Saturday, February 6, 2021

རྒྱལ་སྲས་ལག་ལེན་སོ་བདུན་མའི་ཆོས་ཁྲིད་ལེགས་གྲུབ་བྱུང་བ།

ཐེག་པ་ཆེན་པོའི་བློ་སྦྱོང་གི་ཆོས་གཞུང་རྣམས་སུ་ལན་གཅིག་ཙམ་མ་ཡིན་པར་ག་དུས་ཡིན་ནའང་མིག་ལམ་དུ་མཇལ་རྒྱུ་ཡོད་པའི་གདམས་ངག་གི་ཚིག་དུམ་གཉིས་ཡོད་པ་དེ་ནི་༼རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། ཡང་ན་རྐྱེན་ངན་གྲོགས་ཤར་༽ཞེས་པའི་ཚིག་སྙན་མོ་འདི་གཉིས་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་པ་དེ་རེད། འོན་ཀྱང་ཚིག་འདི་གཉིས་བཀོལ་སྤྱོད་བྱེད་རྒྱུ་མང་དྲགས་པའི་རྐྱེན་གྱིས་བཀའ་གདམས་པའི་ཉམས་ལེན་བེའུ་བུམ་གྱི་ཁྲོད་བརྟོལ་ཏེ་བོད་རིགས་དམངས་ཁྲོད་ཚུན་དུ་ཁྱབ་བརྡལ་དུ་ཕྱིན་ནས་ཐ་མ་ཡིག་རྨོངས་བ་གོ་ཁའི་རྒན་མོ་ཚུན་ཆད་ཀྱིས་རྣ་བར་འཇག་ནས་ནམ་རྒྱུན་ཕན་ཚུན་ཁ་བརྡའི་སྐད་ཆའི་བར་ལའང་མཁས་ཉམས་དང་རྫིགས་ཉམས་ཀྱིས་ཚིག་འདི་གཉིས་བེད་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་མང་པོ་ཞིག་ལ་ཚིག་དུམ་གཉིས་པོ་འདིའི་དོན་གང་ཡིན་འགྲེལ་བཤད་བྱོས་ཞེས་ལབ་ན་ཕལ་མོ་ཆེའི་ཁ་ནང་དུ་མཛུབ་མོ་བཅུག་ནས་འདུག་རྒྱུ་ལས་གནད་ལ་ཁེལ་བའི་ལན་ཞིག་རྙེད་མི་སྲིད། ལར་ཚིག་དུམ་འདི་གཉིས་ཀྱི་དོན་ཤེས་རྒྱུ་ལ་དེ་ཙམ་དཀའ་རྒྱུ་མེད་མོད། དོན་ངོ་མ་ནི་སུ་ཞིག་ལ་ན་ཚ་དང་སྡུག་བསྔལ་རྐྱེན་ངན་སོགས་དང་འཕྲད་པའི་སྐབས་སུ་བློ་དེ་ཉིད་རྐྱེན་ངན་གྱི་དབང་དུ་མི་གཏོང་བར་ཇི་ལྟར་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་དགོས་རྒྱུ་དེ་རེད། ཡུལ་རྐྱེན་ངན་ན་ཚ་དང་སྡུག་བསྔལ་བར་ཆད་སོགས་ཀྱི་སྐུ་དྲིན་ལ་བསྟེན་ནས་ཁྱོད་རང་གི་སེམས་རྒྱུད་ཆོས་དང་འདྲེས་པར་བྱེད་པ་དེ་ལ་རྐྱེན་ངན་གྲོགས་ཤར་ཟེར་ཆོག། དཔེར་ན་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལྟ་བུ་རེད། རྗེ་བཙུན་མི་ལ་རས་པ་ཚེ་འདིར་སངས་རྒྱས་པ་དེ་ཨ་ཁུ་དང་ནེ་གཉིས་ཀྱི་སྐུ་དྲིན་ལས་བྱུང་ཡོད། ཨ་ཁུ་དང་ཨ་ནེ་གཉིས་ཀྱི་ས་གཞིས་ཁང་ནོར་སོགས་འཕྲོག་ནས་དེ་རྣམས་རྩ་མེད་དུ་གཏང་བའི་ཆེད་དུ་མཐུ་བསླབ་པ་རེད། མཐུ་རྒྱབ་ནས་མི་གྲངས་སུམ་བཅུ་སོ་གཉིས་ཉིན་གཅིག་ལ་བསད་པས་སྡིག་པ་བསགས། སྡིག་པ་བསགས་པ་ལ་བསྟེན་ནས་འཇིག་སྐྲག་སྐྱེས། འཇིག་སྐྲག་གིས་དམ་པའི་ཆོས་ལ་སྐུལ་མ་བྱས། མཐར་བརྩོན་འགྲུས་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད། མདོར་ན་དེ་ཐམས་ཅད་ཀྱི་རྩ་བ་ཨ་ཁུ་དང་ཨ་ནེ་གཉིས་ཁོ་ན་ལས་བྱུང་བ་རེད། གང་ལྟར་ཚིག་དུམ་འདི་གཉིས་ཀྱི་དོན་ངོ་མར་དེ་ནི་ནང་ཆོས་ལ་སྦྱང་པ་མ་བྱས་པའི་གོ་ཁའི་རྒན་མོ་ཕར་ཞོག་ཞིབ་ཏུ་བསམ་ན་ཡ་ཀའི་ཁྲི་ཐོག་ཏུ་སྤྱན་ཟིམ་མེར་བཞུགས་ནས་ལག་ཏུ་དགའ་ལྡན་ཕྲེང་བ་སེར་ཐ་ར་ར་བསྒྲང་མཁན་ང་ལྟ་བུའི་བླ་མ་དགེ་བཤེས་ག་གེ་མོ་ཞིག་ལའང་མི་ཤི་ཕྱུགས་འཐོར་ན་ཚ་གདོན་བགེགས་སོགས་ལྟ་ཅི་གློ་བུར་དུ་འཇིག་རྟེན་ཆོས་བརྒྱད་ཀྱི་རླུང་འཚུབ་དྲག་པོ་ཞིག་རྒྱབ་ནའང་བཞུགས་ཁྲིའི་སྒང་ནས་ཆོས་བརྒྱད་ཀྱི་རླུང་འཚུབ་དེས་མི་ཁུར་བའི་ངེས་པ་གཏན་ནས་མི་འདུག་གོ། དེ་ནི་རང་བློ་ལྐོག་གྱུར་མིན་པས་ང་རང་ཉིད་ལ་ཁ་ནང་བལྟས་བྱེད་ནས་རང་སྐྱོན་ཐེར་འདོན་བྱེད་པ་ལས་གཞན་སུ་གང་ལ་ཡང་བཀའ་སྐྱོན་དང་ཟུར་ཟ་ནི་མིན་ནོ། ནམ་རྒྱུན་ཁ་སྐད་དུ། 
སྐྱིད་རྒྱགས་ཉི་མས་དྲོས་ན་ཆོས་པའི་གཟུགས། རྐྱེན་ངན་ཐོག་ཏུ་བབས་ན་ཐ་མལ་པ། 
ཞེས་གསུངས་སོ། 
གང་ལྟར་ཀྱང་ད་རེས་ཀྱི་ནད་ཡམས་དེས་རྐྱེན་བྱས་ནས་མི་མང་པོ་ཞིག་གི་ལུས་སེམས་ལ་དཀའ་ངལ་ཧ་ཅང་མང་བའི་དུས་ཚོད་འདིར་གོ་སྐབས་བཟང་པོ་འདི་དམ་འཛིན་འོག་སྤྱི་ཚོགས་དྲྭ་རྒྱ་བེད་སྤྱོད་བྱས་ནས་ཆོས་བཤད་དང་། འདོན་པ་སོགས་གང་དྲག་བྱས། མ་ཟད་འདས་པའི་མི་ལོ་མང་པོའི་རིང་ཆོས་ཀྱི་མཆེད་པོ་རུ་གྱུར་པའི་རྒྱ་གར་ལྷོ་ཕྱོགས་ཀོ་ལི་སྒར་བོད་རིགས་རྣམས་དང་། ཨ་རིའི་པོར་ལེན་ཌི་སོགས་ལ་གནས་བཞུགས་བོད་རིགས་དམ་གཙང་བ་འགའ་ཡིས་རེ་བསྐུལ་ལྟར་སྤྱི་ཚོགས་དྲྭ་ལམ་ནང་ནས་ཆོས་བཤད་གང་མང་བྱས། ལྷག་པར་དུ་དེང་སང་གི་དུས་ཚོད་དང་། མ་ཟད་ད་ལྟའི་ནད་ངན་གྱི་རྐྱེན་གྱིས་མི་རྣམས་ལ་སེམས་ནད་ཀྱི་སྨན་མཆོག་རིན་ཆེན་རིལ་བུ་ལྟ་བུ་ཆེས་ཟབ་ཅིང་བྱིན་རླབས་ཆེ་བའི་རྒྱལ་སྲས་དངུལ་ཆུ་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་རེས་གཟའ་སྤེན་པ་དང་ཉི་མ་ནམ་ཡིན་ལ་མཁས་པའི་སྤམ་བཤད་དང་ཚིག་འགྲེལ་ཙམ་མ་ཡིན་པར། ཐོས་བསམ་སྒོམ་གསུམ་གདན་ཐོག་གཅིག་ཏུ་འབབས་པའི་ཐབས་ཤེས་ཀྱིས་ཚིག་འགྲེལ་དང་། དོན་འགྲེལ། རང་གིས་གང་ཤེས་ཉམས་ཁྲིད་སོགས་བྱས་ནས་ཟླ་བ་གསུམ་ཙམ་འགོར་ནས་ཉེ་ཆར་སྤྱི་ཟླ་དང་པོའི་ཚེས་པ་སུམ་བཅུ་སོ་གཅིག་ཉིན་མོ་མཇུག་ཡོངས་སུ་ལེགས་པར་གྲུབ།
དེ་ནི་ངོས་ལ་མཚོན་ན་ཧ་ཅང་དགའ་འོས་པའི་བྱ་བ་ཞིག་ཡིན། ད་རེས་ནད་ངན་དེས་རྐྱེན་གྱིས་གང་ཟག་རེ་ཟུང་གི་རྒྱུད་ལ་ཐེག་པ་ཆེན་པོ་དམ་པའི་ཆོས་ཀྱི་ས་བོན་བག་ཆག་རེ་འཇོག་ཐུབ་ན་འཇིག་རྟེན་འདི་ན་དེ་ལས་རླབས་ཆེ་བའི་ལས་ཀ་ཞིག་ངས་མ་མཐོང་།བཞི་བརྒྱ་པ་ལས། 
།བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཡང་སྐྱེ་མི་འགྱུར། 
།ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཅེས་གསུངས་པ་ལྟར་རོ། 
 


No comments:

Post a Comment