Tuesday, September 1, 2020

ཉི་གདུགས་དང་འབྲེལ་བའི་གཏམ།

སློབ་མ་ཆོས་མིང་དུ་ཀརྨ་དབྱངས་སྐྱིད་དམ་Shayna Morse,ནས་ཉི་གདུག་དང་ཅོག་ཙེ་ཉོས་པའི་ཉིན་མོ། 
ས་གནས་ཁ་ལི་ཧྥོ་ཉ་ནི་དུས་བཞི་ལ་འགྱུར་བ་ཆེར་མེད་པ་ག་དུས་ཡིན་ཀྱང་ཉི་མ་ཤར་སའི་ས་གནས་ཞིག་ཡིན། ལྷག་པར་དུ་དབྱར་སྨད་ནས་བཟུང་སྟེ་སོས་ཀའི་བར་ཆར་པ་མི་འབབས། རི་མགོ་རྣམས་སྤངས་མདོག་སེར་པོར་གྱུར་ཅིང་མེ་ཡི་འཇིགས་པ་ཧ་ཅང་ཆེ། འདི་ལོར་ཡང་ས་གནས་མ་འདྲ་བ་གསུམ་དུ་རི་བོ་མེ་ཡིས་ཚིག་ནས་ངོས་ཀྱི་ཆོས་གྲོགས་འགའ་དང་ངོ་ཤེས་འགའ་ཡི་ཁང་པ་མེ་ལ་ཤོར་ནས་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པའི་སྐབས་ཡིན། མ་ཟད་ང་ཡི་ཆོས་ཚོགས་ཡོད་སའི་ས་གནས་འདི་ཉིད་ཀྱང་ཉི་མ་ཧ་ཅང་ཚ་ས་ཞིག་ཡིན། ག་དུས་་མཚོ་འགྲམ་ད་སོང་ཡང་ཟ་ཁང་བདག་པོ་རྣམས་ཀྱིས་ཉི་གདུགས་དང་རྐུབ་སྟེག་རང་འགྲིག་ཅན་གྱི་གྲིབ་བསིལ་འོག་ནས་མི་རྣམས་ཀྱིས་དགའ་བའི་འཛུམ་དང་ཟ་མ་བཟའ་བཞིན་པ་མཐོང་ཐེངས་རེར་ཆོས་ཚོགས་ཀྱི་རྒྱབ་ལོགས་ཉི་རའི་ནང་དུ་ང་ལའང་དེ་འདྲ་ཞིག་ཡོད་ན་ཅི་མ་རུང་བསམ་པའི་བསམ་བློ་རེ་འཁོར་མྱོང་། 
ཁ་སང་ཞོགས་ཟས་བཟའ་བཞིན་པའི་སྐབས་སུ་ཟ་ཁྲིའི་སྒང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ལ་ཧ་ལོའི་སྒྲ་ཡིས་བསུ་མ་བྱས་དུས་ཆོས་ཚོགས་ཀྱི་ཚོགས་གཞོན་ཆོས་མིང་དུ་ཀརྨ་དབྱངས་སྐྱིད་དམ་shyna morse རེད་འདུག མོ་རང་ནས་ཟེར་ན། 
(ངས་ཁྱེད་རང་ལ་ཆོས་ཚོགས་རྒྱབ་ལོགས་སུ་ལྷོད་དལ་ངང་འདུག་ས་ཉི་གདུགས་སེར་པོ་དང་རྐུབ་སྟེགས་རང་འགྲིག་ཅན་ཞིག་དྲ་རྒྱའི་རྒྱུད་ནས་མངག་ཉོ་བྱས་ཡོད་པས་གང་འགྱོགས་ཆོས་ཚོགས་ཀྱི་ཁ་བྱང་ཐོག་ཏུ་འབྱོར་གྱི་རེད) ཟེར་བས་དེ་ནི་ངོ་མ་བསམ་དོན་ལྷུན་འགྲུབ་ཟེར་ན་དེ་རེད། ཅི་འདྲའི་ཡ་མཚན་ལ་ཁ་སང་རང་དེ་འདྲ་ཞིག་ཉོ་དགོས་བསམ་ནས་བསྡད་ཡོད། 
ད་ཡིན་ན་བན་རྒན་ང་ལ་ཉི་རའི་ནང་དུ་བསིལ་གྲིབ་འོག་ནས་བརྩོམ་འབྲི་རྒྱུ་དང་། ཇ་འཐུང་ས་སོགས་ཧ་ཅང་ཕན་པོ་བྱུང་བས་དད་ལྡན་མ་ཀརྨ་དབྱངས་སྐྱིད་ལགས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། 


No comments:

Post a Comment