Tuesday, April 5, 2016

ལམ་རིམ་ཆེན་མོར་དཔེ་མཇལ་བྱས་པའི་ཉིན་མོ།


དེ་རིང་ནི་ཉིན་ཧྲིལ་པོར་རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེན་མོར་དཔེ་མཇལ་ཞུས་ནས་ནང་ལ་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། 
ལམ་རིམ་ཆེན་མོ་འདི་ང་བོད་དུ་ཡོད་པའི་སྐབས་སུ་ཀ་མདའ་དགོན་པའི་ཁྲི་སྤྲུལ་རྡོ་རྗེ་འཆང་མདུན་ནས་ང་རང་གཅིག་པུར་ཟླ་གཅིག་རིང་ཞིབ་ཁྲིད་ལན་གཅིག་ཐོབ་པ་མ་ཟད་ཉིས་སྟོང་ལྔ་ལོར་རྒྱ་གར་ལྷོ་ཕྱོགས་སེ་ར་བྱེས་ནས་རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་མདུན་ནས་ལན་གཅིག་ཐོབ་པའི་ཆེས་བསྐལ་པ་བཟང་པོ་ཅན་ཏུ་གྱུར། 
དེང་སང་ལམ་རིམ་ཆེན་མོར་བརྗེད་ངས་རྐུན་པོས་ཁྱེར་དོགས་ཀྱིས་སྤམ་མཇལ་ཙམ་མ་ཡིན་པར་ལྷོད་དལ་ངང་དཔེ་མཇལ་ཞུ་རྒྱུ་བྱུང་བས་གུས་པའི་དགེ་སེམས་རླན་བྲལ་གྱི་ལྗང་བུ་སྐམ་པོ་འདིར་གནས་སྐབས་རིང་ངེས་འབྱུང་དང་བྱང་སེམས་སོགས་ཀྱི་རླན་དང་འཕྲད་ནས་དགེ་བ་འཕེལ་གྲོགས་ཀྱི་ཆ་རྐྱེན་དུ་གྱུར་པས་སེམས་ལ་སྐྱིད་པོ་བྱུང་། མ་ཟད་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་སོགས་ནས་ཚིག་གི་གཡམ་བཤད་ཙམ་མ་ཡིན་པར་རྒྱལ་བའི་བཀའ་བསྟན་མང་པོར་ཁུངས་གཏུགས་ནས་འགྲེལ་བཤད་གནང་སྟངས་འདིས་ཀྱང་སྔར་མེད་སེམས་ལ་བཟང་བསྐྱེད་བྱུང་། 
སྤྱིར་གཏང་ནང་དོན་རིག་པའི་གང་ཉམས་སུ་ལེན་རྒྱུའི་དཔེ་དེབ་རྣམས་དཔེ་མཇལ་བྱེད་པའི་སྐབས་སུ་དཔེ་དེབ་གང་གསུངས་མཁན་གྱི་བླ་མ་དེ་ཉིད་ད་ལྟའི་དཔེ་དེབ་དེ་ཡིན་བསམ་པའི་འདུ་ཤེས་དང་མ་བྲལ་བའི་ཐོག་ནས་དཔེ་དེབ་བཀླག་པ་ཡིན་ན་སེམས་ལ་ཕན་ཐོག་ངེས་རེད་འདུག 
དེ་མ་ཡིན་པར་བཀླག་རྒྱུའི་དཔེ་དེབ་གང་ཡིན་པ་དེ་ཉིད་ལ་རང་ཉིད་ཞུ་དག་བྱེད་མཁན་འདྲ་བོ་ཞིག་བྱས་ན་གསུངས་མཁན་བླ་མ་དེ་ཉིད་མཁས་བླུན་སྐད་གྲགས་ཆེ་ཆུང་ལ་མ་ལྟོས་པར་སེམས་ལ་ཕན་ཐོག་དཀའ་སྙམ། 
ང་ནི་ལོ་ན་ཆུང་ངུའི་དུས་སུ་ནས་རྗེ་རིན་པོ་ཆེའི་གསུངས་རྣམས་ལ་ཧ་ཅང་དགའ་བོ་ཡོད། ངོས་ཀྱི་ཁ་འདོན་དཔེ་ཁྲོད་ནང་དུ་ཡོད་པའི་དཔེར་ན། ལམ་རིམ་གྱི་ཉམས་མགུར། རྟོགས་བརྗོད་མདུན་ལེགས་མ། རྣམ་དག་གངས་རི་མ་སོགས་ཁ་འདོན་བྱེད་ཀྱི་ཡོད་པས་བརྗོད་བྱ་དང་རྗོད་བྱེད་གང་གི་ཐད་ནས་བསམ་ཡང་རྗེ་རིན་པོ་ཆེའི་གསུངས་ལ་དད་མོས་ཆེ། 
ལམ་རིམ་འདིའི་ས་བཅད་འཇོག་སྟངས་དང་གཞུང་ཚིག་གི་ནུས་པའི་བྲོ་བ་སོགས་ལ་ཧ་ཅང་ནས་སེམས་ལ་ཡིད་འགུལ་ཐེབས་པོ་ཞིག་བྱུང་། སློབ་དཔོན་ཁྲོ་མེད་དཔེ་ཆ་ཟེར་སྲོལ་ཡོད་པ་འདི་དཔེ་ཀློག་བྱས་ནས་རང་མྱོང་གི་བྲོ་བ་ཞིག་ནང་ནས་རྙེད་རྒྱུ་ཡོད་པ་འདིར་ངེས་ཤེས་ཡང་དག་པ་ཞིག་ཀྱང་འདྲོངས། 

ང་ནི་དུས་ཚོད་ཡོད་ན་ཁ་འདོན་རྣམས་ཀྱི་མཇུག་ཏུ་གང་ཤེས་སེམས་ཀྱི་ངོ་བོ་སྐྱོང་ནས་འདུག་རྒྱུ་བྱུང་ན་ཡག་ཤོས་དང་། གལ་སྲིད་དེ་ལྟར་མ་བྱུང་ཡང་ཇ་ཕོར་མདུན་དུ་བཞག་ནས་ཉི་མར་ལྡེ་བཞིན་ནང་ཆོས་ཀྱི་དཔེ་མཇལ་བྱེད་རྒྱུ་ལས་དགའ་ས་ཞིག་མེད། 

No comments:

Post a Comment