Tuesday, April 25, 2023

༸སྐྱབས་མགོན་ཡིད་བཞིན་ནོར་བུའི་བྱམས་བརྩེ་ལོག་འགྲེལ་བྱས་པ་ལ་གསལ་བཤད་མདོར་བསྡུས།

༸སྐྱབས་མགོན་ཡིད་བཞིན་ནོར་བུའི་བྱམས་བརྩེ་ལོག་འགྲེལ་བྱས་པ་ལ་གསལ་བཤད་མདོར་བསྡུས།

དེ་རིང་ངས་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་སྐོར་ཉིན་ཐོ་ཞིག་འབྲི་འདོད་བྱུང་།
དེ་ནི་ཚང་མས་མཁྱེན་གསལ་ལྟར་ཉེ་བའི་ཆར་སྐྱབས་མགོན་རིན་པོ་ཆེ་དང་། རྒྱ་གར་གྱི་ཕྲུ་གུ་གཉིས་ཀྱི་བར་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་པའི་གནས་ཚུལ་དེའི་སྐོར་རེད།
མི་མང་པོ་ཞིག་ནས་དེའི་སྐོར་ལ་དོགས་པ་ཆེ་ཤོས་དེ་གང་རེད་ཟེར་ན་སྐྱབས་མགོན་རིན་པོ་ཆེའི་བུ་དེ་ལ་ཆགས་སྲེད་ཀྱི་བྱ་སྤྱོད་ཞིག་ལ་ངོས་འཛིན་བྱས་པ་དེ་རེད་དེའི་སྐོར་ལ་དོན་ཚན་འགའ་ཤས་ཀྱི་སྒོ་ནས་འགྲེལ་བཤད་བྱེད་ཀྱི་ཡིན།
དོན་ཚན་དང་པོ།
སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དགེ་སློང་གི་སྡོམ་པ་ཞུས་ནས་ཁོང་ནི་ད་བར་ཕོ་མོའི་འཁྲིག་སྤྱོད་ཀྱི་སྡོམ་པ་ནི་ཁོང་གི་སྲོག་དང་མིག་ལྟར་སྲུང་མཁན་གྱི་སྐྱེས་བུ་དམ་པ་ཞིག་རེད། ཐ་ན་གཉིད་ཀྱི་སྐབས་སུ་སྡོམ་པ་དང་འགལ་བའི་རྨི་ལམ་བྱུང་ནའང་དེ་མ་ཐག་བཤགས་སྡོམ་བྱེད་ཀྱི་ཡོད་རེད། དེ་ནི་ཚངས་སྤྱོད་ཀྱི་སྡོམ་པ་གཅེས་སྤྲས་གནང་མཁན་ནང་པའི་དགེ་སློང་ཕལ་མོ་ཆེའི་དེ་འདྲ་གནང་གིན་ཡོད་པ་རེད། དགུང་ལོ་དགུ་བཅུ་ལ་ཉེ་བའི་སྐུ་ཚེ་དེ་ལ་སོར་སྡོམ་སྲོག་ལྟར་གཅེས་མཁན་བླ་རྒན་ཞིག་ནས་ལོ་ཆུང་ཕྲུ་གུ་ཞིག་ལ་དེ་ལྟར་གཏན་ནས་གནང་མི་སྲིད་པ་རེད། ལར་ནས་སྐབས་དེ་དུས་རྒྱ་གར་གྱི་སློབ་གྲྭ་བརྒྱ་དང་ཉི་ཤུ་གཙོས་མི་མང་བརྒྱ་ཕྲག་མང་པོའི་དབུས་གསར་འགོད་པ་དང་པར་ལེན་པ་སོགས་མི་མང་སྟོང་ཕྲག་མང་པོའི་འདུ་འཛོམས་ཀྱི་སྐྱིལ་དུ་སྐྱབས་མགོན་རིན་པོ་ཆེ་མཆོག་དང་མ་ཟད་བློ་མནལ་དུ་གནས་མཁན་ཞིག་ཡིན་ནས་བཟུང་སྟེ་ཇི་ཅམ་འདོད་ཆགས་ཆེ་ཡང་ཆེས་བླུན་པོའི་ལས་ཀ་དེ་འདྲ་གཏན་ནས་བྱེད་མི་སྲིད་པ་ཞིག་རེད། དེ་ནི་རང་སྣང་མ་དག་པ་དུས་ངན་སྙིགས་མའི་མི་རྣམས་ཀྱི་རྣམ་རྟོགས་ལོག་པའི་ལྟ་ཚུལ་དེ་འདྲ་རེད། ང་ཚོ་བོད་པའི་ངོར་སྐྱབས་མགོན་རིན་པོ་ཆེ་ནི་འདོད་ཆགས་རང་མཚན་པ་ལས་གྲོལ་བ་ཙམ་མ་ཟད་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་སྐུ་དངོས་ཀྱི་ངོ་བོར་བསམ་གྱི་ཡོད། བོད་པའི་སྤྱི་ཚོགས་ནང་དུ་མང་པོ་ཞིག་ནས་ངག་རྒྱུན་དུའང་སྤྱན་རས་གཟིགས་ཞེས་འབོད་ཀྱི་ཡོད། གནས་ཚུལ་ལ་སྤྱན་རས་གཟིགས་མི་ཡི་གཟུགས་སུ་ཕེབས་ནས་སེམས་ཅན་རྣམས་ལ་མ་ཡིས་བུ་ལ་བརྩེ་བས་སྐྱོང་བ་ལྟར་གནང་ཡང་། སྣང་ཚུལ་སེམས་ཅན་རྣམས་ལས་མ་དག་པ་རྣམས་ཀྱིས་ཆེས་ཡ་མཚན་ཅན་གྱི་སྙིང་རྗེ་ཆེན་པོའི་མཛད་སྤྱོད་ལའང་ཆགས་སྲེད་ཀྱི་ངོ་བོར་སྣང་བ་རེད། ད་རེས་སངས་རྒྱས་ཀྱིས་བྱམས་བརྩེའི་མཛད་སྤྱོད་ལ་ལས་མ་དག་པའི་སེམས་ཅན་འགའ་ཡིས་ལོག་འགྲེལ་བྱས་པ་རེད། འདི་ནི་དུས་ངན་སྙིགས་མའི་སེམས་ཅན་རྣམས་ཀྱི་འཁྲུལ་སྣང་རང་རེད་མ་གཏོགས་སྐྱབས་མགོན་རིན་པོ་ཆེ་ལ་ནོར་འཁྲུལ་གཏན་ནས་ཡོད་མ་རེད། གལ་ཆེ་ཤོས་ནི་ཀུན་སློང་རེད། ད་རེས་ཆེས་བསོད་ནམས་ཅན་གྱི་རྒྱ་གར་གྱི་ཕྲུ་གུ་དེ་ལ་སྐྱབས་མགོན་རིན་པོ་ཆེའི་སྙིང་རྗེའི་ཀུན་ནས་བསླང་སྟེ་ཐུགས་བརྩེའི་བྱམས་སྐྱོང་གནང་སྟངས་འདི་ནི་བོད་ཀྱི་སྲོལ་རྒྱུན་རྙིང་པའི་ལུགས་སྲོལ་ཙམ་ལས་གཞན་གང་ཡང་མིན། ལྕེ་ནར་བྱེད་པ་ནི་བོད་ཀྱི་གནའ་བོའི་རིག་གཞུང་གོམས་སྲོལ་ཞིག་ཡིན་པས་དེང་སང་དུས་རབས་ཉེར་གཅིག་པའི་ནུབ་ཕྱོགས་པའི་མིག་སྔར་མི་མཛེས་སྲིད་ཀྱང་།

དེ་དང་གཅིག་མཚུངས་ཀྱི་ནུབ་ཕྱོགས་པའི་རིག་གཞུང་དང་ལུགས་སྲོལ་ཁྱད་མཚར་ཤར་ཕྱོགས་སུ་དེ་ཙམ་མི་མཛེས་པའང་མང་པོ་ཡོད། དཔེར་ན། བུ་གཉིས་ཆང་ས་རྒྱག་རྒྱུ་དང་། མ་དང་བུ་གཉིས་བར་ཆགས་གཏམ་བཤད་རྒྱུ་ལ་མི་འཛེམས་པ་སོགས་ལྟ་བུ་རེད། དེ་བཞིན་དུ་ཤར་ཕྱོགས་པའི་རྒྱལ་ཁབ་མང་པོ་དང་ལྷག་པར་དུ་བོད་ཀྱི་བུད་མེད་རྣམས་ཀྱིས་ནུ་མ་ཕྱི་རུ་མངོན་པ་ལ་གཞན་གྱིས་མཐོང་ན་དེ་ལ་ཆགས་སྲེད་དང་འབྲེལ་བའི་ཚོར་བ་གང་ཡང་མེད། མི་ཚོགས་མང་པོའི་དཀྱིལ་ནས་ཕྲུ་གུས་ཨ་མའི་ནུ་མ་འཇིབ་ཀྱིན་ཡོད། ལྷག་པར་དུ་བློས་ཐུབ་ཀྱི་བུ་གྲོགས་པོ་གཉིས་མི་ཚོགས་མང་པོའི་དཀྱིལ་ནས་ལག་སྡང་སྦྲེལ་ནས་མཉམ་དུ་འགྲོ་གི་ཡོད་ཀྱང་གཞན་གྱིས་ཁོང་གཉིས་གྲོགས་པོ་བཟང་པོ་ཞིག་ལས་དེ་ལ་དེང་དུས་ནུབ་ཕྱོགས་པའི་བུ་ཡི་ཆགས་སྲེད་ཀྱི་བསམ་བློ་དེ་འདྲ་འཁོར་གྱི་མེད། དེ་ལ་སོགས་པ་ལུང་པ་རེ་ལ་ཆོས་ལུགས་དང་གོམས་གཤིས་སོགས་ཧ་ཅང་མི་འདྲ་བ་མང་པོ་ཡོད། དེ་ཙམ་མ་ཟད་པ་ཤེས་དགོས་པ་ཞིག་ལ་སྐྱབས་མགོན་རིན་པོ་ཆེ་ནི་ནམ་རྒྱུན་རྩེད་མོ་ལ་དགའ་བ། བཞད་གཏམ་སོགས་མི་དཀྱུས་མ་ནང་བཞིན་གནང་བ་ལ་ཧ་ཅང་དགའ། སྐབས་རེ་མགོ་ལ་སྤུ་མེད་མཁན་རྣམས་ཀྱི་མགོ་ལ་རེག་པ་དང་། ཁ་ཆེ་དང་། ཧིན་དུ་སོགས་ཆོས་ལུགས་ཀྱི་མི་སྣ་རྣམས་དང་འཕྲད་དུས་ཁ་སྤུ་ནས་འཐེན་པ་དང་། སྣ་གཏུགས་པ་དང་། སྣ་འཐེན་པ་སོགས་བྱེད་ཀྱི་ཡོད། དེ་ནི་རང་བཞིན་མ་བཅོས་པའི་སྐྱབས་མགོན་རིན་པོ་ཆེའི་ཁྱད་ཆོས་ཁོ་ན་ཡིན་པ་ཤེས་དགོས་སོ།
དོན་ཚན་གཉིས་པ།
ཧ་ཅང་ཤེས་དགོས་པ་ཞིག་ལ་གནས་སྟངས་དེ་ནི་སྤྱི་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་མོ་རྒྱ་གར་སློབ་ཕྲུག་བརྒྱ་དང་ཉི་ཤུ་ཐམ་པ་མཛད་སྒོ་དེར་ཆེད་དུ་བཅར་ནས་བཞུགས་སྒར་གཙུག་ལག་ཁང་དུ་གནང་བ་ཞིག་རེད། སྐབས་དེ་དུས་ཀྱི་སྐུ་མགྲོན་སློབ་ཕྲུག་རྣམས་དང་སློབ་གྲྭའི་དགེ་རྒན། ལྷག་པར་དུ་ཕྲུ་གུ་དང་ཨ་མ་བཅས་དགའ་བས་ཡི་རངས་ནས་མཐར་གསར་འགོད་པར་དྲི་བ་དྲིས་ལན་སོགས་གནང་ནས་རྙོག་གླེང་གང་ཡང་མེད་པར་མཛད་སྒོ་དེ་བཀྲ་ཤིས་བདེ་ལེགས་ཀྱིས་རྒྱལ་ཁའི་ངང་ནས་གྲོལ་བ་རེད། མཛད་སྒོ་གནང་ནས་ཟླ་བ་གཅིག་དང་ཉིན་བཅུ་ཡི་རྗེས་སུ་གཞི་ནས་བརྙན་ཐུང་དེའི་ནང་ནས་བཅད་གཏུབ་བྱས་ནས་སྐར་ཆ་འགའ་ཤས་ཡོད་པ་ཞིག་སྤྱི་ཚོགས་དྲྭ་ལམ་དུ་ཁྱབ་ནས་དེ་ལ་གསར་འགོད་པ་རྣམས་ཀྱིས་བརྟག་དཔྱད་གང་ཡང་མེད་པར་བློ་བུར་དུ་འཛམ་བུའི་གླིང་ལ་ཁྱབ་བརྡལ་དུ་ཕྱིན་པ་རེད། དེང་སང་དེའི་སྐོར་ལ་ཉམ་ཞིབ་བརྩད་བཅོད་བྱས་ཡོང་དུས་དེ་ནི་རྒྱ་ནག་གཞུང་གིས་བསམ་བཞིན་དུ་བཟོས་པ་ཡིན་པ་ཉིན་རེ་བཞིན་ར་འཕྲོད་ཡོང་གི་ཡོད་པ་རེད།
འདས་པའི་མི་ལོ་དྲུག་བཅུ་རེ་གསུམ་རིང་སྐྱབས་མགོན་རིན་པོ་ཆེ་རྒྱ་གར་ལ་སྐྱབས་བཅོལ་ལ་ཕེབས་ནས་བཟུང་སྟེ་རྒྱ་ནག་གཞུང་ནས་ཡོད་དགུ་ནུས་པ་གཅིག་ཏུ་སྒྲིལ་ནས་ཁོང་དང་བཙན་བྱོལ་བོད་གཞུང་འདི་རྣམས་རྩ་མེད་དུ་གཏོང་བའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། ཉེ་ཆར་གྱི་གནས་ཚུལ་འདི་འདྲ་བོ་མང་པོ་ཡུན་རིང་ནས་སྒུག་བསྡད་ཡོད་པ་རེད། གང་ཡིན་ཟེར་ན་རྒྱ་ནག་གཞུང་ནས་སྐྱབས་མགོན་རིན་པོ་ཆེ་འཛམ་གླིང་རྒྱལ་གཅེས་སྒང་ལ་མཚན་སྙན་དེ་མེད་པ་བཟོ་བའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད།
དེ་སྔ་ཕན་ཆོད་རྒྱ་ནག་གཞུང་ནས་ཐབས་ལམ་མང་པོའི་རྒྱུད་ནས་མཚན་དམས་དང་སྐྱོན་འདོགས་བྱེད་ས་རྙེད་ཡོད་མ་རེད། དེ་ནི་ཁོང་གིས་ཕྱག་ལས་གང་གནང་བ་དེ་ལ་རྫུན་དང་། ནོར་འཁྲུལ། གཡོ་སྒྱུ། སྦས་གསང་སོགས་གང་ཡང་མེད་པ་ཡིན་ཙང་རེད། ཉེ་ཆར་གྱི་བརྙན་ཐུང་དང་པར་དེ་རྣམས་བཅད་གཏུབ་བྱས་ནས་ནུབ་ཕྱོགས་པའི་མི་རྣམས་ཀྱི་མིག་སྔར་གང་མི་མཛེས་པ་དེ་རྣམས་བླངས་ནས་རྒྱ་ནག་གཞུང་གིས་བསམ་ཡུལ་འདས་པའི་ལོག་བཤད་བྱས་ནས་གསར་ཤོག་དང་། གློག་བརྙན་སོགས་ཉིན་ཤས་རིང་བོད་ནང་དུ་ཧ་ཅང་ཁྱབ་སྒྲག་ཆེན་པོ་བྱས་པ་རེད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་བོད་མི་རྣམས་ཀྱི་སེམས་ལ་འགྱུར་བ་གང་ཡང་མ་ཐེབས་པ་མ་ཟད་འགའ་ཤས་ཞིག་ནས་འདི་ལྟར་ཟེར་བའི་སྐད་ཆ་འདུག། ༼འདི་ཚང་གིས་གང་བཤད་པ་རྣམས་ལ་ང་ཡིད་ཆེས་གཏན་ནས་མེད། ང་ལ་དགོས་པ་དེ་མ་བསམ་ས་ནས་ཡིད་བཞིན་ནོར་བུའི་སྐུ་པར་དང་བརྙན་ཐུང་མཇལ་བ་དེས་ད་ང་སང་ཉིན་ཤི་ནའང་འགྱོད་པ་མེད།༽ སློབ་གྲྭའི་ཁང་པ་ནང་དུ་གློག་བརྙན་དེ་སྟོན་སྐབས་སུ་སློབ་ཕྲུག་ཞིག་ནས་སྐད་ཅོར་ཆེན་པོའི་སྒོ་ནས་གོང་གི་ཚིག་དང་མཐུན་པའི་སྐད་ཆ་བཤད་པའི་སྐབས་སུ་རྒྱ་ནག་གཞུང་ནས་སློབ་ཕྲུག་དེ་ནག་ཉེས་ཅན་དུ་བགྲངས་ཞིང་དེ་མ་ཐག་ཏུ་འཛིན་བཟུང་བྱས་ནས་ད་ལྟ་བཙོན་ཁང་ནང་དུ་ཡོད་སྐད་འདུག། དེ་དང་མ་ཟད་ད་ལྟའི་སྐྱབས་མགོན་རིན་པོ་ཆེའི་སྐོར་གྱི་གནས་ཚུལ་དེའི་ལ་དྭགས་སོགས་ཧི་མ་ལའི་རི་རྒྱུད་ཀྱི་ནང་པ་ཁྲི་ཁྲག་མང་པོའི་རང་མོས་ཀྱིས་ངོ་རྒོལ་སྐད་འབོད་སོགས་ཀྱི་རྐྱེན་གྱིས་རྒྱ་གར་སོགས་གསར་འགོད་པ་མང་པོའི་དགོངས་སེལ་ཞུས་ཡོད། དེ་ནི་ང་ཚོ་བོད་རིགས་ཡོངས་ལ་རྐྱེན་ངན་གྲོགས་ཤར་ལྟ་བུར་གྱུར་ནས་ང་ཚོ་བོད་རིགས་ཙམ་མ་ཟད་ཤར་ལ་དྭགས་ནས་ནུབ་མོན་བར་ཧི་མ་ལའི་རི་རྒྱུད་དུ་གནས་པའི་ནང་པ་ཡོངས་རྫོགས་ཀྱིས་ད་རེས་འགག་ལ་ཐུག་དུས་༧སྐྱབས་མགོན་རིན་པོ་ཆེ་ལ་དད་གུས་ཇི་ཙམ་ཡོད་པ་གསལ་པོར་བསྟེན་པ་རེད། དེའི་རྐྱེན་གྱིས་བོད་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལའང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
དོན་ཚན་གསུམ་པ།
སྤྱིར་གཏང་དུས་རབས་ཉེར་གཅིག་པ་འདི་ནི་ནང་པའི་ཆོས་གཞུང་ལས་དུས་ངན་སྙིགས་མ་ཞེས་ཆེས་དུས་ངན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེ་གང་ཡིན་ཞེ་ན་ང་ཚོ་འགྲོ་བ་མི་རྣམས་ཉོན་མོངས་པ་འདོད་ཆགས། ཞེ་སྡང་། གཏི་མུག། ང་རྒྱལ། ཕྲག་དོག བདག་འཛིན། ཆེས་རགས་པའི་དུས་སྐབས་ཡིན། དེང་སང་འཛམ་བུའི་སྒང་ལ་དམག་འཁྲུག། ནད་ཡམས། འཁོར་ཡུག་གི་གནོད་སྐྱོན་ཚང་མ་འགྲོ་བ་མི་ཡི་བསམ་ངན་སྡུག་རྩུབ་བྱ་སྤྱོད་འདི་ལྟ་བུ་ཁོ་ན་ལ་བསྟེན་ནས་བྱུང་བ་ཡིན། ད་དུང་མུ་འཐུད་ནས་སེམས་བདག་འཛིན་དང་། ཉོན་མོངས་ཀྱི་དབང་དུ་གཏང་ནས་དྲང་བདེན་དང་། བྱམས་བརྩེ། སྙིང་རྗེ་སོགས་ལ་ཐག་ཇེ་རིང་དུ་སོང་ན་ནམ་ཞིག་འཛམ་བུ་གླིང་འདི་ནད་མུག་མཚོན་འཁྲུག། འབྱུང་བཞིའི་འཇིགས་པ་སོགས་ཀྱི་ཁེངས་པའི་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་མི་མྱོང་བའི་ངེས་པ་མེད། དེ་ནི་ང་ཚོ་འགྲོ་བ་མི་ཡི་ད་ལྟའི་བྱ་སྤྱོད་ཁོ་ན་ལ་རག་ལས་ཡོད། ང་ཚོའི་འབྱུང་འགྱུར་གྱི་མི་རབས་རྗེས་མ་རྣམས་ལ་ལེགས་སྐྱེས་ཡག་ཤོས་ནི་ད་ལྟའི་མི་རབས་འདི་རྣམས་ཀྱིས་ཡ་རབས། དྲང་བདེན། བྱམས་སྙིང་རྗེ། རང་རྒྱུད་ཀྱི་ཉོན་མོངས་རྣམས་སྤངས་ཞིང་གཞན་ལ་ཕན་སེམས་ཀྱི་བྱ་སྤྱོད་ཁོ་ན་ལ་འབད་རྒྱུ་དེ་ཡིན། དེ་ནི་དུས་ངན་སྙིགས་མ་ཡིན་ཀྱང་ད་དུང་ང་ཚོར་མིག་དཔེ་བྱེད་འོས་པ་ནི་སྐྱབས་མགོན་རིན་པོ་ཆེ་སོགས་ཡ་རབས་བཟང་སྤྱོད་ལྡན་པའི་མི་འགའ་ཁ་ཤས་ཞིག་ཡོད་པ་འདི་རེད། སྐྱབས་མགོན་རིན་པོ་ཆེ་ལུང་པ་རྒྱ་ལག་ཏུ་ཤོར་བའི་སྐྱབས་བཅོལ་བ་དཀྱུས་མ་ཞིག་ཡིན་ཀྱང་ཁོང་གི་ཕུགས་རྒྱང་གི་བསམ་བློ་དང་། འགྲོ་བ་ཡོངས་ལ་བཅངས་པའི་བརྩེ་བ་ནི་ནམ་མཁའ་ལས་རྒྱ་ཆེ་བ་ཞིག་ཡིན། ཁོང་ནི་བོད་གཅིག་པུའི་སྐྱབས་གནས་ཞིག་མ་ཡིན་པར་༼འཛམ་གླིང་ཞི་བདེའི་དེད་དཔོན་༽ཅེས་ཆེས་མཁས་དབང་དང་སྲིད་འཛིན་མང་པོའི་མཚན་གསོལ་གནང་ཡོད། ཁོང་ལ་ཁ་གཏད་དང་མཚན་སྨས་ཞུས་པ་དེའི་འཛམ་གླིང་ཞི་བདེའི་ལམ་ལ་རྡོག་རོལ་གཏང་བ་ཞིག་ཡིན། འགྲོ་བ་མི་ཡི་དམངས་གཙོ་ལ་ཁ་གཏད་བཅགས་པ་ཞིག་ཡིན། གང་ཡིན་ཟེར་ན་ད་ལྟའི་དུས་རབས་འདིར་ཁོང་ནི་འགྲོ་བ་མི་ཡི་དམངས་གཙོ་དང་ཞི་བདེའི་མཚོན་རྟགས་ཀྱི་མི་ངོ་མ་དེ་ཡིན། ཁོང་གི་སྐུ་ཚེ་གང་པོར་རང་དོན་བློས་གཏང་ནས་གཞན་དོན་གྱི་ཕྱག་ལས་ཁོ་ན་མ་གཏོགས་མེད། ཁོང་ནས་དུས་རབས་འདིར། ཆོས་ལུགས་རིས་མེད། བྱམས་བརྩེའི་བསླབ་བྱ། འཛམ་གླིང་ཞི་བདེའི་ཆེད་དུ་ཕན་ཐོག་ཧ་ཅང་ཆེན་པོ་བྱུང་ཡོད། ད་རེས་ཁོང་ལ་བྱས་པ་དྲིན་བཟོའི་ཐུགས་རྗེའི་ལེགས་འབུལ་བྱེད་རྒྱུའི་ཕར་ཞོག། ངན་སྨྲས་དང་། གཞི་མེད་སྐྱོན་འཛུག་བྱས་པ་དེས་ཁོང་སྐུ་ཚེ་གང་པོར་ཐེག་ཆེན་གྱི་ཆོས་ཉམས་ལེན་གནང་མཁན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞིག་ལ་ཐུགས་ཕམ་གྱི་རྒྱུ་རུ་མི་འགྲོ་ཡང་། ད་རེས་གསར་འགོད་པ་རྣམས་ལ་ཡ་རབས་བཟང་སྤྱོད་དང་། དྲང་བདེན་ཇི་ཙམ་ཡོད་པ་གསལ་པོར་ཕྱི་རུ་སྟོན་པ་རེད། དེ་དང་ཆབས་ཅིག་ཏུ་ཁོང་གི་རྗེས་འབྲངས་པ་བོད་རིགས་གཙོས་ནང་པ་དང་ཧི་མ་ལ་ཡའི་མི་སོགས་ཡ་རབས་དྲང་བདེན་ལ་དགའ་བའི་མི་མང་ས་ཡ་མང་པོའི་སེམས་ལ་ད་རེས་རྨ་ཁ་ཆེན་པོ་ཞིག་བཟོས་པ་ཡོད།
དོན་ཚན་བཞི་པ།
མཐར་མཇུག་སྡོམ་སྒོ་ནས་བཤད་ན་དེང་སང་འཛམ་བུ་གླིང་འདིར་ནད་མཚོན། དམག་འཁྲུག།
སོགས་ཆེས་འཇིགས་སུ་རུང་བའི་དུས་འདིར་ངས་ག་དུས་ཡིན་ན་འདི་ལྟར་བསམ་གྱི་ཡོད། ༼ཆེས་ཡ་ང་བའི་སྙིགས་མའི་དུས་འདིར་འགྲོ་བ་མི་ལ་ལམ་སྟོན་དང་སྐྱབས་གནས་ཞུ་ས་སྐྱབས་མགོན་རིན་པོ་ཆེ་ཁོང་ལྟ་བུ་རེ་ཟུང་ཞིག་ཡོད་ན་ཅི་མ་རུང་།༽
གོང་གི་ཚིག་འདི་ངས་ག་དུས་ཡིན་ཀྱང་ཁ་ནང་ནས་ལབ་རྡོལ་དབང་མེད་དུ་དུ་ཤོར་འགྲོ་གི་འདུག། མདོར་ན་དེ་རིང་ངས་འདིར་བྲིས་པའི་རྩོམ་འདིའི་བསམ་བཞིན་དུ་དྲང་བདེན་དང་། དམངས་གཙོ། ཞི་བདེ་རྡོག་རོལ་དུ་གཏོང་མཁན་གསར་འགོད་པ་ཁག་གཅིག་གཙོས་པའི་གཡོན་ཐལ་དུ་ལྷུང་བའི་མི་རྣམས་ལ་འགྲེལ་བཤད་བྱེད་ཀྱི་མེད། གང་ཡིན་ཟེར་ན་དེ་རྣམས་ནི་ག་དུས་ཡིན་ཀྱང་དྲང་བདེན་དང་ཞི་བདེ་རྡོག་རོལ་གཏོང་མཁན་ཡིན་སྟབས་གྲྭ་རྐྱང་གཉོམ་ཆུང་ང་ལྟ་བུ་ཞིག་གིས་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། དེ་ལས་ལྡོག་ཕྱོགས་སྐྱབས་མགོན་རིན་པོ་ཆེའི་མཛད་པ་དང་ཕྲིན་ལས་ངོས་ཟིན་མཁན་ཅི་མཛད་ལེགས་པར་མཐོང་ཞིང་ཅི་གསུངས་ཚད་མར་འཛིན་མཁན་བོད་གཙོས་ཧི་མ་ལའི་རི་རྒྱུད་དུ་གནས་པའི་ནང་པའི་རྗེས་འཇུག་རྣམས་ལའང་བཤད་ཀྱི་མེད། གང་ཡིན་ཞེ་ན་ཚོང་ཚོ་ལ་སྐྱབས་མགོན་རིན་པོ་ཆེ་ལ་ཆ་རྒྱུས་ཡོད་པས་སོ།
ངས་དེ་རིང་འདིར་བཤད་པ་འདི་ནི་༧སྐྱབས་མགོན་རིན་པོ་ཆེར་ཆ་རྒྱུས་དེ་ཙམ་མེད་པ་མ་ཟད་ནང་པ་མ་ཡིན་པའི་ནུབ་ཕྱོགས་པའི་ཆོས་ལུགས་བྱེ་བྲག་པ་ཞིག་གི་བསམ་བློ་ཡོངས་སུ་ཚོས་ནས་བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་ལ་ཆ་རྒྱུད་མེད་པའི་རང་ཕན་ཆོད་ཁས་ལེན་བྱེད་མི་ཐུབ་མཁན་ཀླད་རྙིང་ཅན་འགའ་དང་། དེ་དང་ཆབས་ཅིག་ཏུ་ནམ་རྒྱུན་ངོས་ལ་རེ་ལྟོས་བྱེད་མཁན་ས་གནས་འདིའི་ནུབ་ཕྱོགས་པའི་བློ་གཟུ་བོར་གནས་མཁན་འགའ་ཞིག་ལའང་རྒྱུད་ནས་ཕན་ན་སྙམ་ནས་བྲིས་པ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན་འཛམ་བུ་གླིང་གི་ཡོངས་གྲགས་གསར་འགོད་པ་རྣམས་ཀྱིས་ད་རེས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་དངོས་ཡོད་གནས་ཚུལ་གང་ཡིན་པ་ཉམས་ཞིབ་གཏན་ནས་མ་བྱས་པར་རྐུན་རྒྱབ་ཇག་ལང་གི་དཔེ་ལྟར་ད་རེས་སྐྱབས་མགོན་རིན་པོ་ཆེ་ལ་བསམ་ཡུལ་ལས་འདས་པའི་དངོས་ཡོད་གནས་སྟངས་དང་ཡོངས་སུ་འགལ་བའི་མཚན་སྨས་ཚབས་ཆེན་ཞུས་པ་ལ་རང་ཉིད་བོད་རྒྱུད་ནང་པ་ཞིག་ཡིན་པ་མ་ཟད་ལྷག་པར་དུ་ཁོང་གི་རྗེས་འབྲངས་པ་ཞིག་ཡིན་པའི་སྟབས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་དབང་གིས་ཕལ་སྐད་དཀྱུས་མར་བྱས་ནས་སྐད་ཡིག་གཞན་ལ་བསྒྱུར་བདེ་བའི་ཆེད་དུ་བྲིས་པ་ཡིན་པར་ཤེས་དགོས་སོ།

 དུས་ནམ་ཡང་ནམ་ཡང་བདེན་པ་ཉིད་རྒྱལ་གྱུར་ཅིག། འགྲོ་བ་མི་རྣམས་མི་བདེན་རྫུན་གྱི་རྨོངས་གཉིད་ལས་སད་ནས་དྲང་བདེན་གྱི་ལམ་དུ་ཁ་ཕྱོགས་འགྱུར་བའི་སྨོན་ལམ་ཞུ།
༼ཀློག་པ་པོ་རྣམས་ཀྱིས་མཁྱེན་དགོས་པ་ཞིག་ལ་ཉིན་ཐོ་འདི་ལས་བར་དུ་མགྱོགས་བྲིས་ཀྱི་དབང་གིས་ཞུ་དག་བྱེད་ཁོམས་མ་བྱུང་བས་དེ་ལུགས་ཐུགས་ངེས་ཡོང་བར་ཞུ།༽
འཇམ་དབྱངས་ཆོས་འཁོར་གླིང་གི་མཁན་པོ་ཀར་བསྟན་ནས་༢༠༢༣་སྤྱི་ཟླ་༤པའི་ཚེས་༢༢ འཛམ་གླིང་ས་ཡི་དུས་ཆེན་ཉིན་མོར་བྲིས་པའོ།





 


 

1 comment:

  1. ཁྱེད་ཀྱིས་ཡག་པོ་བྲིས་གནང་ཤག བཀའ་དྲིན་ཆེ།

    ReplyDelete