Wednesday, February 25, 2015

ཨེ་ཤ་ཡའི་རླུང་འཕྲིན་ཁང་དུ་སྐད་ཆ་བྱས་པའི་ཉིན་མོ།།

ཉིན་ཤས་གོང་ནས་ལོ་གསར་མཛད་སྒོ་དང་འཆར་ཅན་ལྟར་དུ་ཡོད་པའི་ཆོས་ཀྱི་བྱེད་སྒོ་ཁག་གཅིག་མཇུག་གཉིས་མཐུད་ཀྱིས་ཧ་ཅང་བྲེལ་ཟིང་དབང་གིས་ཉིན་ཐོ་བཏབས་ཐུབ་མ་སོང་། དེ་རིང་ནས་བཟུང་སྟེ་ལས་བྲེལ་གྱིས་ཕལ་ཆེར་ངོས་ཀྱི་ཉིན་ཐོ་དེ་ཡང་བདུན་ཐོར་མི་འགྱུར་བའི་ངེས་པ་གཏན་ནས་མི་འདུག 
ཞོགས་འདོན་རྣམས་ཚར་བར་བྱས་ཤིང་ཐབ་ཚང་ནང་དུ་ཞོགས་ཟས་ལ་རོལ་བཞིན་པའི་སྐབས་སུ་ཟུར་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་རྒྱལ་ས་ཝ་ཤིང་ཊོན་ནས་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་ཁམས་སྐད་མདོ་འཛིན་པ་རྒན་ཚེ་དབང་ནོར་བུ་རེད། 
ཁོང་ནས་གསུངས་ན་ད་ལྟ་རང་སྐར་མ་བརྒྱད་དུས་བཀག་ཅན་གྱི་སྐད་ཆ་ཞིག་བཤད་རོགས་ཟེར། བཤད་བྱ་ནི། ཁམས་སོགས་ནས་ལོ་གསར་སྲུང་བརྩི་བྱེད་སྟངས་དང་ད་ལོར་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུའི་གྱ་སྟོན་སྐབས་སུ་བོད་རིགས་ཡོངས་ནས་གང་འདྲ་བྱེད་དགོས་མིན། གྱ་སྟོན་ངོ་མ་དེ་ག་རེ་ཡིན་མིན་སོགས་འདྲི་བ་ཁ་ཤས་ཞིག་རེད་འདུག 
ངས་ཀྱང་དངས་ལེན་བྱས་ནས་རང་གི་བསམ་ཚུལ་དང་མཐུན་པར་གང་ཤེས་བཤད་ཁུལ་བྱས་པས་ཁོ་རང་ནི་འདོད་བློ་ཡོངས་སུ་ཁེངས་སོང་།
གསན་འདོད་ཡོད་ན་དྲྭ་ཚིག་འདིར་བཀོད་ཡོད། 
བཙན་བྱོལ་བོད་གཞུང་གི་ལས་བྱེད་རྣམ་པ་དང་མ་ཟད་ཨ་རིར་ཡོད་པའི་བོད་སྐད་རླུང་འཕྲིན་ཁང་འདི་རྣམས་ལ་གང་ལས་རྒྱུའི་ལས་ཀ་དེ་ཉིད་ལ་ཟབ་སྦྱོང་གཏན་ནས་མེད་པའི་སྐྱོན་ཆ་ཆེན་པོ་ཞིག་མཐོང་གི་འདུག ལྷག་པར་དུ་རླུང་འཕྲིན་བཤད་མཁན་ཞིག་ལ་ཚང་དགོས་པ་ནི་མེད་དུ་མི་རུང་བ་སྐད་སྒྲ་དག་ལ་སྒྲོས་གཙང་བ་ཞིག་ཐ་ནའང་དགོས་པས་དེའང་ཧ་ཅང་དཀོན་པོ་རེད་འདུག 

རླུང་འཕྲིན་ཁང་གི་ལས་བྱེད་རྣམས་ལ་ཞུ་བ་འདི་འདྲ་འཐེན་ན་བསམ།། 
ཁྱོད་ལ་བོད་ཆས་གྱོན་པའི་ཐོབ་ཐང་ཨ་རིའི་གཞུང་ནས་འཕྲོག་སོང་ངམ།། 
དགོས་པའི་ཚིག་ལ་སྐྱར་ཟློས་མེད་ཅིང་མི་དགོས་ཚིག་ལྷག་ཟློས་སྐྱོན་མང་།། 
ཡུལ་སྐད་ཡིག་སྐད་ར་མ་ལུག་གིས་རྣ་བའི་དབང་པོར་སུན་པོ་བཟོས།། 

ཨ་ས་ཀུ་རེ་ཡིན་ནོ་མཚུངས་མེད་ལྷག་བསམ་དུང་ཟླ་དཀར་པོའི་མཆེད་།། 
ཁྱེད་ཀྱི་ངལ་བའི་བསིལ་ཟེར་སྟོང་གིས་ན་གཞོན་འབུམ་གྱི་འདབ་གྲོལ་བཞད།། 
ཤེས་ཡོན་དམན་ཀྱང་ལྷག་བསམ་དཀར་བའི་མེས་པོའི་རྒན་རབ་དམ་པ་རྣམས།། 
གངས་ལྗོངས་ལུགས་གཉིས་དགེ་བཅུའི་སྲོག་གི་ཕ་མཁར་དུང་གི་ཀ་བ་ཡིན།། 



Thursday, February 12, 2015

ཨ་ཕྱི་རྒན་མོ་ནད་ཀྱིས་མནར་བའི་ཉིན་མོ།



དེང་སང་འཆར་ཅན་ལྟར་དུ་ཡོད་པའི་བདུན་ཕྲག་རེའི་ནང་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་དང་གཟའ་སྤེན་པ་དང་གཟའ་ལྷག་པར་སྒོམ་བྱེད་པ་སོགས་ཉིན་གསུམ་རེའི་དགེ་སྦྱོར་ཆོས་ཚོགས་ཀྱི་མཛད་རིམ་དང་། བར་གསེང་སྐབས་སུ་མི་ལ་ཐུག་འཕྲད། སྒེར་གྱི་ཁ་འདོན་སོགས་ཀྱིས་བྲེལ་ཟིང་ཧ་ཅང་ཆེ་བ་མ་ཟད་ཆོས་ཚོགས་གསར་པ་ཞིག་སྒོ་འབྱེད་བྱེད་རྒྱུའི་གྲ་སྒྲིག་སོགས་ལས་ཀ་རྣམས་དུས་ཐོག་གཅིག་ཏུ་ཁེལ་ནས་བྲེལ་ཟིང་ཧ་ཅང་ཆེ་བའི་སྐབས་ཡིན་པས་སྐབས་རེར་ཉིན་རེར་ཟ་མ་དུས་གཉིས་རེ་ལས་རག་གི་མི་འདུག
ང་ཡི་སྐྱེས་མའི་དྲིན་ཆེན་ཨ་མ་ནི་ང་བཙས་ནས་ཟླ་གསུམ་ཙམ་གོང་རིག་གནས་གསར་རྗེའི་ལས་འགུལ་ཆེན་མོའི་སྐབས་སུ་ཁ་ཟས་མེད། རྒྱབ་ཆོས་མེད་ཀྱིས་བུ་ཆུང་ང་དང་མི་འདོད་བཞིན་དུ་གསོན་བྲལ་བྱེད་དགོས་བྱུང་བ་རེད། གཏམ་དཔེར། ཕ་མེད་ན་ཨ་ཁུས་ཕ་ཚབ། མ་མེད་ན་ཨ་ཕྱིས་མ་ཚབ་ཞེས་པའི་གནའ་གཏམ་ལྟར་ཨ་ཕྱི་མ་རྒན་མོ་བཞི་ཐམས་པ་བོད་ལ་ཡོད། ཁར་ནུབ་ཨ་ཕྱི་འབྲིང་བའི་བུ་མོ་ང་ཡི་སྲིང་མོར་ཁ་པར་ཞིག་གཏང་བས་ངུ་སྐད་དམའ་བོས་འདི་ལྟར་ཟེར།

ཨ་སྦོ་ (ཨ་སྦོ་ཞེས་པ་ནི་ནང་ཆེན་པའི་ཡུལ་སྐད་ལ་གཅེན་པོའམ་ཇོ་ཇོ་ལ་གོ་དགོས། མཆན།) ནས་ཁ་པར་གཞི་ནས་གཏང་བྱུང་ང་ཚོའི་ཁྱེད་རང་ཁ་པར་ག་དུས་གཏང་ཡོང་ན་བསམ་ནས་སྒུག་བསྡད་ཡོད། ད་ལྟ་ང་ནང་ཆེན་རྫོང་མི་དམངས་སྨན་ཁང་ནང་དུ་ཨ་མ་དང་མཉམ་དུ་ཡོད། ཨ་མ་ནད་ཚབ་ལྗི་མོ་རེད་འདུག ངས་ཁ་པར་ཨ་མ་ལ་སྤྲད་ཀྱི་ཡིན་ཨ་མ་དང་མཉམ་དུ་སྐད་ཆ་ཤོད་ཟེར།
ངས་ཨ་ཕྱི་ཨ་ཕྱི་ཞེས་ཐེངས་འགའ་བོས་ཀྱང་གྲེ་སྐད་སོབ་སོབ་ཞིག་ལས་གོ་གི་མི་འདུག སྲིང་མོ་ནས་ངེད་གཉིས་བར་དུ་སྐད་བསྒྱུར་བྱས་སོང་བས་ཨ་ཕྱི་རྒན་མོ་ནས་ང་ཡིན་པ་ཧ་གོ་བའི་བརྡ་བསྟེན་གྱི་འདུག་ཟེར།
སྲིང་མོ་ནས་བཤད་ན་ཨ་མ་ཁྲག་ཤེད་ཧ་ཅང་མཐོ་དྲག་ནས་རྐང་པ་གཡས་པའི་ངར་གདོང་གི་རྩ་རྣམས་ཁྲག་གིས་འགགས་ནས་རྐང་པའི་ཤ་རྣམས་དམར་ནག་ཏུ་གྱུར་ཅིང་ཧ་ཅང་ཟུག་གཟེར་ཆེན་པོ་འདུག སྨན་པས་ཟེར་ན་རྐང་པ་གཡས་པ་མ་བཅད་ན་གསོན་པོའི་རེ་བ་མི་འདུག་ཟེར། དོ་ནུབ་རྐང་པ་བཅད་རྒྱུ་ཐག་བཅད་ཚར་འདུག ང་ནི་ལོ་གྲངས་བརྒྱད་བཅུ་གྱ་བརྒྱད་ཅན་གྱི་མ་རྒན་ཞིག་གི་ཚེ་ལྷག་ལ་བསམ་ནས་རྐང་པ་བཅད་རྒྱུར་མོས་མཐུན་དེ་ཙམ་མ་བྱུང་ཡང་དོ་བདག་ནད་པ་རང་ཉིད་དང་། མོ་མ་སྨན་པ་སོགས་མང་དག་ཞིག་ནས་ཐག་བཅད་ཚར་འདུག
ངས་ནི་ཁ་བདེ་བོ་ཙམ་མ་ཡིན་པར་ཨ་ཕྱི་རྒན་མོ་རྐང་ཆད་མར་ནད་གཡོགས་དང་ལྟ་སྐྱོང་སོགས་ཡག་པོ་བྱེད་དགོས་རབས་ལུང་པ་གང་ཙམ་བཤད།
ལོ་བཞིའི་ཡར་སྔོན་ངོས་ཀྱི་ཨ་ཕྱི་འདས་མོ་མེ་ཏོག་ལ་འཕྲོད་བསྟེན་གྱི་ཆེད་དུ་ཕན་ཕྱིར་གྱིས་ཤ་ཟ་རྒྱུ་ཉུང་དུ་ཐོངས། ཇ་གར་པོ་མ་འཐུང་། མར་དང་ཚིལ་སོགས་འཛེམས་ཞེས་བཤད་དུས་ཚུར་འདི་འདྲ་ལབ་བྱུང་། དེང་སང་ཕྲུག་གུ་རྣམས་ཀྱི་སྐུ་དྲིན་གྱིས་ཚེ་སྨད་ལ་ཤ་དང་མར་སོགས་བཟའ་རྒྱུ་རྙེད་ཙམ་བྱུང་དུས་ཤི་ནའང་དེ་རྣམས་སྤངས་ཐུབ་ས་མ་རེད་ཟེར། བོད་ཀྱི་རྒན་གོག་རྣམས་ཤ་དང་མར་བཟའ་རྒྱུ་དགའ་བོ་ཡོད་པ་ཕར་ཞོག་ཆེས་སྡུག་ཤོས་ཞིག་ལ་རྒྱ་ནག་ནས་བཟོས་པའི་ཇ་སླད་ཅན་བག་ཆུང་ངམ་སྙུག་ཇ་དེ་ཉོ་ནས་ཇ་ཁུ་ནག་པོ་ཉིན་ལྟར་གླང་རྒན་གྱིས་ཚྭ་ཆུ་འཐུང་བ་ནང་བཞིན་ཧུབ་འཐུང་བྱེད་ཀྱི་ཡོད། དེར་བསྟེན་བོད་ཀྱི་རྒན་གོག་མང་པོ་ཞིག་ཁྲག་མགོ་མཐོ་དྲག་ནས་ཤི་རྐྱེན་དུ་འགྲོ་གི་ཡོད།

དམར་པོའི་འཐོར་རླུང་ནང་གི་རྣམ་ཤེས།།
མ་བུ་གསོན་བྲལ་བྱེའུ་ཆུང་དྭ་ཕྲུག།
ངེས་མེད་ཕྱོགས་སུ་འཕུར་ལྡིང་བྱེད་དུས།།
སྡུག་གི་མུན་པ་སང་དུས་མི་འདུག།

ཡ་ཀི་མཐོང་གི་བྱ་རྒྱལ་རྒོད་པོ།།
མགྱོགས་པོ་གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ་ང་ཡི།།
དྲིན་ཅན་ཨ་མ་བཙལ་ནས་སླེབས་ཡོང་།


Friday, February 6, 2015

ཨ་རིའི་རླུང་འཕྲིན་ཁང་ལ་ཁ་བརྡ་བྱས་པའི་ཉིན་མོ།


རྒྱུན་འདོན་རྣམས་གྲུབ་མ་ཐག་ཞོགས་ཟས་མདོར་བསྡུས་ཞིག་ལ་རོལ་བཞིན་པའི་སྐབས་སུ་ཟུར་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཨ་རིའི་རླུང་འཕྲིན་ཁང་ནང་ཆོས་ཀྱི་སྡེ་ཚན་མདོ་འཛིན་པ་ཨ་མ་ཀུན་བཟང་སྒྲོལ་མ་རེད་འདུག དེ་ནི་ཉེ་སྔོན་དུས་ཆད་བྱས་པ་ནང་བཞིན་རླུང་འཕྲིན་ཁང་དུ་བར་དོ་དྲུག་གི་ངོ་སྤྲོད་བྱེད་རྒྱུའི་ལས་ཆར་ཡོད་པ་དེའི་སྐོར་རེད་འདུག་ཨ་རིའི་རླུང་འཕྲིན་ཁང་འདིའི་ནང་དུ་ནང་ཆོས་ངོ་སྤྲོད་དང་། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་སོགས་བྱས་ནས་ད་རེས་འདི་ཐེངས་མ་བཞི་པ་དེ་ཡིན། ལར་ནི་བཙན་བྱོལ་བོད་པའི་སྤྱི་ཚོགས་མ་ཡན་ལག་དང་བཅས་ས་གནས་གང་དུ་ཡོད་ཀྱང་ལས་བྱེད་རྣམས་ལ་ཆེད་ལས་པའི་སློབ་སྦྱོང་མཐར་ཕྱིན་ནས་ལས་ཀ་བྱེད་མཁན་ནི་ཉིན་མོའི་སྐར་མ་ལྟར་དུ་རེད་འདུག དེ་ལ་རྒྱུ་མཚན་གཉིས་འདུག གཅིག་ནི་ཆེད་ལས་པའི་སློབ་སྦྱོང་བྱེད་མཁན་དཀོན་པ་དང་། གལ་སྲིད་ཆེད་ལས་པ་རེ་ཟུང་ཡོད་ཀྱང་གླ་ཕོག་གང་ཆེར་བལྟ་ནས་རྒྱལ་ཁབ་གཞན་ཞིག་ནང་དུ་ལས་ཀ་དོན་དུ་གཉེར་བ་ལས་རང་གཞུང་རྐུབ་སྟེག་གས་ཆགས་སུ་སོང་བ་འདིའི་སྟེང་འདུག་མི་ཐུབ་པ་དེ་རེད། 

དེ་རིང་གི་ནང་ཆོས་མདོ་འཛིན་པ་ཨ་མ་ཀུན་བཟང་དབང་མོ་ལའང་སྤྱིར་བོད་པའི་བུད་མེད་དཀྱུས་མའི་ཤེས་ཡོན་ལས་ནང་ཆོས་ལ་ཟླ་གཅིག་རིང་སློབ་སྦྱོང་བྱེད་མྱོང་མེད་པ་ཞིག་ཡིན་པ་ནི་སྐད་ཆ་དང་པོའི་སྐབས་སུ་ནས་ཤེས་བྱུང་། དྲི་མཁན་མེད་ན་བཤད་མཁན་ཁྱི་དང་འདྲ་ཞེས་པའི་དཔེ་ལྟར་དུ་དང་པོ་འདྲི་བ་འདོན་མཁན་ནས་ཡག་པོ་མ་བྱུང་ན་ལན་སྟེར་མཁན་གྱི་གོ་རིམ་འཁྲུགས་པ་དང་། གྲ་སྒྲིག་ནོར་བ་སོགས་དྲིས་ལན་རྣག་ཐོག་རྩ་ཁེལ་མི་ཡོང་བ་ནི་ཆོས་ཉིད་ཡིན། འོན་ཀྱང་ལྷག་བསམ་ཅན་གྱི་ཨ་མ་ཀུན་བཟང་དབང་མོའི་འདོད་པ་ལྟར་ངེད་གཉིས་ནས་བར་དོ་དྲུག་སྐོར་འགྲེལ་བཤད་སྐར་མ་སུམ་བཅུ་ཙམ་གྱི་རིང་བྱས་ནས་མོ་རང་མངོན་འདོད་ཡོངས་སུ་བཀང་། 

གསན་འདོད་ཡོད་ན་དྲྭ་ཚིག་འདིར་བཀོད་ཡོད། 
ལེའུ་ཚན་དང་པོ། 
ལེའུ་ཚན་གཉིས་པ།


Tuesday, February 3, 2015

རླུང་རྟ་དར་བའི་ཉིན་མོ།


དེ་རིང་གི་ཉིན་མོ་འདི་ནི་བསམ་དོན་ལྷུན་འགྲུབ་ཀྱི་ཉིན་མོ་ཡིན་ཞེས་བཤད་ཀྱང་མི་ཆོག་རྒྱུ་གང་ཡང་མེད། 
༢༠༡༠་ནས་བཟུང་ད་བར་ཨ་རིའི་ལུང་པ་འདིའི་ནང་དུ་གང་སར་ཁྱི་སྡོམ་བཞིན་འཁྱམས་ཉུལ་བྱས་ནས་ཕལ་ཆེར་མི་ལོ་ལྔ་ཙམ་འགྲོ་སོང་། ད་ལྟ་ང་འདུག་སའི་ས་གནས་འདིར་གནམ་གཤིས་དང་ཁོར་ཡུག་སོགས་ལེགས་པའི་ཆ་མང་པོར་བསམ་ནས་ར་རྒན་གད་བཅར་གྱི་ཚུལ་དུ་ཨུ་ཚུག་རྒྱབ་ནས་བསྡད། ལར་ས་གནས་འདིར་འབྱོར་ལྡན་སྐད་གྲགས་ཅན་རྣམས་ལྷོད་དལ་བྱེད་ནས་འདུག་ས་ཞིག་ལས་ང་འདྲ་བ་སྔུན་ནས་བསུ་མ་དང་། རྒྱབ་ནས་སྐྱོར་མཁན་གང་ཡང་མེད་པའི་ལས་མེད་གྲྭ་རྐྱང་དཀྱུས་མ་ཞིག་འདུག་ས་གཏན་ནས་མ་རེད། ཡིན་ནའང་ཐུད་སྣུམ་པ་མར་གྱི་སྐུ་དྲིན་གྱི་དཔེ་ལྟར་ནང་ཆོས་རིག་གཞུང་ཟབ་མོ་འདིའི་ཐུགས་རྗེའི་སྐུ་དྲིན་གྱིས་གནས་གང་དུ་སོང་ཡང་ཕ་ཡུལ་དང་། གྲོགས་སུ་དང་འགྲོགས་ཀྱང་ཕུ་ནུ་ནང་བཞིན་ཀུན་གྱིས་དགའ་བོ་བྱེད་ཀྱི་འདུག། མ་ཟད་ངོས་ཀྱི་ཐོག་མཐའ་བར་གསུམ་དུ་འབྱོར་ལྡན་སྦྱིན་བདག་བཀའ་དྲིན་ཅན་རྡེའུ་ར་ནས་འདི་ལོར་ཁྱེད་རང་གི་དམིས་ཡུལ་གང་ཡིན་ཅེས་དྲིས་བྱུང་བས་ངས་ས་གནས་འདིར་ཆོས་ཚོགས་མ་ཆུང་བ་ཞིག་དགོས་ཞེས་བཤད། དེ་རིང་ངོས་ཀྱི་བཀྲ་ཤིས་པའི་བླ་གཟའི་ཉིན་མོ་དང་མ་ཟད་བོད་ཚེས་བཅོ་ལྔའི་ཉིན་མོ་འདིར་ཞོགས་པ་ཆུ་ཚོད་དགུ་པའི་སྐབས་སུ་རྗེའུ་མེར་ནས་སྒོ་རྡུང་སོང་། སྒོ་ཕྱེས་པའི་སྐབས་སུ་ལག་ཏུ་ཤོག་ཁུག་ཞིག་ཁྱེད་རང་གི་སྦྱིན་བདག་རྡེའུ་ར་ནས་གཏངས་བྱུང་ཟེར་ནས་སྤྲད་བྱུང་། ངས་བློ་བུར་དུ་ཤོག་ཁུག་ཁ་ཕྱེས་དུས་ནང་དུ་ཨ་སྒོར་་་་་་་་་་་་་་་་་་་་་་་་་་་་་་་་ཞིག་གི་དངུལ་འཛིན་འདུག། ང་རྩིས་རིགས་ལ་སློབ་སྦྱོང་གཏན་ནས་མེད་པས་བློ་བུར་དུ་ཀླད་ཀོར་གྲངས་ཀ་ག་ཚོད་ཡོད་མེད་ཡང་བལྟ་ཞིག་བྱས་དུས་ཧ་ལས་སོང་།  

བླ་མར་དགོས་པའི་ཐུགས་རྗེ་བྱིན་རླབས་མེད།། 
མཛེས་མར་དགོས་པའི་གཟུགས་དང་རྣམ་པ་མེད།། 
དྲང་བདེན་ཐོད་དུ་བཅིངས་པའི་སྐུ་དྲིན་གྱིས།། 
དེ་རིང་སྐྱིད་པའི་ཉི་མ་ཀླད་ནས་ཤར།།  

བླ་ཆེན་རྣམས་ཀྱིས་ང་ལ་རྒྱབ་སྐྱོར་མེད།།
མི་དཔོན་རྣམས་ལ་ལྟག་སྒོ་ངས་མི་ཤེས།། 
ལས་འབྲས་པང་དུ་བླངས་པའི་སྐུ་དྲིན་གྱིས།། 
དེ་རིང་སྐྱིད་པའི་ཉི་མ་ཀླད་ནས་ཤར།།

མཐོན་པོའི་ངོ་དགའ་སྤྲེལ་ལད་ངས་མི་ཤེས།། 
ཉམ་ཆུང་དམན་ལ་སྡང་མིག་མ་བགྲད་པ།། 
ཀུན་ལ་ཡ་རབས་བྱས་པའི་དན་རྟགས་ཀྱིས།། 
དེ་རིང་སྐྱིད་པའི་ཉི་མ་ཀླད་ནས་ཤར།། 

སུམ་རྩེགས་རྒྱ་ཕིག་ཅན་གྱི་དགོན་བདག་མིན།།
སློབ་ཚོགས་སྟོང་ཚོའི་བདག་པོ་དེ་བས་མིན།། 
ཉམ་ཆུང་ཞི་དུལ་སྤྱོད་པའི་ལག་རྗེས་ཀྱིས།། 
དེ་རིང་སྐྱིད་པའི་ཉི་མ་ཀླད་ནས་ཤར།། 

Saturday, January 24, 2015

གྲོགས་པོའི་ནང་དུ་མོག་མོག་ཟོས་པའི་ཉིན་མོ།

ཞིམ་པོའི་མོག་མོག་ལ་མཉམ་རོལ་བྱེད་བཞིན་པ།
དེ་རིང་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཐག་ཉེར་ཡོད་པའི་ངོས་ཀྱི་བོད་པའི་གྲོགས་པོ་གསར་པ་བུ་བསྟན་འཛིན་ནམ་མཁའི་ནང་དུ་མགྲོན་འབོད་ལྟར་ཨ་མ་སུས་སིན་ངེད་གཉིས་དགོང་ཟས་ལ་མཉམ་དུ་སོང་། ང་ཐོག་མར་འདིར་འབྱོར་སྐབས་ས་གནས་འདིར་བོད་པའི་བུད་མེད་ཀུན་བཟང་དང་ཆོས་འཛིན་གཉིས་ཡོད། ང་ཚོ་གསུམ་དུས་ཚོད་ནམ་ཁོམས་ལ་མཉམ་འཛོམས་བྱེད་ནས་ཕ་ཟས་དང་ཕ་སྐད་གཙང་མར་མཉམ་རོལ་བྱེད་རྒྱུའི་གོ་སྐབས་མི་ཉུང་བ་ཞིག་བྱུང་། མ་ཟད་ཐུན་མིན་བོད་པའི་སྲོལ་རྒྱུན་ལོ་གསར་དང་། རྒྱལ་བའི་འཁྲུངས་སྐར། སུམ་བཅུ་དུས་དྲན་སོགས་ལོ་ལྟར་རེ་ཞིག་ངེད་གསུམ་ནས་མཉམ་རུབ་ཀྱིས་ངོས་ཀྱི་དགེ་ཕྲུག་དབྱིན་ཇི་རྣམས་དང་ལྷན་སྲུང་གཙི་བྱེད་ཀྱི་ཡོད། ཆེས་ཐབས་སྡུག་ཞིག་ལ་ཁོང་གཉིས་ལས་ཀ་རག་མིན་གྱི་རྐྱེན་བྱས་ནས་ན་ནིང་ནས་བཟུང་སྟེ་ས་གནས་གཞན་ལ་སྤོ་དགོས་བྱུང་། དེ་ནས་བཟུང་སྟེ་ས་གནས་འདིར་སྐྱིད་སྡུག་གི་སྐད་ཆ་བཤད་ས་བོད་རིགས་སྤུན་ཟླ་གང་ཡང་མེད་པར་གྲོགས་མེད་གཅིག་པུར་ལྷག། སྟབས་ལེགས་པ་ཞིག་ལ་ཉེ་བའི་ཆར་བལ་ཡུལ་ལ་སྐྱེ་ཚར་བྱུང་ཞིང་ཕ་ཡུལ་ཁམས་ནས་ཡིན་པའི་བོད་པའི་མི་ཚང་ཞིག་ས་གནས་འདིར་སྤོས་འདུག། དོ་ནུབ་ཁོང་ཚང་དུ་མགྲོན་པོ་ལ་ཡོང་བས་ངོས་ཀྱི་ཟ་མ་དགའ་ཤོས་མོག་མོག་མང་པོ་ཞིག་བཟོས་བྱུང་།ངས་ནི་ངོ་ཚ་མེད་པར་གླང་རྒན་ཚྭ་ཆུ་དང་འཕྲད་པ་ནང་བཞིན་མོག་མོག་བཅོ་ལྔ་ཐམ་པ་ཧབ་ཟོས་བྱས། ངོས་ཀྱི་རླངས་འཁོར་ཁ་ལོ་བ་ཨ་མ་སུས་སིན་ང་ལ་བལྟ་བཞིན་ཧ་ལས་ཧོན་འཐོར་སོང་། ང་ནི་ནམ་རྒྱུན་ས་ཆ་གང་དུ་སོང་ཡང་བོད་པ་དང་འབྲེལ་བ་བྱེད་པ་མ་ཟད་ས་མཐའ་འདི་འདྲ་ཞིག་ནས་བོད་རིགས་ཞིག་ཐུག་ན་ནམ་རྒྱུན་ནང་མི་སྤུན་མཆེད་དཀྱུས་མ་ཞིག་ལས་ལྷག་པའི་ཚོར་བ་འདུག གང་ལྟར་དེ་རིང་གི་བོད་པའི་མི་ཚང་དེ་ཧ་ཅང་ཡ་རབས་ཆོས་དང་རིག་གཞུང་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་རེད་འདུག དགོང་ཟས་ཚར་བ་དང་མཉམ་དུ་ཡོང་ལ་ཉེ་བའི་སུམ་བཅུའི་དུས་དྲན་དང་། བོད་ཀྱི་ལོ་གསར་སོགས་ལ་མཉམ་འཛོམས་བྱེད་རྒྱུ་ཐག་ཁྲིགས་སེ་བཅད། 

ལྟ་སྤྱོད་མཐུན་པའི་བོད་པ་སྣ་ལེབ་དང་།། 

བྲོ་བ་ཅན་གྱི་བོད་ཟས་མོག་མོག་གཉིས།། 
བོད་རིགས་ཡོངས་ལ་མཛེས་མིན་མི་ཤེས་ཀྱང་།།
ས་མཐའི་བན་རྒན་ང་ལ་རྒྱན་དུ་ཆེ།། 

མཉམ་དུ་འཛོམས་དུས་ཧབ་བགད་ཀུ་རེ་དང་།། 

རིག་གཞུང་ལ་རྒྱ་ཆོས་སྲིད་བགྲོ་གླེང་འདི།། 
ན་གཞོན་རྣམས་ལ་ཨི་འཐད་མི་ཤེས་ཀྱང་།། 
ལ་རྒྱའི་བདག་པོ་ང་ལ་རྒྱན་དུ་ཆེ།། 

མཆོད་གཤམས་མདུན་ནས་གུས་ཕྱག་འཚལ་བ་དང་།། 

ཟས་ཀྱི་གོང་དུ་མཆོད་པ་འབུལ་བ་སོགས། 
བཅོལ་ཆུང་གཞོན་སྐྱེས་འགའ་ལ་མི་མཚར་ཀྱང་།། 
ཕྱི་མའི་བདག་པོ་ང་ལ་རྒྱན་དུ་ཆེ།། 


Tuesday, January 20, 2015

ཡང་སྐྱར་སོ་ནད་སྨན་ཁང་ལ་སོང་བའི་ཉིན་མོ།

སོ་ནད་སྨན་ཁང་ནང་ནས་ཁ་ནམ་མཁར་གདངས་བཞིན་པ། 
སྔ་ནས་དུས་ཆད་བྱས་པ་ནང་བཞིན་དེ་རིང་ཆོས་ཚོགས་ཀྱི་འགན་འཛིན་ཧེའི་ཌེའི་དང་མཉམ་དུ་སོ་ནད་སྨན་ཁང་ལ་སོང་། འགྲམ་ཕུགས་ཡ་རྐན་ཐོག་ནས་སོ་ལྷག་ཞིག་སྐྱེས་ནས་ཟླ་ཤས་ཡིན་ཀྱང་ན་ནིང་སོ་བཀོག་པའི་ན་ཟུག་དེར་བསམ་ནས་མི་གཅིག་ཀྱང་ལ་བཤད་མ་ཕོད་ནས་སྡུག་སྲན་བྱས། ཡིན་ནའང་ཉིན་ལྟར་ཟ་མ་ཟོས་གྲངས་ལ་ན་ཚ་དང་ཕན་ལས་གནོད་ཆེ་བ་བོད་ཀྱི་གཏམ་དཔེར། ཕན་ཐོག་མེད་ན་ཁ་ནང་གི་སོ་ཡིན་ཀྱང་བཀོག་ནས་གཡུགས། ཞེས་པའི་དཔེ་དེ་ད་རེས་ངོས་ཀྱི་སོ་ཡི་དོན་ཐོག་ཏུ་ཁེལ་བས་བློ་ཁོག་ཆེན་པོའི་ཐོག་ནས་ཡང་སྐྱར་སོ་ལྷག་གཉིས་པ་དེ་ཡང་བཀོག་ནས་གཡུགས་རྒྱུ་བྱས། སོ་ནད་སྨན་ཁང་དུ་རྒྱ་གར་བུ་མོ་སྨན་པ་དེས་སོ་འགྲམ་གྱི་རྐན་རྩར་སྦྲིད་སྨན་རྒྱབ་ནས་སྐར་མ་བཅུ་ཙམ་ནང་ནས་ཕན་ཐོག་མེད་པའི་སོ་ལྷག་དེ་དམར་རྩ་རེ་བཏོན་སོང་། 
ན་ནིང་ད་ཚོད་འགྲམ་པ་གཡོན་མའི་མ་སོའི་འགྲམ་ཕུགས་ནས་ཀྱང་སོ་ལྷག་ཞིག་བཀོག་དགོས་བྱུང་། མི་རྣམས་ཀྱིས་ཟེར་ན་དེ་ནི་རྫོགས་སོའམ་ཤེས་རབ་ཀྱི་སོ་རེད་ཟེར་ངས་གོ་ཚུལ་བྱས་ན་རྫོགས་སོ་ནི་ན་སོ་དར་བབས་ལོ་གྲངས་ཉི་ཤུ་ནས་ཉེར་ལྔའི་བར་ལ་སྐྱེ་སྲོལ་ཡོད་སྐད། ང་བན་རྒན་ལ་ད་དུང་རྫོགས་རྒྱུ་མེད་པའི་རྫོགས་སོ་ཞིག་ཡིན་ན་དེ་ནི་ཡ་མཚན་རེད། ན་ནིང་གི་སོ་ནི་ངོས་ཀྱི་དགེ་ཕྲུག་ཕ་ཡུལ་ཉི་ཧོང་ནས་ཡིན་པའི་དད་ལྡན་མ་ཨ་མ་སུས་སིན་ནམ་ཆོས་མིང་དུ་ཀུན་བཟང་དབང་མོ་ནས་ཁུར་སོང་། དེང་སང་གསེར་གྱི་ལུང་ཐག་དང་དངུལ་གྱི་གབ་ཚེས་རྒྱན་པའི་སྐེ་འདོགས་སྙིང་རྗེ་མོ་ཞིག་བཟོས་ནས་མགུལ་ལ་བཏགས་འདུག། དེ་རིང་གི་སོ་ལྷག་འདི་ནི་ངོས་ཀྱི་དགེ་ཕྲུག་ཕ་ཡུལ་ཀོའུ་ལམ་བྷི་ནས་ཡིན་པ་དད་ལྡན་མ་ཨེའུ་སེའི་མེའུར་རྡའམ་ཆོས་མིང་དུ་ཀརྨ་ཆོས་སྒྲོན་ནས་ནན་ཏན་གྱིས་མངག་བཅོལ་བྱས་པ་བཞིན་མོ་རང་གི་ཆེད་དུ་ཉར་ཚག་དམ་པོ་བྱས། 
སློབ་མས་རང་གི་རྩ་བའི་བླ་མའི་སོ་དང་ན་བཟའ་དབུ་སྐྲ་སོགས་དད་པའི་རྟེན་དུ་ཉར་བ་ནི་བོད་ལུགས་ཙམ་མ་ཡིན་པར་ཉི་ཧོང་དང་། ཀོའུ་ལམ་བྷི་སོགས་ལའང་དར་སྲོལ་ཡོད་པར་སྣང་། 

སོ་ལྷག་ན་ཟུག་འདི་ཡི་སྡུག་གྱོང་ནི།། 

མྱོང་མཁན་ང་རང་མིན་པས་ཤེས་ས་མེད།། 
ཕན་ཐོག་མེད་པའི་ཁ་ནང་རུས་དུམ་འདི།། 
དད་ལྡན་སློབ་མའི་མགུལ་གྱི་རྒྱན་དུ་མཛེས།། 




Sunday, January 18, 2015

མཚོ་འགྲམ་ཉུལ་བའི་ཉིན་མོ།

མཚོ་འགྲམ་ནས་བསྟན་འཛིན་ནམ་མཁའ་དང་ལྷན་དུ།།
ཉིན་མོ་འདི་ནི་ནམ་མཁའ་རུ་གནམ་གཤིས་བཟང་ཞིང་སྤྲིན་དཀར་གྱི་བླ་བྲེའི་བྲེས་པ། ས་གཞིར་ཉི་འོད་འཕྲོ་ཞིང་འགྲོ་ལ་བདེ་སྐྱིད་ཀྱི་སྣང་བ་སྟེར་བ། བར་དུ་རྐང་གཉིས་ཀྱི་མི་རྣམས་སྔོ་སངས་ཀྱིས་འཁྱིལ་བའི་རྒྱ་མཚོའི་འགྲམ་དུ་གླུ་གར་ལ་རོལ་བ་གང་ལྟར་མ་བཀོད་རང་བྱུང་གིས་ལྷུན་གྱིས་གྲུབ་པའི་མི་ཡུལ་གྱི་བདེ་ཆེན་ཞིང་གཉིས་པ་སྟེ། ཞོགས་ཟས་ཚར་མ་ཐག་ཏུ་དེ་རིང་ང་ཡང་རྒྱ་མཚོའི་འགྲམ་དུ་སྤྲོ་སྐྱིད་ལ་འགྲོ་རྒྱུ་སེམས་ཐག་བཅད། གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཟུར་དུ་ཡོད་པའི་བོད་རིགས་སྤུན་ཟླ་བསྟན་འཛིན་ནམ་མཁའ་ལགས་རེད། ཁོང་ང་དང་འཕྲད་དགོས་ཚུལ་གསུངས་པས་རྒྱ་མཚོའི་འགྲམ་དུ་ཐུག་རྒྱུའི་དུས་ཆད་བྱས་ནས་ངེད་གཉིས་རྒྱ་མཚོའི་འགྲམ་ལ་མཉམ་དུ་སྤྲོ་སེང་ལ་སོང་། ངེད་གཉིས་ནས་དེ་རིང་གནམ་གཤིས་དེ་ཡག་རབ། ས་ཆ་དེ་སྐྱིད་རབ། མཁའ་ཀླུང་དེ་གཙང་རབ། ང་ཚོ་བསོད་ནམས་ཆེ་རབ་སོགས་གང་དྲན་ཁ་བརྡ་བྱེད་བཞིན་མཚོ་ངོགས་སུ་ཆུ་ཚོད་གསུམ་ཙམ་རིང་འཁྱམས་ཉུལ་བྱས་པས་དཔེ་མེད་སྐྱིད་པོ་བྱུང་། དེ་རིང་ནི་རེས་གཟའ་སྤེན་པའི་གུང་སེང་ཡིན་སྟབས་མཚོ་འགྲམ་དུ་མི་རྣམས་ནི་དབྱར་ཀའི་གྲོག་ཚང་ཁ་རྡོལ་བ་ནང་བཞིན་རེད་འདུག བུད་མེད་གཞོན་ནུ་མ་རྣམས་ནས་མཚོ་ངོགས་སུ་གསང་ཁེབ་དང་ནུ་ཤུབས་ཙམ་ལས་གང་ཡང་མེད་པར་བརླ་ཤ་དང་གཟུགས་ངོམས་བྱེད་ནས་ཤྭ་བའི་འགྱིང་འགྲོས་ལྟར་ཡར་འགྲོ་མར་འགྲོ་བྱེད་བཞིན་པ་འགའ་རེ་མཐོང་རྒྱུ་འདུག། ཁ་ཤས་ནི་སྲོག་བྲལ་བེམ་པོ་བཞིན་དུ་བྱེ་མའི་ནང་དུ་ཧྲེང་ཉལ་བྱེད་བཞིན་འདུག 
གང་ལྟར་དེ་རིང་གི་དུས་ཚོད་ཡོངས་རྫོགས་གྲོགས་པོ་བསྟན་འཛིན་ནམ་མཁའ་དང་ལྷན་མཚོ་འགྲམ་དུ་གཏངས་ནས་དགོང་མོ་ནང་དུ་འབྱོར་ཐུབ་ཙམ་བྱུང་།

འཁོར་བའི་རང་བཞིན་སྡུག་བསྔལ་ཡིན་རབ་ལོ།། 

དེ་ནི་ཁྱབ་པ་འདུ་བྱེད་སྡུག་བསྔལ་ལ།། 
དགོངས་ནས་གསུངས་པ་ཙམ་ལས་ཐུན་མོང་གི། 
དབང་ལྔའི་བདེ་བ་འདི་ལ་སུ་ཡིས་སྙོན།། 

མ་ཀི་མཚོ་འགྲམ་ཉུལ་བའི་ལུས་བདེ་དང་།།

ཡ་ཀི་ཞིང་ཁམས་ཉུལ་བའི་སེམས་བདེ་གཉིས།། 
ལུས་སེམས་གཉིས་ཀྱི་བདེ་བའི་ཁྱད་པར་ལས།། 
སྡུག་བསྔལ་ཡིན་ཅེས་སུ་ཡིས་ཁ་ཚོན་གཅོད།།