Saturday, December 3, 2011

པོར་ལེན་ནས་ཀི་ལི་ཧྥོར་ཉར་ཐོན་པ།

ཀི་ལི་ཧྥོ་ཉའི་མོན་ཊེར་རེའི་གནམ་ཐང་ལ་འབྱོར་བ།
ཞོགས་པ་སྔ་བོར་ཆུ་ཚོད་དྲུག་པའི་སྐབས་སུ་ཡར་ལངས་ནས་སོ་གདོང་སོགས་གཙང་མ་བྱེད་ལོང་མ་བྱུང་བར་འོག་ཤོད་ཐབ་ཚང་དུ་སོང་བས་ཤེས་རབ་སྐལ་ལྡན་གཟའ་ཟླ་གཉིས་ནས་ཞོགས་ཟས་ཟ་ཆོག་ཆོག་བྱས་ནས་བསྒྲིག་བཞག་འདུག ཞོགས་ཟས་ཕྲན་ཙམ་ཟོས་ནས་རྒྱབ་ཁུག་རྒྱབ་ཏུ་ཁུར། འཛོ་ལ་ལག་ཏུ་དྲུད་ཞིང་རླངས་འཁོར་ནང་དུ་འཛུལ་ནས་ཞོགས་ཀ་སྨུག་རླངས་ཀྱི་ཁྲོད་ནས་གློག་འོད་ཁྲ་ཆེམ་ཆེམ་འཕྲོ་བཞིན་པའི་གཞུང་ལམ་དེར་སྐར་མདའ་ཆད་པ་ནང་བཞིན་སྐར་མ་སུམ་བཅུ་ཙམ་ནས་གནམ་ཐང་དུ་འབྱོར། གནམ་ཐང་གི་མི་རྣམས་གཅིག་ལས་གཅིག་བྲེལ་བ་ཆེ་བ་ལྟས་ཚོད་ལ་མི་དེ་རྣམས་ཀྱིས་ཅི་ཞིག་བོར་ནས་བཙལ་བ་འདྲ་བོ་ཤ་སྟག་རེད་འདུག ཤེས་རབ་སྐལ་ལྡན་ངེད་གཉིས་ཀྱང་U.S AIRWAYS ཞེས་པའི་ཁ་བྱང་ལ་ལྟས་ནས་གཅིག་རྗེས་གཅིག་གིས་མི་ཟིན་པར་ཁ་ནམ་མཁར་གདངས་ནས་རྒྱུགས། དེ་ནས་འདྲུད་སྒམ་ཆེ་བ་དེ་ཞབས་ནས་གཏང་བས་ཨ་སྒོར་ཉི་ཤུ་ཁུར་ཤོག་ཟེར། ངོས་ནི་ནམ་རྒྱུན་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་འགྲུལ་བཞུད་བྱེད་མྱོང་བས་འཆར་ཅན་གྱི་ཞབས་ལོགས་ནས་གཏང་བའི་སྒམ་ཆེ་ཆུང་གང་ཡིན་ནའང་རིན་པ་མི་དགོས་པ་མ་ཟད་གནམ་གྲུའི་ནང་ལོགས་ནས་ཀྱང་ཟ་མ་ག་ཚོད་ཟོས་ཀྱང་རིན་པ་མི་དགོས་སྟབས་ཨ་རིའི་ལུང་པ་འདི་ནི་དམངས་གཙོའི་རྒྱལ་ཁབ་རེད་ཅེས་ཟེར་སྲོལ་ཙམ་ལས་འཇམ་པོའི་སྒོ་ནས་གཡོ་སྒྱུས་མི་སེར་རྣམས་ལ་དཀའ་ངལ་དམིགས་བསལ་ཞིག་ཡོད་པ་འདི་ཉིན་རེ་བཞིན་དུ་ཧ་གོ་གི་འདུག དེ་ནས་ལུས་གཤེར་ལ་བང་སྒྲིག་སྐབས་གཡས་གཡོན་གྱི་མི་ཀུན་གྱིས་མིག་གཅེར་བྱེད་བཞིན་འདུག དེ་ནི་ངོས་ཀྱི་ཆ་ལུགས་དེ་ཁོང་རང་ཚོ་ལ་ཕོ་མིན་མོ་མིན་འདྲེ་སྤུ་རྟགས་ཅན་ཞིག་ཏུ་མཐོང་གི་ཡོད་སྟབས་རེད། ག་དུས་གནམ་ཐང་ལ་གཟན་ཤམས་གྱོན་ནས་སོང་ཀྱང་ངོས་ནི་དབང་མེད་ཀྱིས་ཁོག་དགད་ཐེངས་རེ་ཤོར་གྱི་ཡོད། དེ་ནི་འདས་པའི་ཉིས་སྟོང་ལྔ་ལོར་ངོས་རང་རྒྱ་གར་བརྒྱུད་ནས་མ་ལེ་ཤའི་གནམ་ཐང་ལ་འབྱོར་བའི་སྐབས་སུ་གསང་སྤྱོད་བཙལ་བ་ཡིན། གསང་སྤྱོད་སྒོ་རྟགས་སུ་དབྱིན་ཇིའི་ཡི་གེ་man and woman ཞེས་བྲིས་འདུག་ངོས་ཐད་ཀར་བུ་ཡི་གསང་སྤྱོད་ནང་དུ་འཛུལ་བས་ཟུར་ནས་མི་ཞིག་གིས་ཁྱོད་རང་འཛུལ་ས་དེ་མ་རེད་ཕ་ཀིར་རྒྱུགས་ཞེས་མཛུབ་མོ་བུ་མོའི་གསང་སྤྱོད་དེར་བརྟེན་གྱི་འདུག ངོས་ནས་thank you but i am no woman ཞེས་ལབ་དུས་ཁོ་རང་ངོ་ཚ་མདོག་གིས་i am sorry ཟེར་ནས་འགྲོ་སོང་། དེ་ནི་ངོས་ཀྱི་ཆས་གོས་དེ་ཡིས་རེད། གཡས་གཡོན་གྱི་བང་སྒྲིག་མཁན་རྣམས་ཀྱིས་ཁ་ཤས་ནས་ཁྱེད་རང་བོད་ནས་ཡིན་ནམ་ཟེར་ནས་འདྲི་མཁན་ཀྱང་འདུག ཁ་ཤས་ཀྱིས་མཐོང་བའི་སྐབས་ངས་ཤེས་ཀྱི་ཡོད་མདོག་གི་བརྡ་མགོ་བོ་གུག་ཙམ་བྱེད་མཁན་ཡང་འདུག ལུས་ཤེར་བྱེད་སྐབས་ངོས་ལ་དཀའ་ངལ་དམིགས་བསལ་ཞིག་ཡོད་པ་ནི་ཤམ་ཐབ་གྱོན་ཡོད་སྟབས་རྐང་ནས་སྤྱི་གཙུག་བར་ལུས་གཤིར་བྱེད་པ་མ་ཟད་འདོམ་བར་ནས་ལག་ཉུག་བྱེད་སྐབས་ངོས་ནི་དབང་མེད་དུ་གད་མོ་ཤོར་འགྲོ་བ་དེ་ཡིན། དེ་ནས་ལུས་གཤེར་ཚར་བ་དང་མཉམ་དུ་མིག་རྒྱངས་གང་ཙམ་ནས་ཤེས་རབ་སྐལ་ལྡན་ནས་ངོས་ལ་བལྟས་འདུག་པས་ལག་པ་གཡུགས་ཙམ་བྱས་ནས་སྒོ་རྟགས་D16 ལ་གཅེར་བཞིན་ཅི་ཞིག་བོར་ནས་མ་རྙེད་པའི་མགྲོན་པོ་ཞིག་འདྲ་བར་རྒྱུག་འདུལ་བྱས་ནས་ལམ་སང་གནམ་གྲུར་འཛུལ། སྐུབ་རྐྱག་ཨང་གྲངས་B23 བཙལ་ནས་དེར་བསྡད་གཡོན་གྱི་ཕྱོགས་ལ་ཡོད་པའི་འདུག་རོག་དེ་ནི་ཀོ་རི་ཡ་ནས་ཡིན་པའི་བུ་མོ་ལོ་ཆུང་ཞིག་རེད་འདུག ངོས་ཀྱི་དབྱིན་ཇི་ཐེབ་ཆག་དེ་སྐྱོན་ནས་ངེད་གཉིས་གནམ་གྲུ་ནང་ནས་སྐད་ཆ་དྲི་བཤད་འགའ་བྱས་པས་མོ་རང་བོད་པའི་ནང་པ་ཡིན་ཟེར། ངས་ཁྱོད་རང་བླ་མ་སུ་རེད་ཟེར་དུས། མོས་ང་ལ་དམིགས་བསལ་བླ་མ་དེ་འདྲ་མེད་ང་རང་གི་ཨ་མ་ལ་བོད་པའི་བླ་མ་ཞིག་ཡོད་རེད་ཟེར། མོས་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཆེན་པོ་འདུག དེ་ནས་གནམ་གྲུ་ཆུ་ཚོད་བཞི་ཙམ་ས་ཆ་རུ་ PHOENIX ཞེས་པ་རུ་གནམ་གྲུ་རྗེ་ལེན་བྱས་ནས་ཡང་སྐྱར་ཆུ་ཙད་གཉིས་ཙམ་གྱི་སར་ངོས་ཀྱི་འགྲོ་སའི་གནས་ཡུལ་ Monterrey ཞེས་པའི་གནམ་ཐང་དུ་ཆུ་ཚོད་གསུམ་དང་སྐར་མ་བཞི་ཙམ་ནས་བདེ་འབྱོར་བྱུང་། གནམ་ཐང་རྒྱལ་སྒོའི་འགྲམ་ནས་ཆོས་ཚོགས་ཀྱི་ཚོགས་གཙོ་ཧེའི་ཌི་གཙོར་བྱས་པའི་ངོས་ཀྱི་སློབ་མ་བཞི་ཡིས་ལག་ཏུ་ཁ་གཏགས་དང་མེ་ཏོག་སོགས་བཟུང་ནས་སྒུག་འདུག ང་ཚོ་ཚང་མ་དཔེ་སྐྱིད་པོ་བྱུང་། མ་ཟད་ཧེའི་ཌི་དགའ་དྲག་ནས་མིག་ནས་མཆི་མ་འདོན་བཞིན་འདུག ང་ཚོ་དགེ་སློབ་ཚང་མ་གནམ་ཐང་ཕྱི་ལོགས་ནས་པར་ཞིག་མཉམ་དུ་བླངས་ནས་ཕན་ཚུན་གྱེས་བྲལ་གྱི་ལག་གཡུགས་བཅས་ངོས་ཀྱང་ནམ་རྒྱུན་ངོས་ཀྱི་རླངས་འཁོར་ཁ་ལོ་བ་ཉི་ཧོང་ཨ་མ་ལོ་བརྒྱད་བཅུ་ཅན་དེའི་རླངས་འཁོར་དུ་ཞུགས་ནས་ཤར་རྒྱག་ངོས་ཀྱི་ཆོས་ཚོགས་ཀྱི་དྲུང་ཡིག་ཀིམ་ནང་ལ་སོང་།  ཉི་ཧོང་གི་ཨ་མ་འདི་ཡི་མིང་ལ་ Susan shockཞེས་ཟེར་མོ་རང་ནི་ཧ་ཅང་ཆོས་སེམས་ཆེ་ལ་བརྩོན་འགྲུས་ཀྱང་ཆེན་པོ་ཞིག་རེད། མོ་རང་ལོ་ཆུང་ཆུང་སྐབས་སུ་ཨ་རིར་སློབ་སྦྱོང་ལ་ཡོང་ནས་ཨ་རིའི་མི་ཞིག་དང་ཆང་ས་རྒྱབ་ནས་ད་ལྟ་བུ་གཉིས་འདུག་བུ་ཆེ་བ་ཕལ་ཆེར་ལོ་བཞི་བཅུ་ཞེ་བརྒྱད་ཙམ་དང་ཆུང་བཞི་བཅུ་ཙམ་རེད་འདུག མོ་རང་ཆོ་ག་གྲོང་ནས་ཕལ་ཆེར་ལོ་བརྒྱད་དགུ་ཙམ་ཡིན་ས་རེད་མོ་རང་རྒན་ཡོལ་ཞུས་ནས་ཕྱག་དང་ཡིག་རྒྱ་སོགས་ནང་ཆོས་ཉམས་ལེན་བྱས་ནས་བསྡད་འདུག མོ་རང་ལོ་གྲངས་བརྒྱད་བཅུ་ཧྲིལ་བོར་འཁོར་གྱི་ཡོད་ཀྱང་གཟུགས་པོའི་ཡང་ཆ་དང་དབྱིབས་སོགས་ནི་ལོ་ན་ལྔ་བཅུ་ཙམ་ཞིག་གི་གཞོན་ནུ་མ་འདྲ་བོ་ཞིག་ཡོད། ལྷག་པར་དུ་ང་ཚོའི་འཆར་ཅན་གཟའ་ཟླ་བར་བདེ་ཆེན་ཞིང་སྒྲུབ་འཚོགས་པའི་སྐབས་སུ་མོ་རང་མཆོད་དཔོན་ཡིན་པ་མ་ཟད། ངོས་ས་ཆ་གང་དུ་འགྲོ་དགོས་ཀྱང་རླངས་འཁོར་གྱི་ཁ་ལོ་བ་ཡང་ཡིན། ཀིམ་ནང་ལ་སླེབ་པ་དང་མཉམ་དུ་མོ་རང་ཡང་ཧ་ཅང་དགའ་བོ་བྱུང་ནས་དེང་དུས་ཕྱི་རྒྱལ་བའི་ལུགས་སྲོལ་ལྟར་ངོས་ལ་འཐམ་འཁྱུད་སོགས་བྱེད་ཀྱི་འདུག ཁྲུས་ཁང་དུ་ཞུགས་ནས་གཟུགས་པོ་གཙང་ཕྱིང་ངེ་ཞིག་ཁྲུས་ནས་ཅུང་ངལ་གསོ་བྱས་རྗེས་ཉི་ཧོང་ཨ་མ་རྒན་མོ་དེས་དགོང་ཟས་སུ་ཚེ་དང་འབྲས་བཅས་ཉི་ཧོང་བའི་ལུགས་སྲོལ་ལྟར་ཟ་མ་སྟབས་བདེ་བོ་ཞིག་ཁུར་སོང་བས་དེ་ཟོས་ནས་ཟིན་བྲིས་ཀྱི་ལས་ཀ་ཚར་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།།

No comments:

Post a Comment