མཇལ་བ་རྨིས་བྱུང་། སྤྱིར་གཏང་རྨི་ལམ་ལ་ཡིད་གཏན་ཆེར་མེད་ཀྱང་སྐབས་སྐབས་སུ་རྨི་ལམ་ནི་དངོས་བྱུང་འདྲ་བོ་ཞིག་ཡོང་གི་འདུག ངོས་ཀྱི་རྨི་ལམ་རུ་ང་དང་ངོས་ཀྱི་རོགས་པ་འགའ་ཤས་བོད་ཀྱི་རི་འདྲ་བོ་རི་སྟོད་རྫ་དང་སྤང་གིས་གཡོགས་པ། རི་སྨད་ནགས་དང་ཆུ་ཡིས་བསྐོར་བའི་རི་ཆེན་པོ་ཞིག་སྒང་དུ་སོང་བ་ཡིན། རི་བོ་དེ་སྒང་དུ་མེ་ཏོག་དཀར་སེར་དམར་ལྗངས་སྣ་ཚོགས་པ་དང་། ཤིང་སྡོང་རིགས་མི་འདྲ་བ་མང་པོ་འདུག མེ་ཏོག་དང་ཤིང་སྡོང་སོགས་ལས་བྱུང་བའི་དྲི་ཞིམ་གྱིས་ལུས་ལ་བདེ་བ་ཁྱད་པར་ཅན་བསྐྱེད་ཅིང་། རི་མཐའ་ནས་ཆུ་བོའི་གཞུར་སྒྲ་དང་། ནམ་མཁའ་ནས་བྱ་རིགས་སྣ་ཚོགས་ཀྱི་སྒྲ་སྐད་སོགས་ཧ་ཅང་མཛེས་སྡུག་ལྡན་པའི་རི་བོ་ཞིག་འདུག ངོས་དང་ངོས་ཀྱི་ཕྱི་རྒྱལ་བ་རོགས་འགའ་ཤས་ཕར་ཕར་སོང་བས་གང་ནས་འོང་ཅི་ཆ་མེད་པར་གློ་བུར་དུ་ངོས་ཀྱི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་སྐུ་འཁོར་ཁ་ཤས་དང་མཉམ་དུ་རི་སྐེད་ནས་ཚུར་ཕེབས་ཡོང་གི་འདུག ངས་མཇལ་བ་དང་མཉམ་དུ་བླ་རྒན་རིན་པོ་ཆེ་ཞེས་སྐད་ཅོར་ཆེན་པོས་ཐེངས་འགའ་བོས་ནས་ཕར་སོང་བས་རིན་ཆེའི་སྐུ་སྟོད་ལ་རས་གཟན་དམར་སེར་འོད་འཚེར་བ་ཅན་ཞིག་གྱོན་མ་སྡིང་གིས་ཞལ་འཛུམ་མདངས་ཀྱིས་ཁེངས་ནས་ང་ལ་བཀའ་མོལ་འགའ་གསུངས་ཀྱང་ཕལ་ཆེར་བརྗེད་འདུག ཐ་མའི་གསུངས་གཅིག་ལ་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཕྱག་ཆེན་སྨོན་ལམ་གྱི་ནང་དུ། 
བཟོད་མེད་སྙིང་རྗེའི་རྩལ་ཡང་མ་འགགས་པའི།། 
བརྩེ་དུས་ངོ་བོ་སྟོང་དོན་རྗེན་པར་འཆར།།
ཟུང་འཇུག་གོལ་ས་བྲལ་བའི་ལམ་མཆོག་འདི།། 
འབྲལ་མེད་ཉིན་མཚན་ཀུན་ཏུ་བསྒོམ་པར་ཤོག།
ཞེས་པའི་ཚིག་འདི་གསལ་པོར་གསུངས་བཞིན་མི་སྣང་བར་གྱུར་སོང་། ད་ནངས་གཉིད་སད་མ་ཐག་ཏུ་སེམས་ལ་སྔར་མེད་ཀྱི་ངེས་འབྱུང་དང་། ཐར་པའི་ལམ་སྟོན། སྲིད་པའི་སྒྲོན་མེ། སྐྱབས་ཀྱི་མཐར་ཐུག། སོགས་མིང་བརྒྱ་མཚན་སྟོང་གང་བཏགས་ཀྱང་དོན་དུ་འཁོར་བའི་འདམ་ནས་ཕྱག་གིས་འཐེན་མཁན་ཆོས་དང་ཟང་ཟིང་གིས་བཀའ་དྲིན་ཧ་ཅང་ཆེ་བའི་བླ་རྒན་རིན་པོ་ཆེ་དེ་དྲན་ནས་མིག་ནས་མཆི་མ་རང་དབང་མེད་པར་ཤོར་སོང་།  ཆུ་ཚོད་ལྔ་པའི་སྐབས་སུ་ཡར་ལངས་ནས་མཆོད་གཤམས་མདོར་བསྡུས་ཞིག་བྱས་ནས་ལོ་བཅུ་ཡི་ཡར་སྔོན་ཙམ་ནས་ཁོ་བོས་བྲིས་པའི་རིན་པོ་ཆེའི། བླ་སྒྲུབ་བྱིན་རླབས་ཆར་འབེབས། ཞེས་པ་དེ་བཏོན་ནས་ཐུན་བཟུང་ཀྱང་དེ་རིང་ནི་བླ་མ་དྲན་དྲག་པའི་རྐྱེན་གྱིས་མིག་ཆུ་ལོག་ཆར་བབས་པ་ལྟར་བྱུང་བས་བླ་མ་ལ་གསོལ་བ་འདེབས་རྒྱུ་ཕར་ཞོག་ངུ་ཐུན་རང་བཟུང་ནས་བསྡད་རྒྱུ་རེད་འདུག བླ་སྒྲུབ་ཀྱི་མཇུག་ཏུ་ཁོ་བོས་ཞུ་བསྐུལ་བྱས་ནས་རྒྱལ་དབང་ཀརྨ་པས་མཛད་པའི་རིན་པོ་ཆེའི་གདུང་འབོད་གསོལ་འདེབས་མགུར་མའི་ཚུལ་དུ་བྱས་པ་ཞིག་ཡོད་པ་དེ་ལན་གཅིག་སྐྱོར་ནས་མཇུག་གི་ཤོ་ལོ་ཀ་འདི་ཉིད་སྐད་སྐྱོར་ཆེན་པོའི་ལན་གསུམ་བཏོན།
རྗེ་སངས་རྒྱས་ཀུན་དང་དགོངས་པ་མཉམ།།
འབངས་བདག་ལ་སངས་རྒྱས་ཀུན་བས་ལྷག།
ཕ་འགྲན་ཟླ་མེད་པའི་བླ་མ་དེས།།
ཕྱོགས་དུས་ཀུན་བཀྲ་ཤིས་བདེ་ལེགས་ཤོག།
 དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།