ཉེ་ཆར་སྤྱི་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་མོ་༢༠༢༥་ལོའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་མ་བཅོ་བརྒྱད་པ་དེ་འཚོགས་ལ་ཨ་རིའི་ནུབ་བྱང་མངའ་སྡེ་པོར་ལེན་ཌི་ལ་སོང་།
རིང་ནས་འདྲིས་པའི་དམ་གཙང་ཆོས་གྲོགས་མི་ཉུང་བ་ཞིག་ནས་ལག་ཁ་བཏགས། སེམས་དད་གུས། ཞལ་འཛུམ་མདངས་ཀྱིས་ཁེངས་ནས་གནམ་ཐང་དུ་བསུ་མ་ལ་ཕེབས་འདུག ཆོས་གྲོགས་རྣམས་ལ་ཕན་ཚུན་བདེ་གནས་ཀྱི་ཁམས་འདྲི་དང་སྦྲག་ང་ནི་ནམ་རྒྱུན་ལྟར་ཆོས་གྲོགས་ཤེས་རབ་ལགས་ཀྱི་རླངས་འཁོར་དུ་ཞུགས་ནས་ཁོང་གི་ནང་དུ་སོང་། ཕྱི་ཉིན་སྔ་དྲོ་ངལ་གསོ་བྱས་ཤིང་ཉིན་གུང་ཐག་ཉེར་ཡོད་པའི་ཆོས་གྲོགས་ངག་དབང་མདའ་གཞི་ཚང་ནང་མི་ནས་མགྲོན་འབོད་བྱས་པ་ལྟར་ནང་དུ་སོང་བས་ཉིན་ཟས་གྲ་རྒྱས་པོ་ཞིག་གྲ་སྒྲིག་གནང་འདུག་པས་ར་མ་ཚྭ་ཆུ་དང་འཕྲད་པ་ལྟར་འགྲང་ཚད་ཟོས།
ཕྱི་ཉིན་ཞོགས་པ་ཆུ་ཚོད་བཅུ་པའི་སྐབས་སུ་ནུབ་བྱང་བོད་རིགས་ཚོགས་པའི་འཚོགས་ཁང་དུ་སོང་བས་ཆོས་གྲོགས་མང་པོ་ཞིག་ནས་སང་ཉིན་གྱི་བདེ་ཆེན་ཞིང་སྒྲུབ་ཆེད་དུ་གྲ་སྒྲིག་ཟིང་ཟིང་ལོང་ལོང་བྱེད་བཞིན་འདུག ངས་ཀྱང་བདེ་ཆེན་ཞིང་སྒྲུབ་གཙོ་གཏོར་གསུམ་དང་། ཞིང་སྐྱོང་ཡབ་ཡུམ། ཆད་བརྟན་གཉིས་བཅས་གཏོར་མ་མདོར་བསྡུས་ཤིག་བཅས། མི་མང་ལག་ཏུ་གཡང་ཡོད་གསུངས་པ་ལྟར་དུས་ཡུན་ཐུང་ངུའི་ནང་མཆོད་པ་བཤམས་བཀོད་སོགས་ཚེགས་མེད་ངང་ལེགས་པར་གྲུབ། ཉིན་རྒྱབ་གནས་ཚང་ཆོས་གྲོགས་ཤེས་རབ་ལགས་ཀྱི་ནང་དུ་སོང་ནས་ཁ་བརྡ་རོལ་བཞིན་ལྷོད་ལྷོད་ངང་བསྡད།
དགུང་མོ་ཟུར་དུ་ཡོད་པའི་peninsula Park Rose Garden ཞེས་མེ་ཏོག་ལྡུམ་རའི་སྐྱེས་མོའི་ཚལ་དུ་ཆོས་གྲོགས་ཤེས་རབ་དང་། ངོས་ཀྱི་དགེ་ཕྲུག་ཨ་རི་བའི་ཕོ་གསར་Foster Smith བཅས་དང་ལྷན་བསིལ་རླུང་འཇམ་པོའི་ཁྲོད་ནས་འཕྲོད་བསྟེན་ཕྱིར་དུ་གོམ་འགྲོས་ལ་སོང་།
ཕྱི་ཉིན་ཞོགས་པ་ཆུ་ཚོད་དྲུག་དང་ཕྱེད་ཐོག་བོད་ཁང་དུ་སོང་བས་ཞིང་སྒྲུབ་ལ་མཉམ་ཞུགས་གནང་མཁན་དམ་གཙང་གི་ཆོས་གྲོགས་རྣམས་ཀྱིས་ལག་ཐལ་སྦྱར་དང་། གདོང་འཛུམ་མདངས་བཅས་སྒུག་འདུག དེ་ནས་དང་པོ་གསོ་སྦྱོང་གི་སྡོམ་པ་མཉམ་ལེན་བྱས་ཤིང་སྡོམ་པའི་ཕན་ཡོན་དང་དགོས་པ་སོགས་འགྲེལ་བཤད་བྱས་ནས་ཞོགས་ཟས་ལ་མཉམ་རོལ་བྱས། ཞིང་སྒྲུབ་འདིའི་སྐབས་སུ་དམར་ཟས་ལྟ་ཅི་དུས་མིན་གྱི་ཟས་ཉིན་གུང་ཆུ་ཚོད་བཅུ་གཉིས་སྐབས་སུ་གུང་ཚིགས་གསོལ་ཚར་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ་ནད་པ་དང་། རྒན་གོག་ཡིན་ན་མ་གཏོགས་དགུང་ཟས་མི་མཆོད་ཅིང་ཐམས་ཅད་ཀྱིས་སྤང་བླངས་ཚད་ལྡན་བྱེད་ཀྱི་ཡོད། ཞིང་སྒྲུབ་བདུན་གཅིག་རིང་ཞོགས་ཟས་དང་ཉིན་གུང་གསོལ་ཚིགས་བཅས་ཀྱི་སྦྱིན་བདག་ནི་ཚང་ཁ་ཤིག་ཤིག་རེད་འདུག།
འདི་ལོའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ས་གནས་འདིར་འཚོགས་ནས་ད་ལོ་མི་ལོ་ཧྲིལ་པོ་བཅོ་བརྒྱད་ཏག་ཏག་འཁོར་འདུག ཕྱི་འདངས་ཤིབ་རྒྱབ་པས་དུས་ཚོད་ནི་དེ་འདྲའི་མགྱོགས་དྲག་པ་ལ་ང་ནི་ཨ་རིར་འབྱོར་ནས་ལོ་དེ་ཙམ་ཞིག་འགྲོ་ཚར་འདུག ལོ་རེའི་བདེ་ཆེན་ཞིང་སྒྲུབ་ནི་མི་ཇེ་མང་དང་། འཚོགས་ཞུགས་གནང་མཁན་རྣམས་ཆོས་ལ་དོ་སྣང་ཇེ་ཆེ་རེད་འདུག་པས་སེམས་གཏིང་ནས་དགའ་བོ་བྱུང་། ད་ལྟ་ངས་འཚོགས་བཞིན་པའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འདི་ནི་མཁས་གྲུབ་ཆེན་པོ་ཀརྨ་ཆག་མེད་ཀྱིས་མཛད་པའི་བདེེ་ཆེན་སྨོན་ལམ་ཆེན་མོ་ལ་ནང་ཆེན་ཟུར་མང་མཁན་ཆེན་པདྨ་རྣམ་རྒྱལ་གྱིས་སྒྲིག་ཆོག་གནང་བའི་མདོ་སྔགས་ཟུང་འབྲེལ་གྱི་ཆོ་ག་དམིགས་བསལ་བ་ཞིག་ཡིན། དེང་སང་ས་གནས་གང་སར་བདེ་ཆེན་ཞིང་སྒྲུབ་འཚོགས་མཁན་རྣམས་ཀྱིས་བཀའ་གཏེར་དག་གསུམ་ལས་བྱུང་བའི་འོད་དཔག་གི་འདོན་ཆོག་གང་རུང་ཞིག་ལ་ཚོགས་འཁོར་དང་བྱང་བསྲེག་སོགས་སྟབས་བདེ་རེ་གནང་ནས་བདེ་ཆེན་ཞིང་སྒྲུབ་ཞེས་མིང་བཏགས་པ་དང་གཏན་ནས་མི་འདྲ། ངས་འཚོགས་བཞིན་པའི་ཞིང་སྒྲུབ་པདྨ་དྲྭ་བ་འདིར་དང་པོ་གསོ་སྦྱོང་གི་སྡོམ་པ་ཞུ་ཞིང་སྡོམ་པ་རྣམས་སོ་ཐར་དང་འབྲེལ་བས་ན་དམ་ཆོས་འདུལ་བ་དང་མཐུན་པ། གཉིས་པ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་གསུམ་པ་བྱང་ཆུབ་སེམས་ཀྱི་སྐབས་སུ་བྱང་ཆུབ་སེམས་སྡོམ་མཉམ་དུ་ལེན་པས་ན་བྱང་སེམས་དང་མཐུན་པ། གསུམ་པ་སྔགས་ཀྱི་སྐབས་སུ་ཡོངས་སུ་དག་པ་རྣམ་པ་བཞིའི་ཁོག་དབུབས་ནས། གཞུང་ཚིག་ལས། “ནང་བཅུད་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས། །”སོགས་ཞིང་སྦྱོང་སྐོར་གསུམ་གྱི་བསྙེན་དམིགས་སྐབས་སུ་སྣང་བ་ལྷ། སྒྲ་གྲགས་སྔགས། དྲན་རྟོགས་ཆོས་སྐུ་སོགས་མདོར་ན་ཁྱེར་སོ་གསུམ་གྱི་སྒོ་ནས་ཉམས་ལེན་བྱས་ཡོང་དུས་སྔགས་དང་མཐུན་པ་ནི་གཞན་ན་མེད་པའི་བདེ་ཆེན་ཞིང་སྒྲུབ་པདྨ་དྲྭ་བ་འདི་ཡི་ཐུན་མོངས་མ་ཡིན་པའི་ཁྱད་ཆོས་ཁོ་ན་ཡིན་ནོ།
ནམ་རྒྱུན་བླ་མ་ཡིན་ཟེར་ནས་བླ་མ་དང་སློབ་མའི་བར་དུ་ཐག་རིང་ཙམ་བྱེད་ནས་ཁྲི་ཡི་ཐོག་ཏུ་རྫིག་མདོག་ངང་བསྡད་ནས་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་ཆོས་ཕྱོགས་ཀྱི་མཛད་རིམ་གྲོལ་ཚར་མ་ཐག་སྐད་ཅིག་ཉིད་ལ་བླ་མ་དང་སློབ་མའི་བར་ལ་འབྲེལ་བ་དེ་ཙམ་མེད་པར་ཕན་ཚུན་ཁ་བྲལ་དུ་འགྲོ་བ་མ་ཡིན་པར་བདུན་དང་པོ་དང་གཉིས་པའི་ཆོས་ཁྲིད་བར་མཚམས་སྐབས་སུ་ངོས་ཀྱི་ཆོས་གྲོགས་སློབ་མ་རྣམས་ཀྱིང་ནང་དུ་ཞག་རེ་འདུག་རྒྱུ་བྱེད་ནས་བྲོ་བཅུད་ལྡན་པའི་བོད་ཟས་ལ་མཉམ་རོལ་བྱེད་ཅིང་སྔ་དགུང་ཞལ་ལག་བར་གསེང་གི་སྐབས་སུ་རྐུབ་སྟེགས་གཅིག་གི་ཐོག་ནས་ཕན་ཚུན་སྒེར་གྱི་ནང་གཏམ་དང་སྐྱིད་སྡུག་སོགས་མཉམ་གླེང་བྱེད་ཡོང་དུས་ཕན་ཚུན་གཅིག་རྒྱུས་གཅིག་ལོན་ངང་ནས་སེམས་ཐག་ཉེ་བོ་དང་ཡིད་ཆེས་ཡོང་བ་སོགས་དགོས་པ་ཁྱད་པར་ཅན་མཐོང་གི་འདུག།
ད་ལོ་ནི་ཆོས་གྲོགས་ཚེ་རིང་ཆོས་འཕེལ་དང་། ཚེ་རིང་སྒྲོལ་མ་གཉིས་ཀྱི་ནང་དུ་ཉིན་གྲངས་མང་ཙམ་འདུག་རྒྱུ་བྱུང་བས་ཧ་ཅང་སྐྱིད་པོ་བྱུང་། ཁོང་གཉིས་ཀྱི་བཞུགས་གནས་ནི་གུ་ཡངས་ཤིང་རྒྱ་ཆེ་ལ་རྒྱབ་ལོགས་སུ་ཉི་རའི་བར་ཁྱམས་དང་མེ་ཏོག་ལྡུམ་ར་སོགས་མཛེས་ཤིང་ཡིད་དུ་འོང་བར་བྱས་ནས་བཞུགས་ཡོད། ང་ནི་ནམ་རྒྱུན་བོད་པའི་མི་ཚང་མང་པོར་འགྲོ་མྱོང་ཡོད་པས་མང་ཆེ་བས་ང་ཚོ་བོད་རིགས་ལ་དགོས་པའི་ནུབ་ཕྱོགས་པའི་ལེགས་ཆ་རྣམས་དཔེར་ན། ཁ་ལག་བཟོ་སྟངས་དང་། ཟ་སྟངས། ཐ་ན་མདུན་ཅོག་ཐོག་ཏུ་བསྒྲིག་སྟངས། སྤྱོད་ལམ་བསྟེན་སྟངས། འཕྲོད་བསྟེན་གཟབ་སྟངས་སོགས་ལ་དོ་སྣང་དེ་ཙམ་མེད་པར་ནམ་རྒྱུན་བོད་པའི་ཁ་ཟས་མོག་མོག་དང་། ཤ་རྡོག་བཙོས་སོགས་གཟུགས་པོའི་འཕྲོད་བསྟེན་ལ་གནོད་པའི་སྲོལ་རྒྱུན་གྱི་ཟ་མ་ཟ་ནས་འདུག་མཁན་ཧ་ཅང་མང་པོ་ཡོད། ཁོང་བཟའ་མི་གཉིས་ནི་ནམ་རྒྱུན་འཕྲོད་བསྟེན་གྱི་ཟ་མ་ཟ་ཞིང་ཉིན་རྒྱབ་གོམས་འགྲོས་བྱེད་པ་སོགས་འཕྲོད་བསྟེན་ལ་དོ་སྣང་གནང་མཁན་ཞིག་ཏུ་མཐོང་བས་ག་དུས་ཁོང་གཉིས་ཀྱི་ནང་དུ་སླེབས་ཀྱང་ངོས་ལ་ཟས་སྤྱོད་དང་འཕྲོད་བསྟེན་སྐོར་ལ་མ་བསླབ་ཀྱང་རང་བཞིན་གྱིས་བཟང་བསྐྱེད་དང་ཕན་ཐོག་ཧ་ཅང་ཆེན་པོ་ཡོང་གི་འདུག།
ང་ཡང་ལོ་རྗེས་མར་པོར་ལེན་ཌི་ལ་གནས་སྤོ་བྱེད་འཆར་ཡོད་པས་བར་གསེང་སྐབས་སུ་ས་ཆ་དང་ཁང་པ་འགའ་ཤས་ལ་བལྟ་རྒྱུ་བྱུང་བས་མ་འོངས་པར་པོར་ལེན་ཌི་ས་གནས་གང་དུ་འདུག་དགོས་མིན་དང་ས་ཁང་སོགས་ཀྱི་གོང་ཚད་སོགས་ཀྱང་དངོས་སུ་མཐོང་བས་ད་རེས་བཟང་པོའི་ཞོར་དུ་ཇ་ཆང་གི་དཔེ་ལྟར་ང་ཡི་མ་འོངས་པའི་གནས་སྤོའི་ལས་རིམ་གྱི་འཆར་གཞི་ལའང་ཕན་ཐོག་ཆེ་ཙམ་བྱུང་།
འཕོ་ཁྲིད་སྐབས་སུ་གསང་སྔགས་ཀྱི་སྒྲས་ཟིན་སྒྲ་ཇི་བཞིན་པར་མ་ཡིན་པར་མདོ་སྔགས་ཟུང་འཇུག་དང་ཐབས་ཤེས་ཡ་མ་བྲལ་བའི་སྒོ་ནས་ཉམས་ལེན་བྱེད་དགོས་སྐོར་མང་ཙམ་བཤད། སྤྱིར་གསང་སྔགས་ཀྱི་ཆོས་དང་ལྷག་པར་དུ་འཕོ་བའི་ཆོས་འདི་ཉིད་དམིགས་བསལ་བ་ཞིག་ཡིན་པའི་ཆ་ནས་མདོ་ཡི་དགོངས་པ་དང་གཏན་འགལ་དུ་མ་སོང་བར། མདོ་ལས། “ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། ། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། ། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་པ། ། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །”ཞེས་པའི་ལུང་ཚིག་དང་། འཕོ་བའི་སྐབས་སུ། རྒྱུད་ལས། “ཉིན་བཞིན་བྲམ་ཟེ་གསོད་པ་དང་། ། མཚམས་མེད་ལྔ་ནི་བྱེད་པ་ཡང་། ། འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། ། སྡིག་གིས་གོས་པར་མི་འགྱུར་རོ། །” ཞེས་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་ནས། “སྒོམ་ཏེ་སངས་རྒྱས་ཀུན་ལ་ཡོད། ། མ་སྒོམ་ཆོས་ནི་ང་ལས་མེད། །” ཅེས་སོགས་མདོ་སྔགས་གཉིས་ཀྱི་བསྟན་པའི་བདག་པོ་གཉིས་ཀྱིས་གསུངས་པའི་དངོས་འགལ་ཅན་གྱི་ལུང་འདྲེན་འདི་རྣམས་འགལ་བ་ལྟག་སྤྲོད་དུ་མ་སོང་བར་གང་ཟག་གཅིག་གིས་ཇི་ལྟར་ཉམས་སུ་ལེན་དགོས་མིན་སོགས་འགྲེལ་བཤད་གང་དྲག་བྱས། དེ་ལྟར་མ་ཡིན་པར་སྐབས་འདིའི་འཕོ་བའི་སྐབས་སུ་ཇི་ལྟར་བཤད་ཡོད་པ་ཁོ་ནའི་དབང་དུ་སོང་ན། སྤྱོད་འཇུག་ལས། “མདོ་དང་སྔགས་ཀྱི་འདྲིད་མི་བྱ། །” ཞེས་གསུངས་པ་ལྟར་མདོ་སྔགས་གཉིས་ཀྱི་ཆོས་དང་ལམ་སོགས་ཕན་ཚུན་འབྲེལ་མེད་ཤར་ནུབ་ཀྱི་རི་བོ་བཞིན་མཉམ་གནས་གཏན་ནས་མི་ཐུབ་པ་མ་ཟད། གསང་སྔགས་ཀྱི་དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་སོགས་ཇི་བཞིན་མ་ཤེས་པར་སྒྲ་ཇི་བཞིན་པར་སོང་ན་མཐར་ལས་འབྲས་སོགས་ལ་མེད་པར་ལྟ་བའི་གསོར་མི་རུང་བའི་ཆད་མཐར་ལྷུང་ནས་ཨི་ཕན་བསམ་པའི་ཆོས་དེ་མི་ཕན་པར་ལྷ་བདུད་དུ་བབས་པའམ་སྨན་དུག་ཏུ་གྱུར་པའི་དཔེ་ལྟར་མི་ཡོང་བའི་ངེས་པ་མེད་པས་འཕོ་བ་སོགས་གསང་སྔགས་ཀྱི་ཆོས་མཆད་མཁན་རྣམས་ཀྱིས་དང་པོ་མདོ་ཡི་ཆོས་དང་ལྷག་པར་དུ་སྐྱེས་བུའི་ཆུང་ངུའི་ཆོས་འདི་རྣམས་སྣང་ཆུང་དུ་མ་ཤོར་བར་གནང་དགོས་པ་ནི་ཧ་ཅང་གལ་ཆེའོ། །