Thursday, February 3, 2022

གཏེར་སྟོན་ནམ་མཁའ་དྲི་མེད་རིན་པོ་ཆེ་རྨི་ལམ་ནང་ནས་མཇལ་བ།

གཏེར་སྟོན་ནམ་མཁའ་དྲི་མེད་རིན་པོ་ཆེ་རྨི་ལམ་ནང་ནས་མཇལ་བ།
 སྤྱི་ལོ་༢༠༢༢་ཟླ་བ་༡་པོའི་ཚེས་པ་༡༧ དགུང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་འཆར་ཅན་ལྟར་དུ་ཡོད་པའི་འཛུམ་ནང་ནས་བོད་རིགས་དང་ཕྱི་རྒྱལ་བ་སོགས་དང་ལྷན་སངས་རྒྱས་འོད་དཔག་མེད་ཀྱི་ཆོ་ག་འདོན་སྒོམ་ཆུ་ཚོད་གཅིག་རིང་མཉམ་དུ་བྱས་ནས་མ་ཉལ་བའི་གོང་དུ་ཕྲིན་བཅོལ་ཡེ་ནས་མ་བྱས་པར་ཡུན་རིང་སྣང་མེད་དུ་ཤོར་བའི་བོད་སྐྱོང་ཡུལ་ལྷ་གཞི་བདག་དང་། ལྷག་པར་ངོས་ཀྱི་ཕ་སྐྱེས་ཀྱི་ཡུལ་ལྷ་ཟོར་དོར་ཆེན་པོ་བཙན་རྒོད་མདོ་ཁམས་སྐུ་རྒྱལ་ལའང་ཕྲིན་བཅོལ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།
ཞོགས་པ་ཆུ་ཚོད་བཞི་ཙམ་གྱི་སྐབས་སུ་རྨི་ལམ་འདི་འདྲ་ཞིག་གཏང་། ང་ནི་བོད་ཀྱི་ས་ཆ་འདྲ་བོ་ཤིང་གི་སྒོམ་ཁང་ཞིག་གི་ནང་དུ་ཁ་འདོན་འདྲ་བྱས་ནས་བསྡད་འདུག ཁང་པ་དེར་ཤེལ་གྱི་སྒེའུ་ཁུང་ཞིག་འདུག སྒེའུ་ཁུང་རྒྱབ་ལོགས་ནས་མི་ཞིག་གིས་ང་ཡི་མིང་ནས་བཟུང་ནས་འབོད་ཀྱི་འདུག མི་དེས་འདི་ལྟར་ཟེར། ༼ཁྱོད་རང་དྲི་མེད་འོད་ཟེར་ནས་ཁང་པའི་ཕྱི་ལ་ཤོག་གསུང་གི་འདུག༽ཟེར་ངས་དྲི་མེད་འོད་ཟེར་སུ་རེད་དྲིས་ཀྱང་ཁོས་ལན་སྟེར་མ་སོང་། ངས་དྲི་མེད་འོད་ཟེར་སུ་ཡིན་ནམ་མི་དེ་ལ་གང་འདྲ་ཞིག་ཡོད་ན་བསམ་ནས་ཁ་འདོན་རྣམས་མཚམས་བཞག་ནས་ཁང་པའི་ཕྱི་རུ་ཐོན་པ་ཡིན། ཁང་པའི་ཕྱི་ནས་གཡས་གཡོན་ཚང་མར་དྲི་མེད་འོད་ཟེར་བཙལ་ཡང་རྙེད་མ་སོང་། ཁང་པའི་རྒྱབ་ལོགས་སུ་སོང་དུས་མཐོ་ལ་མཛེས་ཤིང་ཡིད་དུ་འོང་བའི་ཤིང་གི་སྒོམ་ཁང་ཞིག་གི་སྒེའུ་ཁུང་ནང་ནས་མི་ཞིག་གི་མགོ་བོ་མཐོང་གི་འདུག། ང་དེར་ཆེད་དུ་གཏད་ནས་སོང་བས་ཁང་པའི་འཁྲིས་སུ་སླེབས་པ་དང་མཉམ་དུ་གོས་ཆེན་དམར་སེར་གྱི་སྟོད་འབོག་མནབས་ཞིང་མགུལ་ལ་བོ་དྷི་ཙི་ཏའི་ཕྲེང་བ་ཆུ་ལོང་ཙམ་ཞིག་གྱོན་ནས་བགྲེས་ཉམས་ཅན་གྱི་བླ་མ་ཞིག་གིས་སྤྱན་ཁྲ་གོར་གོར་ང་ལ་གཟིགས་ནས་བཞུགས་འདུག
ཁོང་ནས་ཟེར་ན་དྲི་མེད་འོད་ཟེར་ང་ཡིན་གསུངས་སོང་། ཁོང་ནི་རྒྱ་གར་ཨོ་རི་སི་གཞིས་ཆགས་སུ་བཞུགས་པའི་གཏེར་སྟོན་ནམ་མཁའ་དྲི་མེད་ཞུ་བ་དེ་རེད་འདུག ངས་ཁོང་དངོས་སུ་མཇལ་མྱོང་གཏན་ནས་མེད་ཀྱང་དྲྭ་ཐོག་ནས་སྐུ་པར་མང་པོ་མཇལ་མྱོང་ཡོད་པ་མ་ཟད་ངོས་ཀྱི་ཆོས་གྲོགས་ཕ་ཡུལ་ཁམས་རི་བོ་ཆེ་ནས་ཡིན་ཅིང་ད་ལྟ་ཁོང་བལ་ཡུལ་ལ་བཞུགས་པ་ཞིག་གིས་ཁོང་གི་སྐོར་ཧ་ཅང་མང་པོ་གསུང་མྱོང་ཡོད་པས་ངས་ཁོང་གི་ལོ་རྒྱུས་ཆ་ཚང་ཤེས་ཀྱི་ཡོད། ཁོང་ནི་གཏེར་སྟོན་ཆེན་པོ་ཞིག་ཡིན་པ་དང་མ་ཟད་གཏེར་ཆོས་སུ་གེ་སར་སྐོར་ཤ་སྟགས་ཡིན་པ་རེད།
གང་ལྟར་ང་ལ་འབོད་མཁན་གྱི་བླ་མ་དེ་ཁོང་རེད་འདུག ང་སྒེའུ་ཁུང་ཕྱི་ལོགས་ནས་ཁོང་གི་འཁྲིས་སུ་བཅར་བ་ཡིན། ཁོང་ནས་ང་ནམ་མཁའ་དྲི་མེད་ཡིན་ལ་ང་དྲི་མེད་འོད་ཟེར་ཡང་ཡིན་འདིར་ཤོག་གསུངས་ནས་ལག་བརྡ་བསྟན་བྱུང་། ང་སྒེའུ་ཁུང་ཕྱི་ལོགས་ནས་སྒེའུ་ཁུང་གི་འཁྲིས་སུ་ཡར་བཅར་དུས་ཁོང་ནས་སྒེའུ་ཁུང་ཡོངས་རྫོགས་ཕྱེས་ཅིང་ང་ཡི་འགྲམ་པ་གཡས་གཡོན་གཉིས་ནས་ཕྱག་ལག་གཉིས་ཀྱིས་སྐྱོར་ནས་སྤྱན་རས་ཁྲ་གོར་གོར་མཛད་བཞིན་དབུ་ཐོད་ཡུན་རིང་གཏུགས་ཞིང་ཞལ་ནས་འདོན་པ་འདྲ་ཞིག་ཤུབ་ཤུབ་གསུང་གི་འདུག་ཀྱང་ནང་དོན་རྣམས་གསལ་པོ་གོ་མ་སོང་། གང་ལྟར་ཁོང་ནས་དབུ་ཐོད་གཏུགས་པ་མཉམ་དུ་ངོས་ཀྱི་གཟུགས་པོ་ཡོངས་རྫོགས་ཚ་མེ་རེ་འདྲ་ཞིག་བྱུང་ནས་སེམས་ལ་དགའ་བདེ་བཤད་མི་ཤེས་པ་འདྲ་ཞིག་བྱུང་བ་དང་མཉམ་དུ་གཉིད་ལས་སད་འདུག
དྲི་མེད་འོད་ཟེར་ནི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་མཚན་གྱི་ཆ་ཤས་ཞིག་ཡིན་པས་གཅིག་བྱས་ན་བླ་མ་འདི་ཀློང་ཆེན་པའི་སྤྲུལ་པ་ཡིན་སྲིད།
ཡང་ན་གུས་པ་ལོ་ན་ཆུང་ཆུང་སྐབས་སུ་གེ་སར་གྱི་སྒྲུང་དང་། བསང་དང་རླུང་རྟ། ལྷག་པར་དུ་འཇུ་མི་ཕམ་གྱིས་མཛད་པའི་གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་གསོལ་ཀ་དང་། བླ་སྒྲུབ་སོགས་མང་པོ་ཞིག་འདོན་མྱོང་ཡོད། བར་ལམ་ཞིག་ནས་དབང་ཞུ་སྐྱབས་གནས་བྱེད་རྒྱུ་མང་དྲགས་པའི་རྐྱེན་གྱིས་ཁ་འདོན་གྱི་བེའུ་བུམ་དེ་ཇེ་འཐུག་ལ་སོང་བའི་རྐྱེན་གྱིས་སོང་ན་ཁུར་དཀའ་ཞིང་། བསྡད་ན་འདོན་མི་ཐུབ་པ་སོགས་ཀྱིས་རྐྱེན་གནས་སྐབས་གེ་སར་གྱི་ཆོས་ཀ་རྣམས་གཙོས་རྒྱུན་ཁྱེར་འགའ་ཤས་རེ་ཞིག་ཁ་འདོན་གྱི་ཁྲོད་ནས་བླངས་ཞིང་ཡིག་ཉོབ་ཀྱི་ཁྲོད་དུ་བཞུགས་སུ་གསོལ་ནས་ཉམས་ལེན་བྱེད་ཁོམས་མ་བྱུང་། གཅིག་བྱས་ན་བླ་མ་ཁོང་ནི་གླིང་གེ་སར་ཀྱི་ཆོས་བདག་ངོ་མ་དེ་ཡིན་སྟབས་ངས་ཀྱང་མུ་མཐུད་གེ་སར་གྱི་ཆོས་བཀའ་རྣམས་ཉམས་ལེན་བྱེད་དགོས་པའི་བརྡ་ཡིན་མིན་སོགས་ངོས་ཀྱི་ཀླད་པའི་ནང་དུ་དྲི་བ་རྣམས་འཚང་ཀ་ཤིག་ཤིག་གཅིག་རྗེས་གཉིས་མཐུད་ཀྱིས་སླེབས་སོང་།
གང་ལྟར་ཡང་ལར་ནི་ཉིང་འཁྲུལ་ལ་དེ་ཙམ་བདེན་པ་ཆེར་མེད་ཀྱང་ད་ནུབ་ཀྱི་རྨི་ལམ་ནང་གི་བླ་མ་ཁོང་སྐུ་ཚེ་བརྟན་ཅིང་གུས་ཀྱང་གནས་སྐབས་མ་ཤི་གསོན་བསྡད་ན་རྒྱ་གར་ལ་འགྲུལ་བཞུད་ཅིག་གི་ཞོར་དུ་བླ་མ་འདི་ངེས་པར་མཇལ་དགོས་བསམ་བསྡད་ཡོད།


No comments:

Post a Comment