Thursday, April 21, 2016

སྤྲུལ་སྐུ་དོན་འགྲུབ་མཇལ་བའི་ཉིན་མོ།

སྔ་ནས་དུས་ཆད་བྱས་པ་ལྟར་དེ་རིང་ཉིན་གུང་རྒྱབ་ཏུ་ཨ་མ་ཡེ་ཤེས་མ་བུ་གཉིས་དང་ལྷན་ས་གནས་འདིར་གཉུག་མར་བཞུགས་མཁན་སྤྲུལ་སྐུ་དོན་འགྲུབ་མཇལ་བཅར་ལ་སོང་། སྤྲུལ་སྐུ་དོན་འགྲུབ་ནི་ཕ་ཡུལ་མགོ་ལོག་རྡོ་དགོན་ནས་ཡིན་ཅིང་ཨ་རིར་ཕེབས་ནས་ལོ་གྲངས་ཕལ་ཆེར་ལྔ་བཅུ་མ་ཟིན་ཙམ་ཡིན་སྐད་འདུག ཁོང་གི་རྩ་བའི་བླ་མ་སྐྱབས་རྗེ་རྡོ་གྲུབ་ཆེན་ཡིན་པ་མ་ཟད་དགོན་པའང་གཅིག་པ་རེད་འདུག ཨ་མ་ཡེ་ཤེས་ངེད་གཉིས་ཨ་རིའི་ཁང་པ་དཀྱུས་མ་ཐོག་རྩེགས་མང་པོ་ཅན་ཞིག་ཏུ་ཁ་གཏད་ནས་སོང་། རིན་པོ་ཆེ་ཐོག་རྩེགས་མཐོན་པོ་ཞིག་གི་སྒང་དུ་བཞུགས་འདུག བགྲེས་ཉམས་ཤ་སྐམ་ལ་འཛུམས་མདངས་ཅན་གྱི་བླ་རྒན་དེའི་དལ་བུས་སྒོ་འགྲམ་ནས་སྒུག་འདུག ནང་དུ་འཛུལ་ནས་ཁ་བཏགས་ཕུལ་ཅིང་རང་ཉིད་ངོ་སྤྲོད་སོགས་བྱས། མི་འདུག་ས་དང་མཆོད་ཁང་གཅིག་ཅོག་ཅན་གྱི་ཁང་པ་གཙང་ཟོ་དོད་པོ་ཞིག་དང་ཟུར་ནས་ཐང་སྐུ་མང་ཞིག་ཀྱང་མཇལ་རྒྱུ་འདུག མགོ་སེར་བུད་མེད་ལྟས་ཚོད་ལ་ལོ་གྲངས་ལྔ་བཅུའི་ཡས་མས་ཅན་ཞིག་ནས་ཨ་མ་ཡེ་ཤེས་ངེད་གཉིས་ལ་བོད་ཀྱི་ལུགས་སྲོལ་ལྟར་གུས་ཞབས་དང་ལྷན་ཇ་ཁུར་སོང་བས་དེ་ནི་སྤྲུལ་སྐུ་རིན་པོ་ཆེ་ཁོང་གི་གསང་ཡུམ་དེ་ཡིན་སྐད་འདུག དེ་ནས་ཕན་ཚུན་བཀའ་མོལ་བྱས་པས་རིན་པོ་ཆེ་ནས་མགོ་ལོག་གི་སྐད་གདངས་དམའ་ལ་དབུས་སྐད་འདྲེས་མ་དེང་དུས་སྐྱབས་བཅོལ་བ་བཙན་བྱོལ་བོད་པའི་འདྲེས་སྐད་དཀྱུས་མ་དེ་རེད་འདུག ངེད་གཉིས་ཕན་བཀའ་མོལ་མང་པོའི་རྒྱུད་རིམ་ཁྲོད་ནས་ངས་བདེ་ཆེན་ཞིང་སྒྲུབ་འཚོགས་ཀྱི་ཡོད་ཞུས་དུས་ང་ལ་ནན་ཏན་གྱིས་གཟིགས་ནས་ཐུགས་དགྱེས་དགྱེས་གནང་ནས་འདི་ལྟར་གསུངས་སོང་། 
"དེང་སང་ཕྱི་རྒྱལ་གྱི་ནང་པ་འདི་རྣམས་ལ་སྐྱོན་ཆེ་ཤོས་དེ་ནང་ཆོས་ལ་ཡིད་རྟིང་ནས་དད་པ་མེད་པ་དེ་རེད་འདུག གལ་སྲིད་དད་པ་ཡོད་ན་སྤྱན་རས་གཟིགས་དང་འོད་དཔག་མེད་སོགས་རྒྱུད་སྡེ་འོག་མའི་ལྷ་འདི་རྣམས་གང་ཉམས་སུ་བླངས་ཀྱང་ངེས་པར་འབྲས་བུ་འབྱུང་གི་རེད།"
ཅེས་དོན་སྙིང་བཀའ་མོལ་མང་དག་ཞིག་གསུངས་སོང་། བཀའ་མོལ་གསུངས་པའི་སྐབས་སུ་སྐད་གདངས་དམའ་བོས་སྤྱན་བར་སྣང་དུ་གཟིགས་ནས་གསུངས་པ་ལས་བཀའ་མོལ་གནང་སའི་གདོང་ལ་དེ་ཙམ་གཟིགས་སྲོལ་མི་འདུག བཀའ་མོལ་གསུང་སྟངས་དང་བཞུགས་སྟངས་སོགས་གང་ལ་དཔྱད་ནའང་ཉམས་ལེན་པ་ཞིག་ཡིན་གཏན་ཁེལ་རེད་འདུག ཁོང་ནས་དབྱིན་ཇིའི་ཐོག་ཏུ་བྲིས་པའི་ནང་ཆོས་ཀྱི་དེབ་ཧ་ཅང་མང་ཞིང་མང་པོ་ཞིག་ནས་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད། ད་ལོར་དགུང་གྲངས་བདུན་བཅུ་དོན་དགུ་ཡིན་ཅེས་གསུངས་སོང་། གལ་སྲིད་ཀི་ལི་ཧྥོ་ཉའི་སོགས་སུ་ཕེབས་དགོས་ཡོད་ཚེ་ང་ཡི་ཆོས་ཚོགས་སུ་ཕེབས་རོགས་ཞེས་གདན་ཞུས་ཀྱང་བྱས། ངས་གོ་ཚུལ་ལྟར་དུ་བྱས་ན་ཁོང་ནི་མཁས་དབང་ཞིག་ཡིན་པ་མ་ཟད་ཉམས་ལེན་ཀྱང་ཧ་ཅང་ཡག་པོ་ཡོད་པའི་སྐད་ཆ་འདུག 

རིག་ལམ་ངག་ལ་གྱེར་བའི་རྟོག་གེ་བ།། 
མཐོང་ཚད་ཚུལ་མིན་སྒྲུབ་པའི་ལོག་ལྟ་ཅན།། 
མིང་སྙན་ཟོལ་རྫུ་ཆོས་དྲེད་བདག་འདྲ་རྣམས།། 
བློ་འདི་ཁྱེད་ལྟར་འགྱུར་ན་ཅི་མ་རུང་། 

བཤད་བཤད་ཚིག་སྐམ་བདག་པོའི་མཁན་པོ་དང་། 
རྩད་རྩད་གདན་སའི་གྲྭ་རྒོད་དགེ་བཤེས་སོགས། 
ཁྱི་ལུད་དར་བཏུམ་ང་འདྲའི་ཆོས་གཟུགས་རྣམས།། 
གང་ཁྱེད་ཐེངས་གཅིག་མཇལ་བས་གློ་བ་དགའ།། 

ཐོས་རྟགས་ཞི་ཞིང་དུལ་ལ་མི་མཛའ་མེད།།
སྒོམ་རྟགས་ཉོན་མོངས་མེད་ཅིང་ཆོག་ཤེས་མཁན།།
སེམས་སྲུང་དགེ་ལ་གཅིག་ཏུ་འདུན་པ་ཅན།། 
སྐྱེས་བུ་གཏན་གྱིདོ༵ནཆེནའགྲུ༵བཔ་རྒྱལ།། 







Tuesday, April 19, 2016

བྷོ་སི་ཊོན་བཙོན་ཁང་ནང་ལ་ཆོས་བཤད་བྱས་པའི་ཉིན་མོ།

ཉིན་མོ་འདི་ནི་ངོས་ཀྱི་ལོ་གཅིག་གི་ཆོས་ཕྱོགས་ཀྱི་ལས་འཆར་ནང་ནས་མི་གྲངས་མང་ཉུང་ལ་མ་ལྟོས་པར་གལ་ཆེ་ཤོས་ཞིག་ཡིན། ལོ་ལྔ་ཡི་ཡར་སྔོན་དགེ་ཕྲུག་ཨ་རི་བ་ཀརྨ་ཤེས་རབ་བརྒྱུད་ནས་བྷོ་སི་ཊོན་ས་གནས་འདིའི་བཙོན་ཁང་ནང་དུ་ཆོས་བཤད་བྱེད་རྒྱུའི་གོ་སྐབས་བྱུང་། དེ་རིང་ལོ་བཞི་པ་དེ་ཡིན་དེ་ནི་ངོས་ལ་ལྟོས་ན་ཕན་ཐོག་ཆེ་ཤོས་ཀྱི་ཆོས་བཤད་ས་དེ་ཡིན། ཐེངས་མ་དང་པོར་ཉིས་སྟོང་དགུ་ལོར་བཙོན་ཁང་ནང་གི་སྡེ་ཚན་མི་འདྲ་བའི་ནང་ནས་ནང་པའི་སྡེ་ཚན་ཞིག་ཏུ་ཆོས་བཤད་བྱས་སྐབས་མི་གྲངས་བཅུ་གཉིས་ཡོད་པས་ཚང་མས་སྐྱབས་སྡོམ་ཞུས་ཤིང་ནང་ཆོས་ཉམས་ལེན་བྱེད་རྒྱུའི་འགོ་འཛུག་བྱས། དེ་ནས་ད་བར་བཙོན་པ་མང་པོ་ཞིག་གི་བརྒྱུད་ལ་ནང་ཆོས་ཀྱི་དགེ་བའི་བག་ཆག་འཇོག་ཐུབ་པ་མ་ཟད་ཁ་ཤས་ཆོས་པ་ཡང་དག་པ་བྱུང་འདུག ཁ་ཤས་བཅོན་བཀག་དུས་ཚོད་ཚང་ནས་བཙོན་གྲོལ་ཐོབ་པ་ཡང་མི་ཉུང་བ་བྱུང་འདུག ཉིན་རྒྱབ་ངོས་ཀྱི་གྲོགས་པོ་མི་རིགས་ནག་པོའི་ཡེ་ཤུའི་ཆོས་པ་ཞིག་ཡོད་པས་ཁོང་གི་ཆོས་ཁང་ནང་དུ་ཆོས་བཤད་བྱེད་ལ་སོང་། མི་རིགས་ནག་པོ་ཤ་སྟག་མི་གྲངས་ལྔ་བཅུ་ཙམ་ཞིག་སླེབས་འདུག ངོས་ཀྱི་དགེ་ཕྲུག་ཀརྨ་ཤེས་རབ་ནས་དེར་ཡོད་ཀྱི་མི་རྣམས་ལ་ང་ཡི་སྐོར་ངོ་སྤྲོད་མདོར་བསྡུས་གྲུབ་ནས་ངས་དབྱིན་ཇི་ཆག་རོ་དེ་རྒྱབ་ནས་བྱམས་སྙིང་རྗེའི་ཆོས་བཤད་མདོར་བསྡུས་བྱས། ཁོ་རང་ཚོའི་འདོད་པ་ལྟར་འོད་དཔག་ཀྱི་བསྙེན་དབྱངས་ཞིག་ཀྱང་བྱས་པས་མི་མང་ཧ་ཅང་དགའ་བོ་བྱས་སོང་། དགོང་མོ་ཨ་མ་ཡེ་ཤེས་དང་དཀོན་མཆོག་གཉིས་ནང་དུ་འབྱོར། ངོས་ཀྱི་ཟ་མ་དགའ་ཤོས་ཟྭ་ཐུག་དང་རྩམ་པ་སོགས་བོད་ཟས་བྲོ་བ་ཅན་རེ་བཟའ་རྒྱུ་རྙེད་དུས་བན་རྒན་ང་ནི་ངོ་ཚ་མེད་པར་གླང་རྒན་ཚ་ཆུ་དང་འཕྲད་པ་ལྟར་ནུབ་ཟས་འགྲངས་ཚད་ཟོས། གང་ལྟར་ད་རེས་ཡང་སྐྱར་བློ་དཀར་གཞུང་དྲང་བ་དད་ལྡན་ཕ་དཀོན་མཆོག་དང་དད་ཅན་ཨ་མ་ཡེ་ཤེས་གཉིས་ཀྱི་ནང་མི་ལོ་རེར་ཐེངས་མ་རེར་ཐུག་འཕྲད་ལ་ཡོང་ནས་ཞག་ཤས་རིང་མཉམ་དུ་འཛོམས་རྒྱུ་འདི་ཡང་ཧ་ཅང་ནས་དགའ་བོ་བྱུང་། ང་ནི་ག་དུས་ཡིན་ཀྱང་མི་ཚང་འདི་ངོས་ཀྱི་ལས་ཀྱིས་བསྡུས་པའི་ནང་མི་ཞིག་ཡིན་པའི་ཚོར་བ་རྒྱུན་ཆགས་སུ་ཡོང་གི་ཡོད། ཕ་མ་འདི་གཉིས་ནི་ས་གནས་བྷོ་སི་ཊོན་བོད་རིགས་ཆེས་སྔ་ཤོས་དང་མ་ཟད་སྐྱབས་བཅོལ་བོད་རིགས་རྗེས་མ་རྣམས་ལ་རོགས་རམ་དང་སློབ་སྟོན་སོགས་ཧ་ཅང་དཀའ་དྲིན་ཆེན་པོ་ཡིན་སྐད་འདུག ཆེས་ཡ་མཚན་པ་ཞིག་ལ་དཀོན་མཆོག་དང་ཡེ་ཤེས་གཉིས་ཀྱི་བུ་མོ་ཆུང་བ་བསྟན་ལྷ་ལ་ཉེ་ཆར་ཟླ་ཤས་གོང་ནས་བུ་ཞིག་སྐྱེས་ཡོད་པའི་མིང་ལ་ངོས་ཀྱི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་མཚན་དང་གཅིག་པ་རེད་འདུག དེ་ནི་ངོས་ལ་ལྟོས་ན་ཆེས་ཡ་མཚན་ཅན་ཞིག་ཏུ་མཐོང་། གང་ཡིན་ཞེ་ན་སངས་རྒྱས་ཟེར་བའི་མིང་ཡོད་ཀྱང་སངས་རྒྱས་བསྟན་འཛིན་ཟེར་བའི་མིང་འདི་བོད་རིགས་བྱིང་གི་ཁྲོད་དུ་དར་ཁྱབ་ཆེར་མེད་པས་ཡིན། 

Friday, April 15, 2016

རྒོ་གུལ་ནང་དུ་ཆོས་བཤད་བྱས་པའི་ཉིན་མོ།

ཟླ་བ་འགའ་ཡི་གོང་ནས་ངོས་ཀྱི་དགེ་ཕྲུག་གསར་པ་dayena བརྒྱུད་ནས་ཆུ་ཚོད་གཅིག་ཙམ་གྱི་སར་ཡོད་པའི་རྒོ་གུལ་དྲྭ་རྒྱའི་ལས་ཁུངས་སུ་ཆོས་བཤད་བྱེད་རྒྱུ་དེ་ཡིན། ཁ་སང་ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་འཇམ་དབྱངས་ཆོས་འཁོར་གླིང་གི་ཚོགས་གཙོ་གཙོས་སྐད་བསྒྱུར་བྱམས་པ་མཐར་ཕྱིན་བཅས་སྡོམས་ངོས་ཀྱི་སློབ་མ་བཅུ་ལྷན་དུ་རླངས་འཁོར་བཞིའི་དང་བཅས་གཅིག་རྗེས་གཉིས་མཐུད་ཀྱིས་ཆུ་ཚོད་གཅིག་ཙམ་གྱི་སར་ཡོད་པའི་རྒུ་གོལ་དྲྭ་རྒྱའི་ཚོགས་པའི་ཕྱོགས་སུ་ཁ་གཏད་ནས་ཕྱིན། ཆུ་ཚོད་བཅུ་པའི་སྐབས་སུ་ངས་སྐད་ཆ་དངོས་གཞི་དེ་འགོ་འཛུག་དགོས་འདུག དེ་རིང་བཤད་བྱའི་སྐད་ཆ་ནི། བྱམས་སྙིང་རྗེའི་ངང་སྤྱི་ཚོགས་སུ་ལས་ཀའི་ནུས་པ། ཞེས་པའི་བརྗོད་བྱ་རེད་འདུག 
དེར་འདུས་དངོས་ཡོད་མི་མང་བདུན་བཅུ་མ་ཟིན་ཙམ་ཞིག་འདུག་ཀྱང་དྲྭ་ཐོག་ནས་ཐད་གཏོང་སྐབས་སུ་མི་ཁྲི་གསུམ་ནས་བཞིའི་བར་བལྟ་མཁན་ཡོད་སྐད་འདུག གང་ལྟར་དང་པོ་ངས་དབྱིན་ཇིའི་ཆག་རོ་དེ་བེད་སྤྱོད་བྱས་ནས་ཚང་མར་ཁམས་འདྲི་དང་མ་ཟད་ང་རང་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ཀྱང་རྒུ་གོལ་འདི་ཉིད་ཀྱང་ཁ་བྲལ་ཐབས་མེད་མཁན་ཞིག་ཡིན་པའི་ཆ་ནས་དེ་རིང་འདིར་སྐད་ཆ་བཤད་མཁན་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུས་བ་དང་སྦྲགས་ནས་བརྗོད་བྱ་དངོས་གཞི་སྐད་བསྒྱུར་དང་བརྒྱུད། ས་བཅད་རྣམ་པ་གསུམ་གྱི་སྒོ་ནས་དེ་རིང་གི་སྐད་ཆ་དེ་གླེང་སློང་བྱས། བྱམས་སྙིང་རྗེ་མེད་པའི་སྐྱོན་ཆ། ཡོད་པའི་དགེ་མཚན། དེ་ཇི་རང་རྒྱུད་ལ་བསྐྱེད་ཐབས་ཞེས་བརྗོད་བྱ་འདི་གསུམ་ཐོག་ནས་དེང་དུས་དངོས་ཡོད་གནས་ཚུལ་གཞིར་བཞག་ལ། ནང་ཆོས་ཀྱི་སླན་པ་རྒྱབ་ཀྱིན་འགྲེལ་བཤད་བྱས་དུས་དེར་ཡོད་ཀྱི་མི་མང་པོ་ཧ་ཅང་ནས་དགའ་བོ་བྱེད་ཀྱི་འདུག 

དུས་ཡུན་ནི་ཆུ་ཚོད་གཅིག་རེད་དྲི་བ་དྲིས་ལན་སོགས་ནི་གང་ཡང་མི་འདུག སྐད་ཆ་མཇུག་གྲུབ་པ་དང་ལྷན་གྲ་སྒྲིག་བྱེད་མཁན་ཕོ་གསར་གཟུགས་རིང་ལྟས་བཟོ་དོད་པོ་དེས་ཐུགས་རྗེ་ཆེ་ཞེས་གསུངས་བཤད་ཀྱི་མཇུག་གྲུབ། ཚོགས་པ་འདི་ཡི་ལས་བྱེད་གསུམ་གྱིས་ངེད་སླ་སློབ་རྣམས་ཟུར་དུ་ཡོད་པའི་རྒྱ་གར་ཟ་ཁང་ཞིག་ནང་དུ་ཁྲིད་ནས་གང་བཟའ་ཆོག་པའི་ཟས་རིགས་རྣམས་སོ་སོའི་གང་འདོད་ལ་ལོངས་སྤྱད། དོ་ནུབ་ཆུ་ཚོད་དགུ་པའི་སྐབས་སུ་སན་ཧོ་སེའི་San jose airport གནམ་ཐང་བརྒྱུད་ནས་boton བྷོ་སི་ཊོན་ལ་འགྲོ་དགོས་ཡོད། ང་མ་སོང་བའི་གོང་ནས་སྤྲོ་སེང་ལ་ཁྲིད་ཀྱི་ཡིན་ཟེར། ཉིན་རྒྱབ་རྒུ་གོལ་ཚོགས་པའི་ལས་བྱེད་མི་གསུམ་དང་འཇམ་དབྱངས་ཆོས་འཁོར་གླིང་ཚོགས་མི་བཅུ་དང་བཅས་ང་ཚོ་ཐག་ཉེར་ཡོད་པའི་ཧ་ཅང་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཏུ་འཁྱམས་ཉུལ་ལ་སོང་། ཀི་ལི་ཧྥོ་ཉའི་ས་ཆ་གང་དུ་སོང་ཡང་དག་པའི་ཞིང་ཁམས་འདྲ་ཤ་སྟག་རེད་འདུག ས་ཆ་འདིའི་དབྱིབས་ནི་སྤྱིར་གཏང་རི་མགོ་དབེན་ཁྲོད་འདྲ་ཞིག་ཡིན་པ་ལ། སྤངས་ལྗོངས་དང་ལྗོན་ཤིང་སྐབས་སྐབས་སུ་མཚོ་དང་མཚེའུ་ཆུ་ནང་དུ་བྱ་རིགས་དཀར་སེར་དམར་ལྗངས་ཁྱུ་ཁྱུ་བྱས་ནས་བསྡད་པ། གང་ལྟར་ས་ཆ་ཧ་ཅང་སྐྱིད་པོ་ཞིག་ཏུ་སླེབས་པས་མི་མང་ཧ་ཅང་དགའ་བོ་བྱས་སོང་། ཁོ་རང་ཚོའི་འདོད་པ་ལྟར་རྟེན་འབྲེལ་གྱི་ཆེད་དུ་རི་མགོ་དེར་ཕྱག་ཆེན་རྣལ་འབྱོར་བཞི་རིམ་འགྲེལ་བཤད་མདོར་བསྡུས་ཞིག་ཀྱང་བྱས། དེ་ནས་དགོང་མོར་གནམ་ཐང་བརྒྱུད་བྷོ་སི་ཊོན་ལ་སོང་། གནམ་གྲུ་ཆུ་ཚོད་ལྔ་ཡི་རིང་འཕུར་དགོས་འདུག ཕྱི་ཉིན་ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་བྷོ་སི་ཊོན་གནམ་ཐང་ལ་བདེ་འབྱོར་བྱུང་། གནམ་ཐང་དུ་དཀོན་མཆོག་དང་བུ་མོ་བསྟན་ལྷ་གཉིས་ནས་སྒུག་འདུག་པས་དཀོན་མཆོག་ལགས་ཀྱི་ནང་ཤར་སྐྱོད་བྱས་ནས་ཡོང་། སང་ཉིན་ནས་བཟུང་ཉིན་གཉིས་རིང་བྷོ་སི་ཊོན་བཙོན་ཁང་ནང་དུ་ཆོས་བཤད་བྱེད་དགོས་ཡོད། 

Thursday, April 14, 2016

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཇལ་ལ་སོང་བའི་ཉིན་མོ།


ཁ་སང་ནི་སྔ་ནས་གྲ་སྒྲིག་བྱས་པ་ལྟར་གངས་ལྗོངས་གསེར་རྟ་བླ་རུང་ཆོས་སྒར་སྤྱི་ཁྱབ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་རིན་པོ་ཆེ་མཆོག་མཇལ་བཅར་ཆེད་པདྨ་འོད་གསལ་གླིང་ལ་རླངས་འཁོར་ཁ་ལོ་བ་ཨ་མ་སུས་སིན་དང་མཉམ་དུ་སོང་། 
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནི་བོད་ནས་དངོས་སུ་མཇལ་མ་མྱོང་བས་ད་རེས་མཇལ་བ་ཐེངས་མ་དང་པོ་དེ་ཡིན། ཡིན་ནའང་སྐྱབས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་མཇལ་ཐེངས་འགའ་དང་མ་ཟད་དབང་ཁྲིད་ལུང་གསུམ་ཐེངས་འགར་ཐོབ་མྱོང་། ད་རེས་ཆེས་བསྐལ་པ་བཟང་པོ་ཞིག་ལ་གུས་པའི་ཆོས་ཚོགས་ཀྱི་ཐག་ཉེར་ཡོད་པའི་སྐྱབས་རྗེ་ཞིང་གཤེགས་བླ་མ་མཐར་ཕྱིན་རིན་པོ་ཆེའི་ཆོས་ཚོགས་ནས་གདན་འདྲེན་ཞུས་འདུག་སྟབས་ངོས་ཀྱང་ཆོས་གྲལ་དུ་འདུག་རྒྱུའི་བསྐལ་པ་བཟང་པོ་གྱུར། གུས་པར་མཚོན་ན་དེང་སང་བོད་པའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ལྟར་མིང་དང་སྐད་གྲགས་སོགས་ཀྱི་རྗེས་སུ་འབྲངས་རྒྱུར་དགའ་བོ་དེ་ཙམ་མེད་ཀྱང་མཁན་ཆེན་ཁོང་གི་མཚན་སྙན་དང་ལུགས་གཉིས་ཀྱི་མཛད་བཟང་རྣམས་ལ་སྔ་ནས་ཡི་རང་ཆེན་པོ་དང་གུས་པས་བཀུར་མཁན་ཞིག་ཡིན། མ་ཟད་ལོ་བདུན་ཡར་སྔོན་ཁོང་ནས་བརྩམས་པའི། 
"སྐྱེ་བ་སྔ་ཕྱིའི་རྣམ་བཞག་སྲིད་པ་གསལ་བའི་མེ་ལོང་།"
ཞེས་པའི་དེབ་ཞིག་བཀླག་མྱོང་ཡོད་པས་དེ་ནས་བཟུང་མཁན་པོ་མཆོག་ཐེངས་གཅིག་མཇལ་ན་བསམ་པའི་སྐོམ་པ་ཆུ་འདོད་ལྟར་བྱུང་། 
ད་རེས་གུས་པས་བསམ་པའི་རེ་འབྲས་རྣམས་དོན་ཐོག་ཏུ་སྨིན་ནས་ནས་པདྨ་འོད་གསལ་གླིང་བན་སྔགས་སྐྱ་སེར་བདུན་བཅུ་མ་ཟིན་ཙམ་དང་ལྷན་དུ་རྫ་དཔལ་སྤྲུལ་གྱིས་མཛད་པའི་ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ཞེས་པ་དེའི་ཐོག་ནས་གསུངས་ཆོས་མཉམ་ཞུ་བྱེད་རྒྱུའི་ཆེས་བསྐལ་པ་བཟང་པོ་བྱུང་། གསུངས་ཆོས་ཟུར་ནས་ཆོས་གྲོགས་བླ་མ་ལེགས་བཤད་བཟང་པོ་ནས་གུས་པ་ངོ་སྤྲོད་དང་ཟུར་བཅར་ཀྱི་སྐབས་སུ་འབྱུང་འགྱུར་གལ་སྲིད་ས་གནས་འདི་ཕྱོགས་ལ་ཆིབས་བསྒྱུར་གནང་ན་སྔ་ནས་ཆོས་ཚོགས་སུ་གདན་ཞུ་ཡང་བྱས་པས་ཞལ་བཞེས་བཟང་པོ་ལེགས་པར་ཐོབ། དེ་རིང་ནི་བཟང་པོའི་ཞོར་དུ་ཇ་ཆང་གི་དཔེ་ལྟར་ཡུན་རིང་མ་མཇལ་བའི་ཀློང་སྤྲུལ་རིན་པོ་ཆེ་དང་། བླ་མ་ལེགས་བཤད་བཟང་པོ་གཉིས་གཙོར་བྱས་ཆོས་གྲོགས་འགའ་ཡང་མཇལ་རྒྱུ་བྱུང་། 

པདྨ་འོད་གསལ་གླིང་སྐྱ་སེར་འདུས་པ་མང་པོས་མཁན་པོ་མཆོག་ལ་ཕེབས་བསུ་དང་སྣེ་ལེན་གུས་པས་བཀུར་སྟངས་འདིར་དཔྱད་ན་ལུང་རྟོགས་ཀྱི་བསྟན་པར་བྱས་རྗེས་གང་ཡང་མེད་པར་བོད་ཀྱི་སྤྲུལ་ཆོས་རིང་ལུགས་འདི་ལ་རྨོངས་དད་དང་གཡམ་རྒྱུགས་བྱེད་རྒྱུའི་མཚམས་འཇོག་ནས་ད་ནས་བཟུང་སྟེ་རིག་པའི་ལམ་ནས་རྗེས་སུ་འབྲངས་དགོས་ཞེས་པའི་ཐོག་མའི་ཅོང་བརྡ་ཞིག་ཀྱང་རེད་འདུག་བསམ། དེ་ནི་ཞི་བ་ལྷས། མཁས་པ་རྣམས་ནི་བཀུར་བ་དང་།། བསོད་སྙོམས་དག་ཀྱང་རྙེད་པར་ཤོག ཅེས་པའི་ཐུགས་སྨོན་གནང་བ་འདི་ཉིད་ཀྱང་ཡིད་ལ་ཡང་དུ་དྲན་གསོས་བྱས་སོང་། 

Tuesday, April 5, 2016

ལམ་རིམ་ཆེན་མོར་དཔེ་མཇལ་བྱས་པའི་ཉིན་མོ།


དེ་རིང་ནི་ཉིན་ཧྲིལ་པོར་རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེན་མོར་དཔེ་མཇལ་ཞུས་ནས་ནང་ལ་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། 
ལམ་རིམ་ཆེན་མོ་འདི་ང་བོད་དུ་ཡོད་པའི་སྐབས་སུ་ཀ་མདའ་དགོན་པའི་ཁྲི་སྤྲུལ་རྡོ་རྗེ་འཆང་མདུན་ནས་ང་རང་གཅིག་པུར་ཟླ་གཅིག་རིང་ཞིབ་ཁྲིད་ལན་གཅིག་ཐོབ་པ་མ་ཟད་ཉིས་སྟོང་ལྔ་ལོར་རྒྱ་གར་ལྷོ་ཕྱོགས་སེ་ར་བྱེས་ནས་རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་མདུན་ནས་ལན་གཅིག་ཐོབ་པའི་ཆེས་བསྐལ་པ་བཟང་པོ་ཅན་ཏུ་གྱུར། 
དེང་སང་ལམ་རིམ་ཆེན་མོར་བརྗེད་ངས་རྐུན་པོས་ཁྱེར་དོགས་ཀྱིས་སྤམ་མཇལ་ཙམ་མ་ཡིན་པར་ལྷོད་དལ་ངང་དཔེ་མཇལ་ཞུ་རྒྱུ་བྱུང་བས་གུས་པའི་དགེ་སེམས་རླན་བྲལ་གྱི་ལྗང་བུ་སྐམ་པོ་འདིར་གནས་སྐབས་རིང་ངེས་འབྱུང་དང་བྱང་སེམས་སོགས་ཀྱི་རླན་དང་འཕྲད་ནས་དགེ་བ་འཕེལ་གྲོགས་ཀྱི་ཆ་རྐྱེན་དུ་གྱུར་པས་སེམས་ལ་སྐྱིད་པོ་བྱུང་། མ་ཟད་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་སོགས་ནས་ཚིག་གི་གཡམ་བཤད་ཙམ་མ་ཡིན་པར་རྒྱལ་བའི་བཀའ་བསྟན་མང་པོར་ཁུངས་གཏུགས་ནས་འགྲེལ་བཤད་གནང་སྟངས་འདིས་ཀྱང་སྔར་མེད་སེམས་ལ་བཟང་བསྐྱེད་བྱུང་། 
སྤྱིར་བཏང་ནང་དོན་རིག་པའི་གང་ཉམས་སུ་ལེན་རྒྱུའི་དཔེ་ཆ་རྣམས་དཔེ་མཇལ་བྱེད་པའི་སྐབས་སུ་དཔེ་ཆ་གསུང་མཁན་གྱི་བླ་མ་དེ་ཉིད་ད་ལྟ་ཁྱོད་རང་གིས་བཀློག་བཞིན་པའི་དཔེ་ཆ་དེ་ཡིན་བསམ་པའི་འདུ་ཤེས་དང་མ་བྲལ་བའི་ཐོག་ནས་དཔེ་ཆ་བཀླག་པ་ཡིན་ན་སེམས་ལ་ཕན་ཐོག་ངེས་རེད་འདུག 
དེ་མ་ཡིན་པར་བཀླག་རྒྱུའི་དཔེ་དེབ་གང་ཡིན་པ་དེ་ཉིད་ལ་རང་ཉིད་ཞུ་དག་བྱེད་མཁན་འདྲ་བོ་ཞིག་བྱས་ནས་བཀླག་པ་ཡིན་ན་གསུང་མཁན་བླ་མ་དེ་ཉིད་མཁས་བླུན་སྐད་གྲགས་ཆེ་ཆུང་གང་ཡིན་ཀྱང་ཁྱོད་རང་གི་སེམས་ལ་ཕན་ཐོག་དཀའ་སྙམ། 
ང་ནི་ལོ་ན་ཆུང་ངུའི་དུས་སུ་ནས་རྗེ་རིན་པོ་ཆེའི་གསུང་རྣམས་ལ་ཧ་ཅང་དགའ་བོ་ཡོད། ངོས་ཀྱི་ཁ་འདོན་དཔེ་ཁྲོད་ནང་དུ་ཡོད་པའི་དཔེར་ན། ལམ་གཙོ་རྣམ་གསུམ་དང་། ལམ་རིམ་གྱི་ཉམས་མགུར། དགའ་ལྡན་ལྷ་བརྒྱ་མ། རྟོགས་བརྗོད་མདུན་ལེགས་མ་སོགས་ཁ་འདོན་བྱེད་ཀྱི་ཡོད་པས་བརྗོད་བྱ་དང་རྗོད་བྱེད་གང་གི་ཐད་ནས་བསམ་ཡང་རྗེ་རིན་པོ་ཆེའི་གསུང་ལ་དད་མོས་ཆེ། 
ལམ་རིམ་འདིའི་ས་བཅད་འཇོག་སྟངས་དང་གཞུང་ཚིག་གི་ནུས་པའི་བྲོ་བ་སོགས་ཀྱིས་དཔེ་ཆ་འདི་ཇི་ཙམ་བཀླག་ཀྱང་དེ་ཙམ་གྱིས་སེམས་ལ་ཧ་ཅང་ཕན་ཐོག་ཆེན་པོ་ཞིག་ཡོང་གི་ཡོད། སློབ་དཔོན་ཁྲོ་མེད་དཔེ་ཆ་ཟེར་སྲོལ་ཡོད་པ་འདི་དཔེ་ཀློག་བྱས་ནས་རང་མྱོང་གི་བྲོ་བ་ཞིག་ནང་ནས་རྙེད་རྒྱུ་ཡོད་པ་འདིར་ངེས་ཤེས་ཡང་དག་པ་ཞིག་ཀྱང་འདྲོངས། 

ང་ནི་དུས་ཚོད་ཡོད་ན་ཁ་འདོན་རྣམས་ཀྱི་མཇུག་ཏུ་གང་ཤེས་སེམས་ཀྱི་ངོ་བོ་སྐྱོང་ནས་འདུག་ཐུབ་ན་ཡག་ཤོས་དང་། གལ་སྲིད་དེ་ལྟར་མ་བྱུང་ནའང་ཇ་ཕོར་མདུན་དུ་འཇོག་ནས་ཉི་མར་ལྡེ་བཞིན་ནང་ཆོས་ཀྱི་དཔེ་ཆ་རེ་ལ་ལྟོ་ཀློག་བྱེད་རྒྱུ་ལས་དགའ་བའི་ལས་ཀ་ཞིག་མེད། 

Wednesday, March 16, 2016

སེམས་ལ་ལྟད་མོ་བལྟས་པ། The Show to Watch


མི་ཕལ་མོ་ཆེས་ས་གནས་འདིར་ང་བོད་རིགས་གཅིག་ཡིན་ཙང་འདུག་མི་ཐུབ་པས་སུན་སྣང་སྐྱེ་བ་དང་ཡང་ན་ང་ཡི་ཁྱིམ་དང་ནང་མི་དྲན་པ་སོགས་ཡོང་གི་ཡོད་རེད་དེ་བས་ཀྱང་ང་ལ་སྐད་ཆ་བཤད་རོགས་བོད་རིགས་ཤིག་ཡོད་ན་བསམ་ནས་ང་སར་བོད་པའི་མགྲོན་པོ་ཞིག་སླེབས་ན་ང་ཡི་སློབ་མ་རྣམས་ཧ་ཅང་དགའ་མོས་བྱེད་ཀྱི་ཡོད། སྐབས་རེར་ང་ཡི་གྲོགས་པོ་འགའ་ཡིས་སེམས་ཀྱི་གཏིང་ནས་ཁྱེད་རང་རྟག་པར་གཅིག་པུར་མ་འདུག ངས་མཚོ་འགྲམ་དུ་སྤྲོ་གསེང་ལ་ཁྲིད་ཀྱི་ཡིན། འགའ་ཤས་ཀྱིས་གློག་བརྙན་ལྟད་མོ་ལྟ་རུ་འགྲོ་སོགས་ཟེར་གྱི་འདུག ངས་འགྲོ་གི་མིན་ཟེར་ཁག་པོ་འདུག གང་ཡིན་ཟེར་ན་ཁོ་རང་ཚོ་ང་མཉམ་དུ་འགྲོ་རྒྱུ་ལ་ཧ་ཅང་དགའ་བོ་ཡོད། ཕྱི་ཡི་ལྟས་མོ་ནི་ཉིན་རྟག་པར་གཅིག་པ་རེད། ས་ཆུ་མེ་རླུང་སོགས་འབྱུང་ལྔས་བསྡུས་པའི་ཁོར་ཡུག་གི་མཛེས་སྡུག་དེ་རེད། དེ་བས་ཀྱང་ནང་གི་ལྟད་མོ་དེ་བལྟ་ཤེས་ན་ལྟད་མོ་དེ་བས་ཆེ་ས་ཞིག་འཇིག་རྟེན་གྱི་ཁམས་ན་མེད། བལྟད་མོ་དེ་མི་བསོད་ནམས་ཅན་རེ་ཟུང་ལས་མ་གཏོགས་ལྟ་མི་ཤེས། ཅུང་ཟད་བལྟ་ཤེས་ཀྱང་རྒྱུན་སྐྱོང་མི་ཐུབ། སོང་ཙང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ལྟད་མོ་དེ་དང་པོ་མཐོང་བའི་སྐབས་སུ་ཡ་མཚན་སྐྱེས་ནས་འདི་ལྟར་གསུངས་མྱོང་། 
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུ་མ་བྱས།། 
བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།། 
སུ་ལ་བསྟེན་ཀྱང་གོ་བར་མི་འགྱུར་བས།། 
མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ།། 
ཅེས་གསུངས་མྱོང་ཡོད། རྩ་བའི་བླ་མའི་ཐུགས་རྗེས་བཀའ་དྲིན་གྱིས་ནང་གི་ལྟད་མོར་དེར་ཅུང་ལྟ་ཤེས་བྱུང་བས་མ་ཤིའི་བར་དུ་མུ་མཐུད་ནས་བལྟ་གི་ཡིན། 
དེ་ནི་ང་རང་ཧ་ཅང་བསོད་ནམས་ཆེན་པོ་ཅན་ཞིག་ཏུ་ངོས་འཛིན་བྱེད་ཆོག ང་ནི་གཅིག་པུར་འདུག་རྒྱུ་ལས་དགའ་ས་ཞིག་མེད། གལ་སྲིད་ང་ལ་རོགས་པ་ཡོད་ན་དེ་ལ་སྟུན་དགོས་པ་དང་ཆོས་ཉམས་ལེན་བྱེད་རྒྱུའི་དུས་ཚོད་མང་པོ་ཞིག་འཕྲོག་རླག་ཏུ་འགྲོ། སྟབས་སྡུག་ན་དོན་མེད་ཀྱི་ངག་འཁྱལ་གྱི་སྒོ་མོ་ཕྱེ་ནས་སྡིག་པ་བསགས་པའི་ཉེན་ཚབ་ཀྱང་ཆེ། ང་རང་གཅིག་པུར་འདུག་པའི་སྐབས་སུ་དགེ་བའི་ལས་ཁོ་ན་ལས་མི་དགེ་བ་ཕལ་ཆེར་མི་འབྱུང་། ལྷག་པར་སེམས་ཀྱི་ངོ་བོ་སྐྱོང་བ་ལ་དྲན་ཤེས་དང་བག་ཡོད་བརྟན། ང་ཡི་མི་ཚེའི་གྲོགས་པོ་བཟང་ཤོས་ནི་ང་ཡི་ཆོས་ཀྱི་ཉམས་ལེན་རྣམས་ཡིན། དཔེར་ན་འཇིག་རྟེན་ཐ་མལ་པའི་གྲོགས་པོ་དང་ནང་མི་རྣམས་ཀྱིས་ང་ཡི་ལུས་ཐོག་ཀྱི་དཀའ་ངལ་བྱེ་བྲག་པ་རེ་ལ་རོགས་པ་བྱེད་ཐུབ་སྲིད་ཀྱང་། ཧ་ཅང་བཅོས་དཀའ་བ་སེམས་ཀྱི་ནད་ངན་འདི་ལ་དཀའ་ངལ་འཕྲད་ན་སེམས་གསོ་ཙམ་ལས་སྐྱོབས་མི་ཐུབ། སེམས་ཀྱི་དཀའ་ངལ་འདི་སྐྱོབས་ཐུབ་མཁན་ནི་རང་ཉིད་ལས་གཞན་མི་རྙེད། སངས་རྒྱས་ཀྱིས་ཀྱང་། བདག་ཉིད་བདག་གི་མགོན་ཡིན། ཅེས་གསུངས་ཡོད། གང་ཟག་གང་ཞིག་གཏན་གྱི་བདེ་བ་ཁྱད་པར་ཅན་ཞིག་བསམ་ན་ངེས་པར་ཕྱི་ཡི་འདོད་ཡོན་སྒྱུ་མའི་བསླུ་བྲིད་ཀྱི་ལྟད་མོར་མགོ་མ་འཁོར་བར་ནང་གི་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་སེམས་ཀྱི་ངོ་བོ་སྐྱོང་བའི་ལྟད་མོ་འདིར་འཇུག་ན་ད་གཟོད་ཁྱེད་རང་ལ་ཟག་མེད་གཏན་གྱི་བདེ་བ་དེ་ནང་ནས་སྐྱེ་ངེས་ལགས་སོ།། 
ཟག་མེད་ཡང་དག་བདེ་ལ་རེ་བ་རྣམས།། 
ལྟད་མོ་ཕྱི་ལ་མ་བལྟ་ནང་དུ་ལྟོས།། 
ཕྱི་ཡི་ལྟད་མོ་སྒྱུ་མའི་གྲོང་ཁྱེར་འདྲ།། 
འཁོར་བའི་རྒྱ་རུ་ཚུད་པས་བག་ཟོན་བྱོས།།
Many people think that since I am a solitary Tibetan living in this area I must get lonely and miss my home and family. They think it would be better for me to have a Tibetan friend to talk to, so when I had a Tibetan guest arrive to stay with me my disciples were very happy about it. At that time some of my friends expressed to me their sincere wish that I not stay by myself so much. They offered to take me to the beach for picnics, and some wanted to take me to the movies. It was difficult for me to refuse because they really like hanging out with me. External shows, however, are the same every day, beautiful displays of the elements, earth, water, fire, wind, and so on. If you know how to look at the internal movies of the mind, however, they are much more interesting and can’t be found in the external world. Only a few people with very good fortune know how to watch that show! Even if they do know how to watch it, they can’t sustain it for long. When Buddha saw that display he was amazed and said,

I have found a nectar-like Dharma of profound peace,
Unborn clear light, free of elaboration!
If I reveal it to anyone, however, no one will understand me,
So better I remain here silent at the edge of the jungle!

Thanks to the kindness of my root Guru I gained a little knowledge of how to watch the inner show, so I will keep watching it continually as long as I live. For that reason I consider myself extremely fortunate. There is nothing I like more than solitude. If I have a companion we have to agree on many things and a lot of time that could be spent in Dharma practice goes to waste. At worst it opens the door to a lot of idle gossip and the danger of creating serious negative karma. When I stay by myself only good karma is created and practically no bad karma at all. In particular, I can then conscientiously meditate on the true nature of my mind with mindfulness and alertness. My best friend in this life is my practice of Dharma. Although friends and family might be able to help me with physical difficulties that I encounter, I cannot be protected from the disease of the mind’s delusions, which is so difficult to cure, except through internal, mental healing. I can not find anyone to protect me from mental suffering but myself. Buddha also said "You are your own master". If anyone wants ultimate, eternal happiness they should not be deceived by the deceptive display of illusory, external pleasures, but instead watch the ‘inner show’, meditating on the special undefiled bliss of the mind’s true nature; then you will eventually experience stainless, eternal happiness, guaranteed!

You who want perfect undefiled happiness!
Don’t watch the outer show! Turn within!
The outer show is like a city of illusion.
It will trap you in samsara, so take care!

Friday, March 11, 2016

སུམ་བཅུ་དུས་དྲན་ཐེངས་མ་༥༧་པ།

ཁ་སང་ནི་བོད་ཀྱི་ཕ་ས་དགྲ་ལག་ཏུ་ཤོར་ནས་མི་འདོད་བཞིན་དུ་ས་མཐར་འཁྱམས་དགོས་བྱུང་བའི་ཀུན་གྱིས་སུམ་བཅུ་དུས་དྲན་ཞེས་འབོད་པའི་ཉི་མ་ནག་པོ་དེ་ཡིན། ང་ས་གནས་འདིར་འབྱོར་ནས་བཟུང་སྟེ་སུམ་བཅུ་དུས་དྲན་གཏན་ནས་ཆད་མྱོང་མེད། ས་གནས་འདིར་བོད་རིགས་གཏན་འཇག་འདུག་མཁན་ནི་ཕལ་ཆེར་ང་ལས་མ་གཏོགས་མེད། ཡིན་ནའང་སྟབས་ལེགས་པ་ཞིག་ལ་ཕ་ཡུལ་ཁམས་སོགས་ཡིན་ཅིང་སྐྱེ་འཚར་བྱུང་ས་བལ་ཡུལ་ཡིན་པའི་བོད་པ་གཞོན་སྐྱེས་མི་ཚང་ཞིག་ཡོད། ཁོང་ཚོ་སྐད་འབོད་ལ་སླེབས་སོང་། དེ་རིང་ང་ཡི་ཆོས་ཚོགས་ནས་སྔ་ནས་གྲ་སྒྲིག་བྱས་པ་ནང་བཞིན་བོད་ཀྱི་རྒྱལ་དར་དང་སྦྱར་བྱང་འཕྲེད་དར་ཉེ་བའི་ཆར་བོད་ཕྱི་ནང་གཞོན་སྐྱེས་གཉིས་ནས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་སྐུ་ལུས་མེར་བསྲེག་གཏང་བའི་པར་བཅས་ཁུར་ནས་ཆུ་ཚོད་གསུམ་པའི་སྐབས་སུ་ས་གནས་འདིའི་རྒྱལ་ས་རུ་སོང་། མི་གྲངས་བཞི་བཅུ་མ་ཟིན་ཙམ་ཞིག་སླེབས་སོང་། མང་ཤོས་ནི་ཆོས་ཚོགས་ཀྱི་མི་རྣམས་རེད་འདུག མི་རྣམས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་སྦྱར་བྱང་འདྲ་མིན་ཁུར་ནས་ཁྲོམ་ལམ་ནས་ཡར་འགྲོ་མར་འགྲོ་བྱེད་བཞིན་ཁ་ནས་བོད་ལ་ཐོབ་ཐང་མི་འདུག་ཞེས་སྐད་འབོད་ཙམ་བྱེད་རྒྱུ་ལས་གཞན་གང་ཡང་མི་འདུག ལམ་ཟུར་རླངས་འཁོར་རྣམས་ཀྱིས་ཏིར་སྒྲ་རྒྱུན་ཆད་མེད་པར་ཡོད་དེ་ནི་བོད་ལ་རྒྱབ་སྐྱོར་པའི་མཚོན་བྱེད་ཙམ་རེད་འདུག འགྲམ་དུ་ཡོད་པའི་ཆོས་ཚོགས་ཀྱི་འགའ་འཛིན་རྗེའུ་རེ་ནས་སེམས་སྐྱོ་སྣང་ངང་འདི་ལྟར་ཟེར། སང་ལོ་ང་ཚོའི་ལས་འགུལ་འདི་རྣམ་པ་གཞན་དག་ཞིག་གི་ཐོག་ནས་བྱེད་དགོས་འདུག་ཟེར། ངས་གང་འདྲ་བྱེད་དགོས་རེད་ཟེར་དུས་ཁོང་ནས་ས་གནས་འདིའི་སྲིད་གཞུང་གི་མི་སྣ་རྣམས་དང་སྒོ་རྡུང་ནས་བོད་དོན་ལ་དངོས་སུ་རོགས་པ་བྱེད་རོགས་ཞེས་འབོད་སྐུལ་བྱེད་དགོས་འདུག་ཟེར། ངས་ཀྱང་དེ་ལ་མོས་མཐུན་བྱས། ཆུ་ཚོད་དྲུག་མ་ཟིན་བར་དུ་སྐད་འབོད་དང་ཁྲོམ་སྐོར་བྱས་ནས་མཐར་པར་མཉམ་ལེན་སོགས་བྱས་ནས་ཆོས་ཚོགས་སུ་འབྱོར། ཆོས་ཚོགས་ནས་བདེན་ཚིག་སྨོན་ལམ་དབྱིན་ཡིག་ཏུ་དོན་བསྒྱུར་བྱས་ཡོད་པ་དེ་ཚང་མར་འདོན་བཅུགས། 
ཁྱད་པར་གངས་ལྗོངས་ཆོས་ལྡན་སྐྱེ་འགྲོ་རྣམས།། 
ནག་ཕྱོགས་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ།། 
ངན་དགུ་འཇོམས་པའི་ཁྲག་དང་མཆིལ་མའི་རྒྱུན།། 
མྱུར་དུ་ཆད་པའི་ཐུགས་རྗེའི་མཐུ་དཔུང་བསྐྱེད།། 
ཅེས་པའི་ཚིག་མཚམས་སུ་སླ྄ེབས་དུས་མི་མང་པོ་ཞིག་མིག་ཆུ་གཏོང་བཞིན་འདུག།

དེ་ནས་ངས་བསམ་བཞིན་དུ་བསྐོལ་བའི་ཟྭ་ཐུག་དེ་དང་ཁོ་རང་ཚོའི་ཁུར་ཡོད་པའི་ཟ་མ་རྣམས་མཉམ་བཟའ་བྱས། ཟ་མ་བཟའ་བཞིན་པའི་སྐབས་སུ་གློག་བརྙན་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་བའི་དཀའ་ངལ་ཇི་ཡོད་སྐར་མ་ཉེར་བརྒྱད་ཅན་གྱི་ལྟས་མོ་དེ་བལྟ་རུ་བཅུགས་པས་ཚང་མར་སེམས་འགུལ་ཧ་ཅང་ཆེན་པོ་བྱུང་འདུག དེ་ནས་ངས་ཚང་མར་ཐུགས་རྗེ་ཞེས་སྐད་དང་རྣལ་འབྱོར་སོགས་ཀྱིས་ཡང་ནས་སེམས་འགུལ་ཐེབས་ཐག་ཆོད་བྱས། མཐར་གྱེས་བྲལ་གྱི་ལག་འཇུ་དང་ཕྱག་རྒྱ་འཐམས་འཁྱུད་སོགས་ཅི་རིགས་བྱས། དེ་རིང་ཞོགས་པ་ནས་ད་བར་ལས་ཀ་མང་དྲགས་པས་དཀའ་ངལ་གྱིས་དགོང་ཟས་མདོར་བསྡུས་ཞིག་ཟོས་ནས་ཉལ།