Saturday, September 27, 2014

ཤིང་སྡོང་བྱིན་རླབས་བྱས་པའི་ཉིན་མོ།

ཨ་རིའི་གཞུང་ནས་གནང་བའི་ཤིང་སྡོང་བྱིན་རླབས་གཟེངས་རྟགས། 
ངོས་ནི་ས་གནས་འདིར་འབྱོར་ནས་ཕལ་ཆེར་ལོ་ལྔ་མ་ཟིན་ཙམ་ཞིག་རེད་འདུག གུས་པའི་ལས་ཀ་ངོ་མའམ་འགན་འཁྲི་ཡང་དག་པ་ནི་ལུང་པ་འདིའི་ཆོས་ཀྱི་མུག་གེའི་མནར་བའི་མི་རྣམས་ལ་དམ་པའི་ཆོས་ཀྱི་མོག་མོག་སྤྲད་ནས་གྲོད་གོག་འགྲངས་ཐབས་བྱེད་རྒྱུ་འདི་ཡིན། ཡིན་ནའང་གསང་སྔགས་ཀྱི་ཆོས་འདི་ནི་བཅུད་ཆེ་ལ་བཀོལ་བདེ་བ་ནི་ཕག་ཤ་སིལ་སྐམ་དང་མཚུངས། ཕག་ཤ་དེ་ཉིད་ཀྱིས་ཐུག་པ་བསྐོལ་དང་རྡོག་བཙོས་བྱེད་པ་སོགས་འདྲ་བས་གསང་སྔགས་ཀྱི་ཆོས་འདི་ཉིད་ཀྱང་རྩ་བ་དང་ཡན་ལག་སོགས་གང་དུ་འགྲེལ་ཡང་ཆོག་པ་དུས་རབས་འདིར་དགོས་པའི་ཆོས་མེད་དུ་མི་རུང་བ་ཞིག་ཏུ་མཐོང་། རྒྱུ་མཚན་དེར་བསྟེན་གསང་སྔགས་ཀྱི་ཆོ་ག་འགའ་རུ་དེང་སང་དུས་ལ་ཆེས་མེད་དུ་མི་རུང་བ་དཔེར་ན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་ཆེན་པོ་ཡོད་པ་འབྱུང་བཞིའི་བྱིན་རླབས་སོགས་དང་འབྲེལ་བ་མང་པོ་ཡོད། སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཀྱང་དུས་རབས་འདིར་ཁོར་ཡུག་སྲུང་སྐྱོབས་གལ་ཆེན་དུ་དགོངས་ནས་སྤྲུལ་པའི་གུ་རུ་ཉིད་ཀྱང་འབྱུང་བཞིའི་ལྷ་ཡི་ངོ་བོ་རུ་སྐུར་བཞེངས་ནས་སྨོན་ལམ་འདི་འདྲ་ཞིག་བཏབས་གནང་ཡོད། 
ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ 
སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེ༔ 
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ 
ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔
འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ 
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་རློབས༔ 
ཅེས་ཐུགས་སྨོན་གནང་ཡོད། 
ལུང་པ་འདིའི་མི་རྣམས་ནི་རང་བྱུང་ཁོར་ཡུག་དང་སྐྱེ་དངོས་སྲུང་སྐྱོབ་སོགས་ལ་ཧ་ཅང་དགའ་བོ་ཡོད། ངས་ཀྱང་ལོ་རེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་དཔེར་ན་རྒྱ་མཚོ་བྱིན་རླབས་དང་། ས་གཞི་བྱིན་རླབས་དང་དེ་བཞིན་དུ་ཤིང་སྡོང་བྱིན་རླབས་སོགས་ཧ་ཅང་མང་པོ་བྱས་པ་ཡིན། ལྷག་པར་དུ་ངོས་ཀྱི་དགེ་ཕྲུག་འགའ་ཡི་རྒྱུད་ཐག་ཉེར་ཡོད་པའི་བྱེ་མ་ལེབ་གནས་བསྡོད་བྱེད་སའི་ཤིང་ནགས་ཁོར་ཡུག་ཞིག་བྱིན་རླབས་བྱས་ནས་ལོ་འགའ་ཡིན། ས་གནས་འདིའི་ཡུལ་མི་རྣམས་ཀྱིས་བྱེ་མ་ལེབ་ལ་སེམས་ཅན་གཞན་ལས་ཀྱང་གཅེས་སྐྱོང་ཆེ། ཁྱད་མཚར་བོ་ཞིག་ལ་ཤིང་སྡོང་དེར་གནའ་སྔ་མོ་བྱེ་མ་ལེབ་མང་པོ་གནས་བསྡོད་བྱེད་ས་ཞིག་ཡིན་ཀྱང་ལོ་འགའ་སྔོན་ནས་བྱེ་མ་ལེབ་རྣམས་ཉེ་ཉུང་དུ་སོང་ནས་ངས་ལོ་དང་པོར་ཤིང་སྡོང་བྱིན་རླབས་བྱས་པའི་སྐབས་སུ་བྱེ་མ་ལེབ་ཁ་ཤས་ཞིག་ལས་མི་འདུག་སྟབས་ཡུལ་མི་རྣམས་ཀྱིས་ཧ་ཅང་སེམས་སྡུག་བྱེད་ཀྱི་འདུག ངས་ཤིང་སྡོང་བྱིན་རླབས་བྱས་པ་ནས་བཟུང་སྟེ་ང་རང་ཉིད་ལ་སྟོབས་དང་ནུས་པ་སོགས་འདི་ཡོད་བསམ་པའི་གདེངས་གང་ཡང་མེད་ཀྱང་སྟབས་ལེགས་སྟེས་དབང་དང་ཕྱོགས་གཞན་ཞིག་ནས་རྩ་བའི་བླ་མའི་ཐུགས་རྗེ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་རྣམས་ཀྱི་བདེན་པའི་མཐུ་ཡིས་ཀུན་གྱིས་མིག་མཐོང་ལག་ཟིན་བྱེ་མ་ལེབ་རྣམས་ལོ་རེ་བཞིན་ཇེ་མང་དུ་སོང་། སྔ་ལོར་ཤིང་སྡོང་བྱིན་རླབས་སྐབས་སུ་མི་བརྒྱ་ཕྲག་ལྷག་ཞིག་འཛོམས་ནས་བྱེ་མ་ལེབ་སྟོང་ཕྲག་མང་པོར་པར་ལེན་དང་ས་གནས་འདིའི་གསར་ཤོག་སོགས་ཀྱི་ཐོག་ཏུ་ཁྱབ་སྒྲག་ཧ་ཅང་ཆེན་པོ་བྱུང་། སྐབས་དེ་དུས་ངས་འབྱུང་བཞིའི་བྱིན་རླབས་གང་ལའང་སྦྱར་ཆོག་པ་ཞིག་གསར་བརྩོམ་བྱས་ཞིང་དབྱིན་བསྒྱུར་བྱས་ནས་བཏོན་པས་མི་མང་ནས་ཧ་ཅང་དགའ་བོ་བྱས་སོང་། ད་ལོར་ཡང་ཟླ་བ་གཅིག་གོང་ནས་ངོས་ཀྱི་ཆོས་གྲོགས་ཞིག་ནས་དེ་རིང་གི་ཉིན་མོ་འདིར་ཡང་སྐྱར་བྱེ་མ་ལེབ་བྱིན་རླབས་བྱེད་ལ་ཡོང་དགོས་པའི་བསྐུལ་མ་ལྟར་དུ་ཆུ་ཚོད་དང་པོའི་སྐབས་སུ་ས་གནས་དེར་སོང་། མི་རིགས་མ་འདྲ་བ་མང་པོ་ཞིག་ནས་ཟིང་ཟིང་ལོང་ལོང་ཤིང་སྡོང་དང་བྱེ་མ་ལེབ་ལ་གཅེར་བ་དང་པར་ལེན་པ་སོགས་བྱེད་ཀྱི་འདུག དང་པོ་ས་གནས་འདིའི་གདོད་མིའི་མི་རིགས་རྣམས་ཀྱིས་ཁོ་རང་ཚོའི་ལུགས་སྲོལ་ལྟར་དུ་ཤིང་སྡོང་བྱིན་རླབས་བྱས་སོང་། དེ་རྗེས་བོད་ཀྱི་ལུགས་སྲོལ་ལྟར་དུ་ངས་རྡོ་རྗེ་རྣམ་འཇོམས་ཀྱི་སྒོ་ནས་རི་ཁྲུས་དང་ཤིང་སྡོང་བྱིན་རླབས་བྱས་ཚར་མ་ཐག་ཁོ་རང་ཚོ་ནས་སྔ་ནས་གྲ་བསྒྲིགས་བྱས་པ་ནང་བཞིན་བསམ་ཡུལ་ལ་འདས་པ་ཞིག་ལ་ས་གནས་འདིའི་ཤིང་ནགས་ལས་ཁུང་གི་འགའ་འཛིན་དང་། ས་གནས་འདིར་གཉུག་མར་རྒྱ་གར་ཨ་རིའི་མི་རིགས་གཉིས་ནས་ངོས་ཀྱི་ལོ་རྒྱུས་དང་ས་གནས་འདིར་ངས་ཕན་ཐོག་ཅི་བྱུང་སྐོར་མདོར་བསྡུས་དང་སྦྲགས་ང་ལ་གཟེངས་རྟགས་ཀྱི་ཚུལ་དུ་ཤོག་ལིང་སྦྱར་བྱང་མཛེས་ཆོས་ཀྱིས་བརྒྱན་པ་ནང་དུ་ངོས་ཀྱི་མིང་དང་ཆོས་ཚོགས་ཀྱི་མིང་ཡོད་པ་ཞིག་བཅས་གནང་བྱུང་། དེ་ནི་ང་བོད་རིགས་གྲྭ་རྐྱང་དཀྱུས་མ་ཞིག་ལ་ཨ་རིའི་གཞུང་ནས་གཟེངས་རྟགས་གནང་བ་ཐོག་མ་དེ་ཡིན་པས་ང་རང་ཡང་དགའ་བོ་བྱུང་། ངོས་ཀྱི་ཆོས་ཚོགས་ཀྱི་སློབ་མ་རྣམས་ཀྱང་དགའ་བོ་བྱེད་ཀྱི་འདུག། 

No comments:

Post a Comment