Friday, November 15, 2019

༅༅། ཞེན་པ་བཞི་བྲལ་གྱི་འགྲེལ་བཤད་མདོར་བསྡུས།


༅༅། ཞེན་པ་བཞི་བྲལ་གྱི་འགྲེལ་བཤད་མདོར་བསྡུས།
རྩ་བར།
ཚེ་འདི་ལ་ཞེན་ན་ཆོས་པ་མིན།
འཁོར་བ་ལ་ཞེན་ན་ངེས་འབྱུང་མིན།
བདག་དོན་ལ་ཞེན་ན་བྱང་སེམས་མིན།
འཛིན་པ་བྱུང་ན་ལྟ་བ་མིན།
དང་པོ་ཚེ་འདི་ལ་ཞེན་ན་ཆོས་པ་རྣམ་པར་དག་པ་ཞིག་མིན་ཏེ། རྒྱུ་མཚན། ཚེ་འདི་ཡི་དངོས་པོར་ཆགས་ནས་དམ་པའི་ཆོས་ཡང་དག་པ་སྒྲུབ་པའི་འགལ་རྐྱེན་དུ་འགྲོ་བའི་ཕྱིར། དཔེར་ན། དེང་སང་གི་དུས་རབས་གསར་པའི་མི་བཞིན་ནོ། དེང་སང་གི་དུས་སུ་མི་རྣམས་ཚང་མ་དབང་པོ་སྒོ་ལྔའི་ཡུལ་ཁོ་ན་ལ་གཡེངས་ནས་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་སོགས་དབང་པོ་ལྔ་པོ་འདིར་འཕྲད་ཚད་ཚང་མ་བདེ་བ་རུ་འཛིན་ནས་བརྟག་དཔྱད་གང་ཡང་མེད་པར་ཡུལ་དེ་ཡི་རྗེས་སུ་འབྲང་གི་ཡོད། ཡུལ་དེ་ཡི་རྗེས་སུ་འབྲང་ནས་མཐར་ཐུག་གི་འབྲས་བུར་རང་ཁེ་གཞན་ཕམ་གྱི་དབང་གིས་སྡིག་པ་དང་། ལུས་སེམས་ལ་སྡུག་བསྔལ་ཁོ་ན་འབྱུང་གི་ཡོད། ཁོ་བོས་བྲིས་པའི་དབེན་གནས་ལ་སྐུལ་མ་ཐར་པའི་ལམ་སྟོན་ལས།
བསམ་རྒྱུ་བདེ་སྐྱིད་ཞིག་བསམ་ཡང་། །འགྲུབ་རྒྱུ་སྡུག་བསྔལ་ལས་མ་བྱུང་།
།ལམ་ལོག་གྱུར་པ་ཡི་མ་རྣམས། །ཐར་པའི་དབེན་གནས་སུ་ཕེབས་ཤོག།
ཅེས་གསུངས་པ་ལྟར་དུ་ཆགས་སྡང་གཉིས་ཀྱི་འཁོར་བའི་རྒྱ་མཚོ་འདིར་གནས་སྐབས་ལྟར་སྣང་གི་བདེ་སྐྱིད་ཕྲན་བུ་ལ་མགོ་འཁོར་ནས་བསྡད་ན་ནམ་ཞིག་གནས་སྐབས་ཀྱི་བདེ་བ་དེ་འགྱུར་བའི་སྡུག་བསྔལ་གྱིས་ཉ་ལྕགས་ཀྱུས་ཟིན་པ་ལྟར་འཁོར་བར་གཡེངས་ནས་དམ་པའི་ཆོས་སྒྲུབ་པའི་གོ་སྐབས་མེད་པ་དང་། ཆོས་སྒྲུབ་ཁུལ་བྱས་ཀྱང་ཆོས་དེ་ཉིད་ཡང་དག་པའི་ཆོས་སུ་མི་འགྲོ། རྒྱུ་མཚན་དེ་ལ་བསྟེན་ནས་ཚེ་འདི་ལ་ཞེན་ན་ཆོས་པ་རྣམ་པར་དག་པ་མིན་ཅེས་དགག་སྒྲ་སྦྱར་ནས་གསུངས་པ་རེད།

གཉིས་པ། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། 

འཁོར་བ་ཞེས་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔས་བསྡུས་པའི་ཕྱི་ནང་གི་སྣོད་བཅུད་གང་ལ་ཡང་ཆགས་པ་དང་ཞེན་པ་ཡོད་ཀྱང་གང་ཟག་དེ་ཉིད་ཀྱི་རྒྱུད་ལ་ངེས་འབྱུང་རྣལ་མ་ཞིག་མེད་དེ། རྒྱུ་མཚན་ནི། ངེས་འབྱུང་དང་། ཞེན་ཡུལ་གྱི་འཁོར་བ་གཉིས་ནི་ལྡོག་ཕྱོགས་ཡིན་པའི་ཕྱིར། གང་ཟག་གཅིག་གི་སེམས་རྒྱུད་ལ་ཞེ་སྡང་དང་སྙིང་རྗེ་གཉིས་དུས་མཉམ་དུ་འབྱུང་མི་སྲིད་པ་ལྟར་ངེས་འབྱུང་དང་ཞེན་ཆགས་གཉིས་ཀྱང་དུས་མཉམ་དུ་མི་འབྱུང་ངོ་། རྒྱུ་མཚན་ནི། ཁོ་རང་གཉིས་ཕན་ཚུན་དངོས་འགལ་ཡིན་པའི་ཕྱིར། དཔེར་ན་སྣང་བ་དང་མུན་པ་ལྟར་རོ། རྗེ་ཙོང་ཁ་པའི་ལམ་གཙོ་རྣམ་གསུམ་ལས།

རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ།
།སྲིད་ལ་རྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ།
ཞེས་གསུངས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཀྱང་རྒྱ་གར་རྒྱལ་པོ་སྟོབས་ཤུགས། དབང་ཐང་། ནོར། ལོངས་སྤྱོད་ཆེ་ཤོས་ཀྱི་སྲས་སུ་འཁྲུངས་ཀྱང་གནས་སྐབས་ཀྱི་བདེ་བ་ཙམ་ལ་མ་ཆགས་པར་མཐར་ཐུག་གི་བདེ་བ་བླ་ན་མེད་པ་འཐོབ་པའི་ཆེད་དུ་རྒྱལ་སྲིད་དང་། ཆུང་མ། ནང་མི། ནོར་ལོངས་སྤྱོད་ཚང་མ་བློས་གཏང་ནས་དམ་པའི་ཆོས་ཕྱོགས་སུ་ཕེབས་པ་དེ་ཉིད་ཀྱང་ངེས་འབྱུང་གི་བསམ་པ་ཤུགས་ཆེན་པོའི་དབང་གིས་བྱུང་བ་ཡིན། གང་ལྟར་ཀྱང་ངེས་འབྱུང་རབ་འབྲིང་ཐ་གསུམ་ལ་ཆོས་པ་ཡང་དེ་བཞིན་ཡོང་བ་རེད། ངེས་འབྱུང་རབ་ལ་ཆོས་པ་རབ། ངེས་འབྱུང་འབྲིང་ལ་ཆོས་པ་འབྲིང་། ངེས་འབྱུང་ཐ་མ་ལ་ཆོས་པ་ཐ་མ། ངེས་འབྱུང་ཡེ་ནས་མེད་ན་ཆོས་པ་ཡེ་ནས་མི་འབྱུང་བ་ལྟར་ཆོས་པ་བཟང་ངན་ནི་ངེས་འབྱུང་ཡང་དག་ཟིན་མ་ཟིན་གྱིས་དབང་གིས་ཡིན་པས་ན་གཉིས་པ་འཁོར་བ་ལ་ཞེན་ན་ངེས་འབྱུང་མིན་གསུངས་ནས་དགག་སྒྲ་སྦྱར་དགོས་པའི་རྒྱུ་མཚན་དེ་ལྟར་རེད།

གསུམ་པ། བདག་དོན་ལ་ཞེན་ན་བྱང་སེམས་མིན། 

བདག་དོན་ལ་ཞེན་ན་བྱང་ཆུབ་སེམས་དཔའ་མིན་ཏེ། རྒྱུ་མཚན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་དོན་བློས་གཏང་ནས་གཞན་དོན་ཁུར་དུ་གཞེས་པས་སོ། སྤྱོད་འཇུག་ལས།
ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་ཏེ།
།དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།
གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ལ་ཉིན་མཚན་དུས་དྲུག་ཏུ་གཞན་དོན་ལས་རང་དོན་མེད་པས་སོ། སྤྱིར་གཏང་རང་དོན་ནམ་བདག་གཅེས་འཛིན་འདི་ནི་ཉེས་པ་ཀུན་གྱི་འབྱུང་གནས་དང་། གཞན་གཅེས་འཛིན་འདི་ནི་ཡོན་ཏན་ཀྱི་འབྱུང་གནས་ཡིན་ནོ། གང་ཡིན་ཟེར་ན། རྨོངས་པས་འཁོར་བར་འཁྱམས་པའི་སེམས་ཅན་རྣམས་ནི་རྒྱུ་ཡི་གཙོ་བོ་ནི་རང་གཅེས་འཛིན་ལས་བྱུང་ཞིང་། རིག་པའི་ཡེ་ཤེས་ཀྱིས་ཐར་པའི་ལམ་དུ་གཤེགས་མཁན་བྱང་ཆུབ་སེམས་དཔའ་རྣམས་ནི་རྒྱུ་ཡི་གཙོ་བོ་ནི་གཞན་གཅེས་འཛིན་གྱི་བློ་ཁོ་ནའི་དབང་གིས་བྱུང་བ་ཡིན་ནོ། བདག་གཅེས་འཛིན་ལ་གནས་སྐབས་དང་མཐར་ཐུག་གྱོང་གུད་གཉིས་ཡོད་དེ། མཐར་ཐུག་གི་གྱོང་གུད་ནི། ཇི་སྲིད་དུ་བདག་འཛིན་འདིའི་གཡོག་འོག་ཏུ་ཚུད་ནས་བཟུང་སྟེ་དེ་སྲིད་དུ་འཁོར་བ་ལས་གྲོལ་མི་ཐུབ། གལ་སྲིད་འཁོར་བ་ལས་གྲོལ་མ་ཐུབ་ན་དེ་སྲིད་དུ་ཡང་ནས་རང་བདག་གཅེས་འཛིན་འདིའི་དབང་གིས་ལས་ངན་བསགས་པ་རྒྱུན་མི་འཆད། རྒྱུ་ལས་ངན་རྒྱུན་མ་ཆད་ན་འབྲས་བུ་སྡུག་བསྔལ་རྒྱུན་མི་འཆད་པས་བསྐལ་པ་མང་པོར་འཁོར་བ་འདི་ལས་ཐར་མི་ཐུབ་བོ། གནས་སྐབས་ཀྱི་གྱོང་ནི། ཚེ་འདིར་ཇི་སྲིད་འཚོ་ཡི་རིང་ལ་བདག་འཛིན་ཇི་ཙམ་ཇེ་བ་དེ་ཙམ་གྱིས་རང་གི་སེམས་ལ་བྱམས་སྙིང་རྗེ་དང་། ཆོག་ཤེས། བཟོད་པ་སོགས་མེད་པའི་དབང་གིས་ཅུང་ཙམ་མ་འགྲིག་པ་བྱུང་ན་རླུང་ཚ་བོ་དང་། འགྲན་སེམས་ཕྲག་དོགས་སོགས་ཉོན་མོངས་ཀྱི་དབང་གིས་སེམས་ལ་མ་སྐྱིད་པ་དང་ཐ་ན་ཉལ་བའི་སྐབས་སུ་ཡང་གཉིད་མི་ཁུག་བ་སོགས་ཡོང་གི་ཡོད། དེ་རྣམས་གཙོ་བོ་ནི་རང་གཅེས་འཛིན་འདི་ལ་བསྟེན་ནས་ཡོང་གི་ཡོད། རྒྱུ་མཚན་དེར་བསྟེན་བདག་དོན་ལ་ཞེན་ན་བྱང་ཆུབ་སེམས་དཔའ་མིན་ཅེས་དགག་སྒྲ་སྦྱར་གསུངས་དགོས་དོན་དེ་ཡིན་ནོ།

བཞི་པ། འཛིན་པ་བྱུང་ན་ལྟ་བ་མིན། 

མཉམ་བཞག་བྱེད་ནས་སྒོམ་བྱེད་བཞིན་པའི་སྐབས་སུ་འཛིན་པའམ་ཐེ་ཚོམ་རྣམ་རྟོག་སོགས་བྱུང་ན་དེ་ནི་ཡང་དག་པའི་ལྟ་བའམ་སྒོམ་མིན་ཏེ། ཡང་དག་པའི་ལྟ་བའམ་སྒོམ་དངོས་ནི་གཉིས་འཛིན་གྱི་ཐེ་ཚོམ་གྱི་བློ་དང་བྲལ་དགོས་པའི་ཕྱིར། དཔེར་ན། ལྟ་བའམ་སྒོམ་ནི་ཉི་མ་དང་། ཐེ་ཚོམ་དང་གཉིས་འཛིན་ནི་སྤྲིན་པའམ་ཁུ་རླངས་ལྟར་ཡིན་པས་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུའོ། ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེའི་ཞལ་ནས།
བློས་བྱས་རྩོལ་བའི་སྒོམ་གྱིས་མ་བསླད་ཅིང་། །ཐ་མལ་འདུ་འཛིའི་རླུང་གིས་མ་བསྐྱོད་པར།
།མ་བཅོས་གཉུག་མ་རང་བབ་འཇོག་ཤེས་པའི། །སེམས་དོན་ཉམས་ལེན་མཁས་ཤིང་སྐྱོང་བར་ཤོག།
ཅེས་གསུངས་པ་ལྟར་མཉམ་བཞག་སྐབས་སུ་གང་ཤར་མ་བཅོས་པའི་ངོ་བོ་སོ་མ་དེ་ག་རང་ལ་དགག་སྒྲུབ་མེད་པར་ཐག་གཅིག་ཐོག་ཏུ་བཅད་ནས་སྒོམ་དགོས། སྒོམ་པའི་སྐབས་སུ་ཉམས་དང་རྟོག་པ་ཐུན་མོང་གི་ཡོན་ཏན་རྣམས་ལ་རེ་དོགས་དང་རྣམ་རྟོག་མེད་པར་གང་ཤར་བ་རྣམས་རིག་པའི་ཡེ་ཤེས་སམ་དྲན་པས་ངོས་ཟིན་པའི་ཐོག་ནས་དཔེར་ན་རྒྱ་མཚོ་ལ་ཁ་བ་བབས་པ་ལྟར་ཤར་གྲོལ་དུས་མཉམ་དུ་འགྲོ་བར་བྱེད་དགོས། དེ་ལ་ཁོ་བོས་སྔ་ལོར་བྲིས་པའི་ཐར་རྒྱན་བསྡུས་པ་རྣམ་གྲོལ་ལམ་བཟང་ལས་ཀྱང་།
།ད་ལྟའི་ཤེས་པ་མ་བཅོས་སོ་མ་འདི། །དྲན་ཤེས་ངང་ནས་མ་ཡེངས་རང་བབས་སུ།
།གནས་དགའ་འགྱུ་སྡུག་ཡིད་དཔྱོད་རྟོག་བྲལ་བ། །བརྗོད་བྲལ་བསམ་འདས་ཚུལ་དུ་རིག་པའི་ངོར།
།རིག་སྟོང་དག་མཉམ་ངང་དུ་འཆར་བ་ཡིས། །རང་མྱོང་ངེས་ཤེས་རྙེད་ན་ཐར་རྒྱན་ཡིན།
ཅེས་གསུངས་པ་ལྟར་མ་བཅོས་པ་དེ་གའི་ངང་ལ་འཇོག་རྒྱུ་དེ་སྒོམ་ཡིན། བཅོས་ནས་དེ་ལས་ལོགས་སུ་སྒོམ་མི་རྙེད རྒྱུ་མཚན་དེར་བསྟེན་སྒོམ་མཉམ་བཞག་བྱེད་བཞིན་པའི་སྐབས་སུ་འཛིན་པའམ་རྣམ་རྟོག་བྱུང་ན་དེ་ལྟ་བའམ་སྒོམ་མ་ཡིན་ཅེས་དགག་སྒྲ་སྦྱར་ནས་ཐག་བཅད་པ་རེད།

མདོར་བསྡུས་ནས་མཇུག་བསྡུས་ན། སྤྱིར་གཏང་ས་སྐྱ་པའི་ཞེན་པ་བཞི་བྲལ་འདི་ལ་འགྲེལ་བཤད་ས་སྐྱའི་བླ་མ་གོང་མ་རྣམས་ཀྱིས་མང་པོ་ཞིག་ཡོད་ཀྱང་དེ་རྣམས་ནི་འགའ་ཤས་རྒྱས་བསྡུས་སོགས་རན་པོ་དེ་ཙམ་མེད་པ་དང་། འགའ་ཤས་རན་པོར་ཡོད་ཀྱང་ང་ལ་ལུང་རྒྱུན་མེད་པས་ལུང་རྒྱུན་མེད་སྟབས་རང་འདོད་ཀྱིས་འཆད་ཁྲིད་བྱེད་མི་རུང་། རང་ལོ་ཉེར་ལྔའི་སྐབས་སུ་གུས་བོད་ཁམས་སྡེ་དགེ་དཔལ་སྤུངས་དགོན་ནས་ས་སྐྱའི་མཁན་པོ་ཕུན་ཚོགས་རྣམ་རྒྱལ་མདུན་ནས་ཞེན་པ་བཞི་བྲལ་གྱི་རྩ་བ་འདི་ཉིད་ཀྱི་ཁྲིད་རྒྱུན་ལེགས་པར་ཐོབ་པས་ད་རེས་རང་འདྲའི་ན་མཉམ་རྣམས་ལ་ཕན་དུ་རེ་ནས་སྙན་ངག་དང་མཁས་ཚིག་གིས་མ་བཅིངས་པར་གོ་བདེ་བའི་ཆེད་དུ་རྩ་བའི་ཚིག་ལ་ཕལ་སྐད་དུ་བཀྲལ་བ་པོ་མཁན་པོ་ཀར་བསྟན་དེས་༢༠༡༩ སྤྱི་ཟླ་༡༡ ཚེས་པ ༡༣་ཞོགས་ཐུན་ཚར་མ་ཐག་སྦྱར་བས་དགེ་བས་འགྲོ་ཀུན་རྒྱུད་ལ་དམ་ཆོས་ཞེན་པ་བཞི་བྲལ་གྱི་བྱིན་རླབས་འཇུག་ནས་བློ་ཆོས་སུ་འགྲོ་བའི་རྒྱུ་གྱུར་ཅིག།
སརྦ་མངྒ་ལམ། བཀྲ་ཤིས་བདེ་ལེགས།།

No comments:

Post a Comment