ཉིན་དང་པོ་རེས་གཟའ་པ་སངས་ཉིན་མོ།
སྔ་མོ་ནས་དུས་ཆད་བྱས་པ་ལྟར་བྱང་ཁ་ལི་ཧྥོ་ཉའི་བདེ་ཆེན་ཞིང་སྒྲུབ་ཚོགས་ཆུང་ནས་ཇི་ལྟར་གྲ་བསྒྲིགས་བྱས་པ་༢༠༢༥ ལོར་སྤྱི་ཟླ་བཅུ་པའི་སྤྱི་ཚེས་གཉིས་ཉིན་བློ་ཐུབ་ཀྱི་ཆོས་གྲོགས་བཟང་པོ་དངོས་གྲུབ་རྡོ་རྗེ་དང་ལྷན་འདི་ནས་ཆུ་ཚོད་གཉིས་ཙམ་གྱི་སར་ཡོད་པའི་Berkeley California ཕྱོགས་སུ་སོང་། དེ་ནི་འདི་ལོའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་མ་གཉིས་པ་དེའི་ཆེད་དུ་ཡིན། དེ་ནུབ་ཆོས་གྲོགས་དབང་ཆེན་གྱི་ནང་དུ་བསྡད་ཅིང་ཕྱི་ཉིན་རེས་གཟའ་པ་སངས་སྔ་མོར་༼སེ་ར་བྱེས་ཐེབས་རྩ་ཚོགས་པར༽སོང་མི་རྣམས་གཅིག་རྗེས་གཉིས་མཐུད་དུ་འབྱོར་ནས་ཞོགས་པ་ཆུ་ཚོད་བརྒྱད་པའི་སྐབས་སུ་འཚོགས་པ་དབུ་འཛུག་བྱས། ནམ་རྒྱུན་རང་ཉིད་ཁྲི་མཐོན་པོའི་ཐོག་ཏུ་འདུག་རྒྱུ་ལ་ཆེར་མི་དགའ་མཁན་ཞིག་ཡིན་པ་མ་ཟད་བདེ་ཆེན་ཞིང་སྒྲུབ་དང་སྨྱུང་གནས་སོགས་ཀྱི་སྐབས་སུ་ཁྲི་མཐོན་པོའི་ཐོག་ཏུ་འདུག་རྒྱུ་ནི་རྒྱུད་སྡེའི་བབས་དང་གསོ་སྦྱོང་གི་བསྲུང་བྱའི་དམ་ཚིག་དང་མི་མཐུན་པས་ད་རེས་གདན་ཅུང་མཐོ་དྲགས་འདུག་ཀྱང་ཆོས་ཚོགས་འདིའི་ནང་དུ་ཁྲི་འདི་ལས་མ་གཏོགས་གདམ་ཀ་གཞན་གང་ཡང་མེད་སྟབས་ཐབས་ཤེས་གང་ཡང་མི་འདུག། སྤྱིར་བཏང་བདེ་ཆེན་ཞིང་སྒྲུབ་ལ་གཞུང་ནས་གསུང་པ་ལྟར་ཞོགས་པ་སྔ་བོར་ལང་ནས་གསོ་སྦྱོང་གི་སྡོམ་པ་ལེན་ཅིང་། ཉིན་གུང་རྒྱབ་ནས་བཟུང་སྟེ་དགོང་ཟས་སྤངས་ཤིང་ཕྱག་ལེན་སོགས་ཚད་ལྡན་བྱེད་ནས་འཚོགས་དགོས་ཀྱང་། ཨ་རིའི་ལུང་པ་འདི་ནི་སྤྱིར་ཁྲིད་ཡིག་རྣམས་སུ་མི་ཁོམས་པའི་གནས་བཅོ་བརྒྱད་ཟེར་སྲོལ་ཡོད་པ་ལྟར་ད་རེས་ངས་གཞན་དབང་བྲན་ཁོལ་གྱི་གནས་དང་། རྣམ་གཡེང་འདུ་འཛི་གཉིས་བསྣན་པས་མི་ཁོམས་པའི་གནས་ཉི་ཤུའི་ལུང་པ་ཡིན་སྟབས་ངས་ཀྱང་བདེ་ཆེན་ཞིང་སྒྲུབ་ཟེར་ན་གང་ཡིན་མིན་དང་། ཇི་ལྟར་འཚོགས་དགོས་མིན། ཕན་ཡོན་སོགས་མཛུབ་མོ་རི་སྟོན་གྱི་དཔེ་ལྟར་གསོ་སྦྱོང་མེད་པའི་ཞིང་སྒྲུབ་པདྨ་དྲྭ་བའི་སྟེང་ནས་ཞོགས་པ་ཆུ་ཚོད་བརྒྱད་པ་ནས་ཉིན་རྒྱབ་ཆུ་ཚོད་བཞིའི་བར་འདོན་སྒོམ་སོགས་བྱས། སང་ལོ་གསོ་སྦྱོང་གི་སྡོམ་པ་ལེན་ཅིང་ཚད་ལྡན་ཚུལ་མཐུན་གྱིས་དངོས་གཞི་བདེ་ཆེན་ཞིང་འཚོགས་རྒྱུའི་གསལ་བསྒྲགས་སོགས་ཀྱང་བྱས། སྔར་ལོ་དང་ད་ལོ་ནི་དངོས་གཞི་བདེ་ཆེན་ཞིང་སྒྲུབ་འཚོགས་ཐུབ་མིན་ཚོད་ལྟའི་ཁུལ་གྱིས་འོད་དཔག་གི་སྒྲུབ་མཆོད་ཙམ་ཟེར་ཀྱང་ཆོག་སྙམ
ཉིན་གཉིས་པ་རེས་གཟའ་སྤེན་པའི་ཉིན་མོ།
སྔར་བཞིན་ཞོགས་པ་འཚོགས་ཁང་དུ་སོང་ནས་ཞིང་སྒྲུབ་པདྨ་དྲྭ་བའི་ཐོག་ནས་འདོན་པའི་དབུ་མཛད་དང་ཆོས་བཤད་ཀྱི་མཁན་པོ་སོགས་གཅིག་ལྕོགས་རང་ཉིད་ནས་བྱས་ཤིང་གང་འདོན་རྒྱུའི་ཆོས་ཉིད་ཁ་འདོན་ཁྲལ་སོད་ཙམ་མ་ཡིན་པར་སེམས་རྒྱུད་འདུལ་བྱེད་ཀྱི་གཉེན་པོ་རུ་འགྲོ་དགོས་པའི་སྐོར་ཁ་དིག་དིག་བར་ཆོས་བཤད་བྱས། སྐབས་སྐབས་སུ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་དང་། གསང་སྔགས་ཀྱི་ཡོངས་སུ་དག་པ་རྣམ་པ་བཞིའི་འགྲེལ་བཤད་སོགས་ཀྱང་གནས་སྐབས་སྤམ་བཤད་ཙམ་མ་ཡིན་པར་མན་ངག་དང་ཉམས་ལེན་སོགས་ལ་སྦྱར་ནས་གང་ཤེས་བཤད་ཁུལ་བྱས་པས་མི་མང་གི་ཆོས་ཉན་སྟངས་ལ་མཐོང་དུས་ཆོས་ལ་དོ་སྣང་ཆེན་པོ་ཡོད་པ་རང་བཞིན་གྱིས་ཤེས་ཀྱི་འདུག དེ་རིང་མི་མང་པོ་འཛོམས་འདུག་པས་ངས་ཀྱང་འདོན་པ་ཇེ་ཉུང་དང་ཆོས་བཤད་ཇེ་མང་དུ་བཏང་བ་ཡིན། ཉིན་རྒྱབ་ཏུ་མི་མང་ལ་དམིགས་རྟེན་ལ་བརྟེན་པའི་ཞི་གནས་ཐོག་ནས་སྒོམ་ཁྲིད་སོགས་ཀྱང་གང་དྲག་བྱས་པས་མི་མང་དགའ་བོ་བྱུང་།
ཉིན་ཐ་མ་རེས་གཟའ་ཉི་མའི་ཉིན་མོ།
སྔར་བཞིན་འཚོགས་ཁང་དུ་སོང་ནས་དེ་རིང་ནི་ཉིན་གསུམ་གྱི་ཞིང་སྒྲུབ་ཐ་མ་དེ་ཡིན་སྟབས་གསོལ་འདེབས་རྣམས་སྔར་བཞིན་གྲུབ་ནས་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་བདེ་ཆེན་སྨོན་ལམ་གཞུང་རྐྱང་ཉིད་ལ་རྫོགས་ཆེན་སྒར་འདེབས་ཀྱི་རྟ་ལ་བསྐྱོན་ནས་བཏོན། མཇུག་ཏུ་ཞིང་སྦྱོང་སྐོར་གསུམ་གྱི་བསྙེན་དམིགས་མདོར་བསྡུས་རེ་གྲུབ་མཚམས་ཀརྨ་པ་བཅུ་བཞི་ཐེག་མཆོག་རྡོ་རྗེས་མཛད་པའི་གནམ་ཆོས་འོད་དཔག་ཚོགས་མཆོད་བྱིན་རླབས་ཆར་འབེབས་དང་མར་མེ་སྨོན་ལམ་། ཞིང་སྐྱོང་ཡབ་ཡུམ་གྱི་ཕྲིན་བཅོལ་མདོར་བསྡུས་བཅས་ཀྱིས་འདི་ལོའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་མ་གཉིས་པ་དེ་མཛད་རིམ་རྣམས་རྒྱལ་ཁའི་ངང་ནས་གྲུབ་བོ།
ཚོད་དཔག་བྱས་ན་མ་འོངས་པར་འབྱུང་འགྱུར་ཁ་ལི་ཧྥོ་ཉའི་བདེ་ཆེན་ཞིང་སྒྲུབ་འདི་ཡག་པོ་ཞིག་ཡོང་གཏན་ཁེལ་རེད་འདུག ལར་ནི་ཁ་ལི་ཧྥོ་ཉའི་ས་གནས་འདི་ནི་ཨ་རིའི་བོད་རིགས་འདུ་བསྡོད་བྱེད་ས་ཨང་གསུམ་པ་དེ་ཡིན་སྐད་འདུག ལྷག་པར་དུ་རྒན་ཡོལ་དུ་ཕྱིན་པའི་བོད་རིགས་མང་ཞིང་ས་གནས་ཀྱང་ཞིང་སྒྲུབ་འཚོགས་སའི་ས་གནས་ཀྱི་ཉེ་སྐོར་དུ་བོད་རིགས་རྣམས་ཕན་ཚུན་ཐག་མི་རིང་བར་བསྡད་ཡོད་སྟབས་འཚོགས་ཁང་ལ་ཕེབས་ལམ་ཐག་ཉེ་ཞིང་སྟབས་བདེ་ཁོ་ན་རེད་འདུག ཁ་ལི་ཧྥོ་ཉའི་བོད་རྣམས་ཀྱི་ཆོས་ཞུ་བའི་ཁྲོད་ནས་གཞོན་སྐྱེས་ཀྱང་གང་མང་ཞིག་མཐོང་རྒྱུ་ཡོད་དུས་སེམས་ལ་ནམ་རྒྱུན་དང་མི་འདྲ་བའི་ཚོར་སྣང་རེ་ཡོང་གི་འདུག། ད་རེས་ཉིན་གསུམ་རིང་ཞིང་སྒྲུབ་ཇ་བར་གསེང་གི་སྐབས་སུ་ཟུར་དུ་བཅར་ནས་འདི་ལྟར་ཟེར་མཁན་འདུག
“ང་ཚོ་ཕན་ཚུན་མངའ་སྡེ་གཅིག་ནང་ལོ་བཅོ་ལྔ་ཙམ་མཉམ་དུ་བསྡད་ཀྱང་ཆོས་ཕྱོགས་ནས་ཁྱེད་ལ་འབྲེལ་བ་ད་བར་མ་བྱུང་བ་དེ་ཧ་ཅང་སེམས་སྐྱོ་དགོས་པ་རེད་འདུག་པོར་ལེན་ཌི་ལ་བདེ་ཆེན་ཞིང་སྒྲུབ་བཙུགས་ནས་མི་ལོ་བཅོ་བརྒྱད་རེད་ཚར་འདུག་ང་ཚོ་ས་ལ་ཡང་ནས་ཕེབས་ནས་ང་ཚོ་ལའང་གསུང་ཆོས་གནང་རོགས་དང་གྲ་སྒྲིག་དང་འགྲོ་སོང་གང་དགོས་ང་ཚོའི་བྱེད་ཆོག”
ཟེར་མཁན་ཟེར་མཁན་འགའ་ཤས་བྱུང་། ངས་ཁོང་ཚོ་ལ་དེའི་ལན་དུ་མཚར་རྩེད་ཀྱི་ཚུལ་དུ་འདི་ལྟར་ཞུས། “མིག་གིས་ཐག་རིང་གི་དངོས་པོ་མཐོང་གི་ཡོད་ཀྱང་ཐག་ཉེར་ཡོད་པའི་མིག་སྤུ་མཐོང་མི་ཐུབ་པས་དཔེ་དེ་ལྟར་གྱུར་པ་རེད། ལོ་རྗེས་མ་ང་པོར་ལེན་ཌི་portland གནས་སྤོ་བྱེད་འཆར་ཡོད་ཅེས་བཤད་དུས་འགྱོད་པ་བྱེད་ཀྱི་འདུག ན་ནིང་དང་ད་ལོའི་བདེ་ཆེན་ཞིང་སྒྲུབ་གྲ་སྒྲིག་འཆར་གཞི་ཚང་མ་བཟོ་མཁན་ངོས་ཀྱི་བརྩེ་བའི་ཆོས་གྲོགས་དངོས་གྲུབ་རྡོ་རྗེ་དང་། ཆོས་གྲོགས་དབང་ཆེན་བཟའ་མི་གཉིས། བསྟན་འཛིན་ནམ་མཁའ། ཇོ་ལགས་རིན་ཆེན་བཅས་གཞན་ཁོང་ཚོའི་སྤུན་མཆེད་རྣམས་ནས་ཐབ་ཚང་ལས་ཀ་དང་རོགས་རམ་མཐུན་འགྱུར་རྒྱབ་སྐྱོར་གནང་བ་ལ་སྙིང་དབུས་ནས་བཀའ་དྲིན་ཆེ། ཉིན་གསུམ་གྱི་རིང་མི་མང་ལ་ཞོགས་ཟས་ཉིན་གུང་ཞལ་ལག་སོགས་སྔ་ལོའི་མི་མང་གི་ཞལ་འདེབས་རྣམས་ད་ལོར་འགྲོ་སོང་བཏང་ཞིང་སང་ནང་གི་ཞིང་སྒྲུབ་ད་ལོའི་ཞལ་འདེབས་ནས་འགྲོ་སོང་གཏོང་འཆར་ཡོད།
ཁ་སང་གི་བདེ་ཆེན་ཞིང་སྒྲུབ་ཀྱི་དམ་ཚིག་གིས་བསྡུས་པའི་ཆོས་གྲོགས་ཕོ་མོ་རྣམས་ལ་ངས་སེམས་གཏིང་ནས།
གནས་སྐབས་སུ་ཡང་འགལ་རྐྱེན་མཐའ་དག་ཞི།། མཐུན་རྐྱེན་ཚེ་དང་དཔལ་འབྱོར་རྒྱས་པ་དང་།།
ཆོས་བཞིན་སྤྱོད་པའི་གྲོགས་དང་ལྷན་ཅིག་ཏུ།། བསམ་པའི་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག།
དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས།། སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན།།
ཐོས་བསམ་སྒོམ་གསུམ་རྒྱུན་མི་ཆད།། སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག།
དེ་རིང་གི་ཉིན་ཐོ་འདིར་མཇུག་བསྡུས་པ་ཡིན་བཀྲ་ཤིས་བདེ་ལེགས།།