Monday, December 12, 2011

གཟའ་ཟླ་བའི་འོད་དཔག་ཉམས་ལེན།

སངས་རྒྱས་འོད་དཔག་མེད་ཀྱི་ཐང་ག
གཟའ་ཟླ་བའི་འཆར་ཅན་གྱི་ཉིན་མོ་འདི་ནི་ངོས་ཀྱི་དགེ་ཕྲུག་རྣམས་དང་ལྷན་འོད་དཔག་གི་ཉམས་ལེན་བྱེད་རྒྱུའི་གོ་སྐབས་ཡོད་པ་འདི་ནི་ངོས་ལ་ལྟོས་ན་ཆེས་བསྐལ་པ་བཟང་པོའི་ཉིན་མོ་ཞིག་ཀྱང་ཡིན། ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་ལངས་ནས་ཁ་འདོན་ལ་བྲེལ། འོག་ཤོད་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་སྟབས་བདེ་ཞིག་ལ་རོལ་ནས། དེ་རིང་གཟའ་ཟླ་བའི་འོད་དཔག་མེད་ཉམས་ལེན་བྱེད་པའི་དུས་ཚིགས་ཁྱད་པར་ཅན་དེར་ལྷགས་སྐྱོབ་ཀྱི་ཆེད་དུ་བཞག་ནས་ཟླ་གཅིག་ལྷག་སོང་བའི་རིང་མིན་ཐུང་མིན་གྱི་སྐྲ་དེ་རྩ་བ་ནས་བཅད་ནས་ཁྲུས་ཁང་དུ་སོང་ནས་གཟུགས་པོ་བཀྲུས། ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་སྐད་བསྒྱུར་བྱམས་པ་མཐར་ཕྱིན་ལགས་རེད་འདུག ཁོང་ནས་སང་ཉིན་བདེ་ཆེན་ཞིང་སྒྲུབ་ལ་ཡོང་གི་ཡིན་གསུངས་སོང་། དེ་ནི་ངོས་ལ་ཟོས་ས་ནས་ཕྲུག་པའི་ཆེས་གཏམ་བཟང་ཞིག་ཡིན། གང་ཡིན་ཞེ་ན་ངོས་ཀྱི་སློབ་མ་རྣམས་ཀྱི་རེ་འདོད་ལྟར་བདེ་ཆེན་ཞིང་སྒྲུབ་མ་འཚོགས་པའི་སྔོན་ནས་ངོས་ཀྱི་དབྱིན་ཇིའི་གོབ་ཏོ་དེ་བེད་སྤྱོད་བྱེད་ནས་འཆར་ཅན་གྱི་ཀུན་སློང་བཅོས་སྟངས་སྐོར་བཤད་དགོས་པ་དེ་རེད། ཡང་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་པོར་ལེན་ནས་ཡིན་པའི་ངོས་ཀྱི་དགེ་ཕྲུག་ཤེས་རབ་སྐལ་ལྡན་ཁོང་རེད། ཁོང་ནི་འདི་ལོར་རྡོར་གདན་དུས་འཁོར་དབང་ཆེན་ལ་འགྲོ་གི་ཡིན་ཟེར། དེ་དང་བསྟུན་ནས་དེ་སྔོན་ང་ས་ནས་སྔོན་འགྲོ་འབུམ་བཞིའི་གསུང་ཆོས་ལས་ཕྱག་སྐོར་ཚར་ཡོད་པའི་སྐད་ཆ་རེད་ད་རེས་ཁོང་ནས་རྡོ་རྗེ་གདན་དུ་ཕྱག་འབུམ་གཅིག་འཚལ་ཨི་ཐུབ་ལྟ་གི་ཡིན་གསུངས་སོང་། ངས་ཀྱང་དེ་ཧ་ཅང་ཡག་པོ་འདུག་ཞེས་ཡི་རངས་བྱས་པ་ཡིན། ཁོང་ནས་དེང་སང་ངོས་གྱི་ཉིན་ཐོ་བཀློག་གི་ཡོད་གསུང་བྱུང་། དེ་ནས་ངོས་ཀྱི་རླངས་འཁོར་གྱི་ཁ་ལོ་བ་སུ་སིན་ཆུ་ཚོད་དྲུག་པའི་སྐབས་སུ་འབྱོར་བྱུང་བས་ཤར་རྒྱག་བདེ་ཆེན་ཞིང་སྒྲུབ་འཚོགས་སར་སོང་། སུ་སིན་ནས་མོག་མོག་བཟོས་ནས་ཁུར་འདུག་སྟབས་རླངས་འཁོར་ནང་ནས་ཟ་བཞིན་པའི་སྐབས་སུ་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཉི་ཡོག་ལ་ཡོད་པའི་བལ་ཡུལ་ཚོང་པ་རྣམ་རྒྱལ་ལགས་རེད་འདུག ཁོང་ནི་འདི་ལོ་ངོས་ཀྱི་འོད་སྡེར་འཁོར་ཐག་བརྒྱ་ཐམ་པའི་སྦྱིན་བདག་གནང་བ་མ་ཟད། ལོ་རྗེས་མའི་ཉི་ཡོག་ས་གནས་སུ་བོད་པ་ལ་བདེ་ཆེན་ཞིང་སྒྲུབ་འཚོགས་པའི་སྐབས་སུ་སྦྱིན་བདག་ཀྱང་བྱེད་རྒྱུ་ཁས་ལེན་བྱས་ཚར། ཁོང་ནས་གསུངས་ན་ལོ་རྗེས་མའི་གསུང་ཆོས་སྐབས་སུ་འགྲོ་སོང་དང་ཁང་གླ་ཚང་མ་ཁོ་རང་ནས་སྦྱིན་བདག་བྱེད་ཀྱི་ཡིན་སེམས་ཁྲལ་གཏན་ནས་མི་དགོས་ཞེས་གསུངས་སོང་། དེ་ནས་འཚོགས་ཁང་ནང་དུ་འབྱོེར་བྱུང་བས་མི་བཅོ་ལྔ་ཙམ་གྱིས་སྒུག་འདུག དེ་ནས་ཕྱག་གསུམ་དང་ལྷན་གདན་དུ་འཁོད་ནས་ངོས་གནས་སྐབས་ཟླ་བ་གཉིས་ཙམ་ཉི་ཡོག་དང་། བྷོ་སི་ཊོན། ཀི་ནི་རི་ཀི་ཊ། པོར་ལེན་སོགས་ལ་སོང་བའི་ལོ་རྒྱུས་དབྱིན་ཇི་གོབ་ཏོ་དེ་སྐྱོན་ནས་སྐད་ཆ་མདོར་བསྡུས་ཞིག་བྱས་ནས། ཆོས་བཤད་ཀྱི་མགོ་འཛུགས་བྱས། དེ་རིང་གི་ཆོས་བཤད་རུ་ཆོས་ཀྱིས་རང་བརྒྱུད་འདུལ་དགོས་སྟངས་དང་རང་རྒྱུད་འདུལ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆགས་དགོས་སྐོར། གལ་སྲིད་དེ་འདྲ་ཞིག་མ་བྱུང་ནའང་ལུས་རྟེན་འདི་ཡི་ཐོག་ནས་སེམས་ཅན་གཞན་ལ་གནོད་པའི་ལས་མི་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་མདོར་བསྡུས་ཞིག་སྐད་བསྒྱུར་བརྒྱུད་ནས་བཤད། དེ་ནས་གནམ་ཆོས་འོད་དཔག་ཆོ་ག་ཉིད་འདུར་དབྱངས་ཀྱི་རྟ་ལ་སྐྱོན་ནས་ཆུ་ཚོད་གཅིག་ནང་ཚར་བར་བྱས། དེ་ནས་ཆོས་ཚོགས་ཀྱི་དངུལ་གཉེར་ཆོས་མིང་དུ་པདྨ་སྒྲོལ་མ། ཡུལ་མིང་དུ་སི་ཊ་ཧྥི་ནེས་ནས་ཟླ་བ་གཅིག་གི་ཚོགས་མི་རྣམས་ཀྱིས་ཟླ་རེར་ཨ་སྒོར་ཉི་ཤུ་རེ་བསྡུ་དགོས་པའི་དངུལ་རྣམས་དེ་རིང་བསྡུ་དགོས་སྐོར་གསུང་སོང་། ངོས་ཀྱི་སློབ་མ་རྣམས་ནས་ཆོས་བཤད་དང་ཚོགས་པ་ཚར་བའི་སྐབས་སུ་ལག་ཏུ་ཤོག་ཁུག་ནང་དུ་མང་ཉུང་ལ་མ་གཏོས་པར་དངུལ་དང་ཁ་གཏགས་བཅས་ཨེ་ཤའི་དད་ལྡན་རྣམས་ཀྱི་ལུགས་སྲོལ་ལྟར་བང་བསྒྲིག་པ་འདི་ངོས་རང་ལ་མ་བདེ་བ་ཞིག་འདུག གང་ཡིན་ཞེ་ན་བདུན་ཕྲག་རེ་རེའི་ནང་དུ་འཚོགས་པ་རེ་འཆར་ཅན་ལྟར་ཡོད་པས་རྟག་པར་དེ་འདྲ་བྱེད་འདུག་སྐབས་ངོས་ལ་འཚེར་སྣང་འདྲ་ཞིག་འདུག དེ་ནས་ཕན་ཚུན་གྱེས་བྲལ་གྱི་ལག་འཇུ་དང་འཐམས་འཁྱུད། ཕྱག་རྒྱ་སོགས་བྱེད་བཞིན་རང་རང་སོ་སོའི་གནས་སུ་བདེ་བར་སོང་། སུ་སིན་ངེད་གཉིས་ཀྱང་རླངས་འཁོར་ཁ་མོ་རི་ན་སོགས་སུ་བསྒྱུར་ནས་གློག་འཁྱུག་པ་བཞིན་དུ་ནང་དུ་འབྱོར། ཐོག་ཁར་ཡོངས་ནས་ཟིན་བྲིས་ཀྱི་ལས་ལ་ཞུགས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Sunday, December 11, 2011

རྗེའུ་ཧྥུ་དང་མཉམ་དུ་དགོང་ཟས་ཟོས་པའི་ཉིན་མོ།

མི་རིགས་འདྲ་མིན་དང་ལྷན་ཁ་ལག་བཟའ་བཞིན་པའི་སྐབས་སུ། 
ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་རྨི་ལམ་ཞིག་གིས་རྐྱེན་ཡར་ལངས་ནས་ཁྲུས་ཁང་ནང་དུ་སོང་ནས་ངོ་གདོང་སོགས་གཙང་མ་བྱས་ནས་ནམ་རྒྱུན་ཁ་འདོན་རྣམས་ཚར་བར་བྱས། དེ་ནས་འོག་ཤོད་དུ་སོང་ནས་ཞོགས་ཟས་མདོར་བསྡུས་ཞིག་ཟོས་ནས་གཟུགས་པོ་སྦྱོང་བརྡར་སྐར་མ་སུམ་ཅུ་ཙམ་བྱས་ནས་སུ་སིན་ལ་ཁ་པར་ཞིག་གཏང་། དེ་ནི་དེ་རིང་རྗེའུ་ཧྥུའི་མཉམ་དུ་དགུང་ཟས་དེ་ཡིན་པས་སུ་སིན་ནས་ཆུ་ཚོད་ལྔ་པའི་སྐབས་སུ་ཡོང་གི་ཡིན་ཟེར། ཉིན་གུང་ཟ་མ་རུ་ཚེ་དང་འབྲས་སོགས་རྒྱག་ཚད་ཟོས་ནས་ཕྱི་ལོགས་སུ་འཁྱམ་འཁྱམ་ལ་ཁྱུག་ཙམ་སོང་། ཆུ་ཚོད་ལྔ་པའི་སྐབས་ལ་སུ་སིན་སླེབས་བྱུང་བས་ངེད་གཉིས་ཆུ་ཚོད་གཅིག་གི་ལམ་དུ་ཡོད་པའི་ཤ་མེད་ཟ་ཁང་ཞིག་ཡོད་པ་དེར་སོང་བས་རྗེའུ་ཧྥུའི་གྲོགས་པོ་རྣམས་དང་མ་ཟད་ངས་ནམ་རྒྱུན་ཆོས་བཤད་སའི་ཀུན་རྡའི་གླིང་ཡོ་གའི་ཚོགས་པ་ནས་མི་ཁ་ཤས་ཞིག་བཅས་སྡོམ་མི་རིགས་དཀར་ནག་འདྲེས་མ་མི་གྲངས་བརྒྱད་ཙམ་འདུག ཟ་མ་ནི་ཨ་རིའི་མི་ལ་དགོས་པའི་འཆར་ཅན་གྱི་ཟ་མ་བཙོ་བསྲེག་སོགས་གང་ཡང་མ་བྱས་པའི་རྗེན་ཟས་ཀྱི་རིགས་ཤ་སྟག་རེད་འདུག ཁོ་རང་ཚོ་ནས་ཁ་ལག་དེ་ཞིམ་ཞིམ་ལྟར་དུ་ཟོས་སོང་ངོས་ལ་དགའ་བ་ནི་རྒྱ་ཐུག་འདྲ་བོ་ཞིག་སྤྲད་བྱུང་བས་དེ་ཕན་པོ་བྱུང་། དེ་ནས་ང་ཚོའི་སྐད་ཆ་འདྲ་མིན་བཤད་བཞིན་ཟ་མ་ལ་རོལ་ནས་མཐར་ཕན་ཚུན་ལུང་པ་འདི་ཡི་ལུགས་སྲོལ་ལྟར་གྱེས་བྲལ་གྱི་འཐམ་འཁྱུད་དང་། ལག་འཇུ་སོགས་ཅི་རིགས་བྱས་ནས་རང་རང་སོ་སོའི་གནས་སུ་སོང་། སུ་སིན་ངེད་གཉིས་ཀྱང་རླངས་འཁོར་ཁ་མོ་རིའི་ཎ་སོགས་ལ་གཏད་ནས་རྩལ་ཆེན་གྱི་མདའ་འཕངས་པ་བཞིན་དུ་རང་ཁྱིམ་དུ་འབྱོར། ཐོག་ཁར་ཡོང་ནས་གནམ་སྐར་སྒེའུ་ཁུང་ནང་ནས་ཉི་ཡོག་ལ་ཡོད་པའི་གྲོགས་པོ་ཨོ་རྒྱན་དར་རྒྱས་དང་མཉམ་དུ་སྐད་ཆ་ཐུང་ཙམ་བྱས་པ་དེ་ནི་བོད་ཀྱི་གཞས་མ་སྐད་གྲགས་ཅན་ཚེ་དབང་ལྷ་མོ་དང་བཅས་མི་ཁ་ཤས་ཨ་རིར་འབྱོར་ནས་བཞས་གཏོང་གི་ཡོད་སྟབས་ལག་ཁྱེར་རེར་ཨ་སྒོར་སུམ་བཅུ་བྱས་ནས་བོད་མི་རྣམས་འཚང་ཁ་ཧ་ཅང་ཆེན་པོ་འདུག་ཟེར། ཨོ་རྒྱན་དར་རྒྱས་ཁོང་ནི་ཁམས་ནང་ཆེན་སྐྱིད་ཆུའི་ཕྱོགས་ནས་རེད་༡༩༩༧ ལོར་ངོས་བོད་ནས་བལ་ཡུལ་ལ་ཡོང་བའི་སྐབས་སུ་ནས་ངོ་ཤེས་པ་ཞིག་ཡིན། སྐབས་དེ་དུས་ཁོང་ནས་རྒྱ་གར་དང་བལ་ཡུལ་སོགས་ལ་ཚོང་རྫས་ཙག་ཙིག་ཁུར་ནས་འགྲོ་མཁན་ཕོ་སར་གཉོམ་ཆུང་འདྲ་ཞིག་འདུག དེང་སང་ཁོ་རང་གི་ནང་མི་ཟླ་སྒྲིལ་བྱས་ནས་ཨ་རིར་འབྱོར་ཡོད། རྒྱ་གར་བལ་ཡུལ་ཕྱོགས་ལ་ནང་ཆེན་བ་མང་པོ་ཡོད་ཀྱང་ཁོང་ནི་མི་སྐྱ་ངོས་ཀྱི་གྲོགས་པོ་ཡག་ཤོས་ཞིག་ཡིན། ཁོ་རང་ཆོས་ལ་དགའ་བོ་བྱེད་མཁན་ཞིག་ཡིན་སྟབས་ངོས་ལ་སྣ་སྐད་དང་སྦྲག་ནས་འདི་འདྲ་ཟེར་གྱིན་འདུག ༼དཀོན་མཆོག་གསུམ་བོད་ཀྱི་མི་འདི་རྣམས་ཧ་ཅང་ཨ་གསར་ཚ་བོ་རེད་འདུག བླ་མ་ཞིག་གི་ཟུར་ནས་གསུང་ཆོས་རིན་མེད་ཐོག་ནས་ཡོད་ཅེས་ཟླ་བ་མང་པོར་ཁྱབ་བསྒྲགས་བྱས་ཀྱང་ཡོང་མཁན་རེ་ཟུང་ལས་མི་འདུག གཞས་པ་འདི་རྣམས་ཀྱིས་གོང་ཚད་ཆེན་པོ་བྱས་ཁ་སང་ཡོང་ནས་དེ་རིང་གཞས་གཏང་ན་མི་རྣམས་ལ་རྐུབ་སྟེགས་མ་རག་པའི་དཀའ་ངལ་རེད། ལོ་རྗེས་མར་ཁྱེད་ཀྱི་བདེ་ཆེན་ཞིང་སྒྲུབ་དེ་ལ་མི་འདི་ཙམ་ཞིག་སླེབས་ན་བསམ་གྱི་ཡོད། ཡིན་ནའང་རང་ངོས་ནས་གང་དྲག་ཐབས་ཤེས་བྱེད་ཀྱི་ཡིན་ཟེར ༽
སྐད་ཆ་དེས་ཉིས་སྟོང་བཅུ་གཉིས་ལོར་སྤྱི་ཟླ་ལྔ་པའི་ནང་ངོས་ནས་ཉི་ཡོག་བོད་རིགས་རྣམས་ལ་བདེ་ཆེན་ཞིང་སྒྲུབ་དང་ནང་ཆོས་ངོ་སྤྲོད་སོགས་ཀྱི་མཛད་འཆར་ཡོད་པ་དེའི་སྐོར་སེམས་ཁྲལ་འཕར་མ་ཞིག་ཀྱང་སྤྲད་སོང་། དེ་ནས་ཉིན་ཐོ་མདོར་བསྡུས་ཞིག་བྲིས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

མཚན་མོ་ཟླ་འཛིན་དང་ཉིན་མོ་ཞི་བདེའི་གཟེངས་རྟགས་བཞེས་པའི་ཉིན་མོ།

སྒྲིབ་ལ་ཉེ་བའི་མཛེས་པའི་དུང་ཟླ་དཀར་ཆུང་།
ཞོགས་པ་ལངས་ནས་སོ་དང་གདོང་པ་སོགས་གཙང་མ་བྱས་ནས་འོག་ཤོད་ཐབ་ཚང་ནང་དུ་སོང་ཞིང་ཞོགས་ཟས་ཉུང་ཙམ་ལ་རོལ་ནས་ཁ་འདོན་ལ་བྲེལ། འདིས་ཉིན་མོ་འདི་ནི་བོད་ཞེས་པའི་ལུང་ཁུག་ས་ཆ་བྱེ་བྲག་པ་ཞིག་ཏུ་སྐྱེས་པའི་ཨ་མདོའི་ཕྲུ་གུ་ཆུང་ཆུང་ཞིག་ནས་ཧ་ཅང་རྙོག་འཛིང་ཅན་གྱི་དུས་རབས་ཉི་ཤུ་པ་དང་ཉེར་གཅིག་པ་དུས་ངན་འདི་གཉིས་ཀྱི་ཁུག་སོར་བྱམས་པ་དང་སྙིང་རྗེའི་མདའ་གཞུ་ལག་ཏུ་ཐོགས་ནས་བརྩོན་འགྲུས་ཀྱི་རྟ་ཕོ་ཞོན་ཞིང་འཚེ་མེད་ཞི་བའི་ཀི་ཤར་ཞིག་གིས་འཛམ་གླིང་འདི་གཡོ་འགུལ་ཐེངས་གཅིག་བྱས་པའི་ལག་རྗེས་སུ་༡༩༨༩ ལོར་འཛམ་བུ་གླིང་གི་ཆེ་དགུ་རྣམས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་Nobel peace prize.ཞེས་ཞི་བདེའི་གཟེངས་རྟགས་ཕུལ་བའི་བཀྲ་ཤིས་པའི་ཉིན་མོ་ཞིག་དང་། མཚན་མོར་ཟླ་བ་སྒྲ་གཅན་གྱིས་ཟིན་པ་དགེ་བ་གང་བྱས་འབུམ་འགྱུར་དུ་འགྲོ་བའི་དོན་འགྲུབ་པའི་ཉིན་མཚན་འདི་གཉིས་ནི་དམིགས་བསལ་ཅན་གྱི་དུས་ཚིགས་ཞིག་ཀྱང་ཡིན། ངོས་ནས་ཁ་སང་དུས་ཆད་བྱས་པ་ནང་བཞིན་ཀུན་བཟང་དང་། ཆོས་འཛིན་གཉིས་དང་ལྷན་ཉིན་གུང་ཟ་མ་ཟ་རྒྱུ་དེ་ཡིན། ས་གནས་འདིར་ང་ཚོ་བོད་རིགས་གསུམ་གཅིག་པུ་ལས་མེད་ཀྱང་ང་ཚོ་ག་དུས་ཡིན་ནའང་མཉམ་དུ་འཛོམས་ནས་སྐྱིད་སྡུག་གི་སྐད་ཆ་བཤད་རེས་དང་། ཆེ་ས་ནས་བོད་དོན་ཆེད་དུ་ལས་འགུལ་སྤེལ་བ་སོགས་གང་དྲག་བྱེད་ཀྱི་ཡོད། བུ་མོ་ཀུན་བཟང་ལགས་ནི་རྡོ་རྗེ་གླིང་དུ་སྐྱེས་ཤིང་ཕལ་ཆེར་ཨ་རིར་འབྱོར་ནས་ལོ་དྲུག་བདུན་ཙམ་ཡིན་ས་རེད། ཨ་ཅ་ཆོས་འཛིན་ནི་བལ་ཡུལ་ནས་ཡོང་ནས་ཕལ་ཆེར་ལོ་གྲངས་བརྒྱད་དགུ་ཙམ་ཡིན་ས་རེད། ཆོས་འཛིན་ལ་བུ་མོ་ཞིག་ཡོད་པ་དེ་ནི་སློབ་གྲྭ་ལ་འགྲོ་བཞིན་ཡོད། ངོས་ནི་བོད་ནས་རྒྱ་གར་ལ་ཡོང་ཞིང་ས་གནས་འདིར་འབྱོར་ནས་ལོ་གཅིག་ལྷག་ལས་ཕྱིན་མེད། ངས་ནམ་རྒྱུན་ཆོས་འཛིན་ལགས་ཀྱི་བུ་མོ་ལ་མཚར་གཏམ་དང་སྦྲག་ནས་ང་ཚོ་ས་གནས་འདིར་བོད་པ་ཕྱེད་བཞི་ལས་མ་གཏོགས་མེད་ཅེས་བཤད་ཀྱི་ཡོད། ང་ཚོ་སྐྱེ་ས་སྐྱེ་ཡུལ་སོགས་གནས་སྐབས་ཐ་དད་ཡིན་ཀྱང་བོད་རིགས་ཀྱི་ཤ་ཁྲག་རུས་གསུམ་ལས་ཆད་པའི་ཞག་རྩི་དེ་ད་དུང་ཡལ་མེད་སྟབས་ཕན་ཚུན་མ་བགྲོས་བསམ་པ་གཅིག་མཐུན་ཧ་ཅང་ཡག་པོ་ཡོད་པ་མ་ཟད་ཁོང་གཉིས་ལ་བོད་དོན་ལ་སེམས་ཤུགས་ཀྱང་ཧ་ཅང་ཆེན་པོ་རེད། ཉིན་གུང་ཆུ་ཚོད་དང་པོའི་སྐབས་སུ་སུ་སིན་སླེབས་བྱུང་བས་ཆུ་ཚོད་ཕྱེད་ཀ་ཙམ་གྱི་སར་ཡོད་པའི་རྒྱ་མིའི་ཟ་ཁང་ཞིག་ནང་ཟ་མ་ཟ་རུ་སོང་བས་ཁོང་གཉིས་ད་དུང་སླེབས་མ་སོང་། ཆུ་ཚོད་ཕྱེད་ཀ་ཙམ་སྒུག སུ་སིན་ནས་ང་གྲོད་པ་ལྟོགས་པའི་སེམས་ཁྲལ་འདྲ་བྱེད་ནས་ཆུ་ཚོད་ལྟ་བཞིན་དུ་ oh my god this is Tibet time. ཞེས་ཁེར་ལབ་བྱེད་བཞིན་འདུག དེ་ནས་ཅུང་མ་འགོར་བར་གཅིག་རྗེས་གཉིས་འབྱོར་བྱས་ནས་སླེབས་བྱུང་། མཉམ་དུ་ཀུན་བཟང་གི་ཆོ་ག་རྗོའུ་ཞེས་ངོས་ཀྱི་དགེ་ཕྲུག་ཡིན་པ་དེ་ཡང་སླེབས་སོང་བས་ང་ཚོའི་ཁ་ལག་གི་ཐོ་གཞུང་ལྟར་དུ་སོ་སོའི་གང་འདོད་མངག་ནས་འགྲངས་ཚད་ཟོས་དེས་ཀྱང་མ་ཚིམ་པར་ཡང་སྐྱར་ཚིག་ཇ་འཐུང་ས་ཞིག་ནང་སོང་ནས་ཚིག་ཇ་ལ་མཆུ་རྩེ་རེག་བཞིན་ངོས་ཉི་ཡོག་དང་པོར་ལེན་སོགས་ནས་ཆོས་ཀྱི་བྱེད་སྒོ་ཁག་ལེགས་གྲུབ་བྱུང་ཚུལ་དང་གནས་སྟངས་སོགས་དྲི་བཤད་རེ་བྱས། དེ་ནས་སུ་སིན་ངེད་གཉིས་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་རྒྱ་མཚོའི་འགྲམ་ནས་ཡར་མར་འགྲོ་བཞིན་པའི་སྐབས་སུ་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་སློབ་མ་རྗེའི་ཧྥུ་རེད་འདུག ཁོང་ནས་ད་ལྟ་རང་ངོས་དང་འཕྲད་དགོས་ཡོད་ཟེར་བས་ས་ཆའི་དུས་ཆད་བྱས་པས་ཁོང་དེར་སླེབས་བྱུང་། ཁོང་ནི་ཨེ་ཊ་ལི་ལ་འཆམ་འཆམ་ལ་སོང་ཞིང་ཚུར་འཁོར་ནས་བདུན་ཕྲག་གཅིག་ལས་ཕྱིན་མི་འདུག ངོས་ལ་ཨེ་ཊ་ལའི་བོད་པའི་ཚོང་ཁང་ཞིག་ནང་ཁྱོད་རང་ལ་མཆོད་རྫས་དམིགས་བསལ་ཞིག་རྔན་པ་ཁུར་ཡོད་གསུངས་ནས་རས་ཐུམ་སྔོན་པོ་རྡོག་རྡོག་ཞིག་བསྟེན་གྱི་འདུག ངས་ཚུར་བླངས་ནས་ཁ་འབྱེད་དུས་བོད་ནས་རྟ་ཡི་སྐེ་རུ་འདོགས་རྒྱུའི་དྲིལ་བུ་དབྱིབས་ཁྱད་མཚར་ཅན་ཞིག་འདུག་སྟབས་ངོས་ནི་རང་དབང་མེད་པར་དབྱིབས་དེ་མཐོང་བ་དང་མཉམ་དུ་གད་མོ་ཤོར་སོང་། ཟུར་ནས་སུ་སིན་ཀྱང་ཁ་ལག་པས་བཀབས་ནས་གད་མོ་དགོད་བཞིན་འདུག གང་ལྟར་ཁོ་རང་ནས་ཐག་རིང་ཞིག་ནས་བསམ་བཞིན་དུ་ཉོས་པའི་རྔན་པ་ཞིག་ཡིན་སྟབས་ཐུགས་རྗེའི་ལེགས་བསྟོད་བརྗོད་པ་དང་མཉམ་དུ་བླངས་ནས་རྒྱབ་ཁུག་ནང་དུ་བཙུད་ནས་གྱེས་བྲལ་གྱི་འཐམས་འཁྱུད་དང་ལག་གཡུགས་སོགས་བྱེད་བཞིན་སུ་སིན་ང་གཉིས་རླངས་འཁོར་དུ་ཞུགས་ནས་སྐར་མ་སུམ་ཅུ་ཙམ་གྱིས་ནང་དུ་འབྱོར། དེ་རིང་ཉིན་མོ་འདི་ནི་དགེ་བ་གང་བྱས་འབུམ་འགྱུར་དུ་འགྲོ་བའི་ཟླ་འཛིན་གྱི་ཉིན་མོ་ཡིན་ཅེས་འཇིག་རྟེན་གྲགས་གཏམ་ཞིག་ཡོད་སྟབས་ད་ནང་ཞོགས་པའི་ཁ་འདོན་གྱི་འཕྲོ་རྣམས་རིམ་བཞིན་ཚར་བར་བྱས། དེ་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་གྲོགས་པོ་གྲྭ་ཟུར་མགོན་པོ་ལགས་རེད། ཁོང་ནི་ཉིས་སྟོང་གཉིས་ལོར་ངོས་བལ་ཡུལ་དགོན་པ་ཞིག་ནང་དཔེ་ཁྲིད་བྱས་ནས་ཡོད་པའི་སྐབས་སུ་ནས་ངོ་ཤེས་གྲོགས་པོ་རྙིང་པ་ཞིག་ཡིན། ཁོང་སྐྱེ་ས་རྒྱ་གར་རྡོ་རྗེ་གླིང་ནས་རེད། ད་ལྟ་ཁོང་ཉི་ཡོག་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཞོན་རེད། ཁོང་ནི་མི་གཞི་བཟང་ཞིང་བོད་ཡིག་དང་དབྱིན་ཇི་སོགས་སློབ་སྦྱོང་ཡག་པོ་ཡོད་མཁན་མ་ཟད་བོད་ཀྱི་རྩ་དོན་ལ་ཁ་ཙམ་མིན་པར་ཞེ་ནས་སེམས་ཤུགས་ཡོད་མཁན་ཞིག་ཡིན། ནམ་རྒྱུན་ང་དང་འཕྲད་དུས་ཁ་ཤོབ་བཤད་རྒྱུ་ལ་ཧ་ཅང་དགའ་བོ་ཡོད་པ་མ་ཟད་ཁ་ཡང་བདེ་བོ་ཡིན། ངས་ཁོང་ལ་ག་དུས་སྐད་ཆ་བྱས་ན་སྲིད་དོན་རྐྱང་རྐྱང་རེད། ངས་ཁྱེད་རང་དེང་སང་ག་རེ་གནང་གི་ཡོད་ཟེར་དུས་ཁོ་རང་ནས་ལན་དུ། ངས་བོད་མི་ས་ཡ་དྲུག་དེ་ངོས་ཀྱི་ཕྲག་ལ་ཁུར་བསྡད་ཡོད་ཧ་ཅང་ལྗིད་གོག་ཆེན་པོ་འདུག་སོགས་སྐད་ཆ་ཤོབ་རྐྱང་རྐྱང་བཤད་ཀྱི་འདུག དེ་ནས་གནམ་སྐར་ནང་ནས་ཉི་ཡོག་ལ་ཡོད་པའི་ངོས་ཀྱི་ཆོས་གྲོགས་ཟླ་བ་དང་ལྷན་ཁ་བརྡ་འགའ་བྱས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Friday, December 9, 2011

འཚོགས་འདུ་འཚོགས་པའི་ཉིན་མོ།

མཛེས་སྡུག་ལྡན་པའི་ཀི་ལི་ཧྥོ་ཉའི་རྒྱ་མཚོའི་ཟུར་ཞིག
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ལང་ནས་ཕྱི་ལོགས་སུ་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ཙམ་སོང་ནས་ནང་དུ་འབྱོར་བ་དང་མཉམ་དུ་གཟུགས་པོ་བཀྲུས། འོག་ཤོད་ཐབ་ཚང་དུ་སོང་ནས་ཞོགས་ཟས་ལ་རོལ་ནས་ཁ་འདོན་ལ་འཇུག འདི་ཡི་ཉིན་མོ་འཇམ་དབྱངས་ཆོས་འཁོར་གླིང་གི་ཚོགས་མི་དང་རྒྱུན་ལས་རྣམ་པ་ཉིས་སྟོང་བཅུ་གཉིས་ཀྱི་ངོས་ཀྱི་མཛད་འཆར་ཁག་དང་ཆོས་ཚོགས་ཀྱི་འཚོགས་འདུ་ཡིན། ཉིན་གུང་ཆུ་ཚོད་གཉིས་པའི་སྐབས་སུ་རླངས་འཁོར་ཁ་ལོ་བ་སུ་སིན་སླེབས་བྱུང་བས་ཁ་སང་གི་དུས་ཆད་བྱས་པའི་ཚིག་ཇ་འཐུང་ས་ཞིག་ནང་དུ་སོང་བས་མི་རྣམས་གཅིག་འབྱོར་གཉིས་འབྱོར་གྱིས་སླེབས་བྱུང་། ཧར་ཌིའི་རྒྱ་གར་དང་། བལ་ཡུལ། འབྲུག་སོགས་ལ་གནས་སྐོར་ལ་སོང་ནས་ཚུར་འབྱོར་བའི་རྔན་པ་རུ་ཤོག་ཁུག་དམར་སྨུག་བཟོ་ལྟ་དོད་པོ་ཆགས་པ་ཞིག་སྤྲད་བྱུང་བས་ངོས་ནས་འཛེམ་མེད་ཀྱིས་ལུང་པ་འདི་ཡི་ལུགས་སྲོལ་ལྟར་ལམ་སང་ཧ་ལས་མདོག་གིས་ཁ་ཕྱེས་པས། ནང་དུ་ཕྱི་ངོས་སུ་བོད་རང་བཙན་བྲིས་ཡོད་པའི་སྟོད་ཐུང་ཞིག་དང་། སྤོས་ཆག་གཅིག བོད་ཀྱི་རྒྱལ་དར་ཆུང་ཆུང་ཞིག་བཅས་རེད་འདུག ཧར་ཌིའི་ནི་ཕ་ཡུལ་ཇོར་མན་ནས་ཡིན་ཅིང་ཨ་རིར་སླེབས་ནས་ལོ་ཕལ་ཆེར་ལྔ་བཅུ་ཙམ་ཡིན་སྐད་འདུག་མོ་ནི་སྐྱེ་དམན་ཧ་ཅང་བཟང་པོ་ཞིག་དང་མ་ཟད། སེམས་རྒྱ་ཆེན་པོ་འཇོན་པོ་བཅས་རེད་འདུག མོ་རང་ནི་འཇམ་དབྱངས་ཆོས་འཁོར་གླིང་གི་ཆོས་ཚོགས་ཀྱི་ཚོགས་གཙོ་ཡིན།  མི་རྣམས་སོ་སོའི་འདོད་པ་ལྟར་ཇ་དང་ཚིག་ཇ་སོགས་མངག་ནས་ཆུ་ཚོད་གསུམ་པའི་སྐབས་སུ་འཚོགས་འདུ་འགོ་བཟུང་། མ་འོང་ཉིས་སྟོང་བཅུ་གཉིས་ལོར་ངོས་ཀྱི་ཆོས་ཕྱོགས་ཀྱི་ལས་འཆར་ཁག་དང་གནས་སྐབས་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་འཚོགས་རྒྱུ་སོགས་ཀྱང་བགྲོ་གླེང་ལྷུག་པོར་བྱས་པ་མ་ཟད། འཇམ་དབྱངས་ཆོས་འཁོར་གླིང་འདི་ཨ་རིའི་གཞུང་ལ་དེབ་བསྐྱེལ་བྱེད་རྒྱུ་སོགས་གང་ཐད་ནས་འཚོགས་འདུ་ཡག་པོ་བྱུང་སོང་། རེས་གཟའ་ཟླ་བའི་འཆར་ཅན་བདེ་ཆེན་ཞིང་སྒྲུབས་ཀྱི་སྐབས་སུ་ཁོང་ཚོའི་བསམ་འཆར་ལ་ཆོ་ག་མ་བཏོན་པའི་སྔོན་ནས་ངོས་ནས་ཆོས་བཤད་ཉུང་མཐར་སྐར་མ་བཅོ་ལྔ་ཙམ་དགོས་སྐོར་བསམ་ཚུལ་བཏོན་བྱུང་། དེ་ནི་ངོས་ལ་ལྕག་ཙན་རྒྱ་ཤར་རྒྱབ་པ་ལས་ཐུ་བའི་ཉེས་ཆད་དེ་ཡིན། གང་ཡིན་ཟེར་ན་ངོས་ཀྱི་དབྱིན་ཇི་ནི་ཤེས་ཚད་ཧ་ཅང་དམའ་བ་མ་ཟད་སྒྲ་གདངས་ནི་དེ་ལས་སྐྱོ་བ་ཞིག་ཡིན། ནམ་རྒྱུན་ངོས་ལ་སྐད་བསྒྱུར་ཧ་ཅང་ཡག་པོ་ཞིག་ཡོད་པ་དེ་ནི་སྐད་གྲགས་ཅན་གྱི་ལོ་ཙྰ་བ་David Molk ཡིན། ཁོང་ནམ་རྒྱུན་བཞུགས་ས་དེ་big sur ཡིན་སྟབས་འདི་ནས་ཆུ་ཚོད་གཉིས་ཙམ་གྱི་ལམ་ཡིན་པ་མ་ཟད་སྐད་བསྒྱུར་གྱི་གླ་ཆ་ཡང་འབུལ་དགོས་ཡོད་སྟབས་སློབ་མ་རྣམས་ནས་ངོས་ཀྱི་དབྱིན་ཇི་གོབ་ཏོ་དེ་ལ་རེ་བ་མ་བྱས་རང་བྱས་ཡིན། དེ་ནས་འཚོགས་འདུ་རྣམས་ལེགས་པར་གྲུབ་ནས་གྱེས་བྲལ་གྱི་འཐམ་འཁྱུད་དང་ལག་འཇུ་སོགས་བྱས་ནས་རང་རང་སོ་སོའི་གནས་སུ་དེངས། སུ་སིན་ངེད་གཉིས་ཀྱང་ངོས་ཀྱི་ཟ་མ་དགའ་ཤོས་ཝེར་ནམ་ཐུག་པ་འཐུང་ས་དེར་སོང་ནས་ངོས་ནས་ཐུག་པ་ཕོར་རྒན་གང་འཐུངས། ཕར་ལྟས་དུས་སུ་སིན་ནས་རྗེན་ཟས་འདྲ་ཞིག་བཟའ་གིན་འདུག དེ་ནས་ནང་དུ་འབྱོར་བ་དང་མཉམ་དུ་ཀིམ་ཀྱི་བུ་ཆེ་བ་ཁའི་སེ་ཟེར་བ་དེ་ཡང་སང་ཉིན་དང་གནང་ཉིན་གཉིས་གཟའ་སྤེན་པ་དང་ཉི་མ་ཡིན་སྟབས་ཉིན་གཉིས་ཀྱི་གུང་སང་ལ་ནང་དུ་འབྱོར་བྱུང་། ང་ལ་ཧ་ཅང་དགའ་བོ་བྱེད་ནས་འཐམས་འཁྱུད་སོགས་བྱེད་ཀྱི་འདུག ངོ་ཚས་ཁ་སྐྱེངས་བཞིན་དབྱིན་ཇི་གོབ་ཏོ་དེ་སྐྱོན་ནས་སྐད་ཆ་ཅུང་ཙམ་བྱས་པ་ཡིན། དེ་ནས་ཐོག་ཁར་ཡོང་ནས་དེ་རིང་གི་ཟིན་བྲིས་ཚར་བར་བྱས་ཤིང་འཛམ་གླིང་གི་སྒེའུ་ཁུང་ནས་རྒྱངས་ལྟ་ཁྱུག་ཙམ་བྱས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Thursday, December 8, 2011

སོས་དལ་བྱས་ནས་ནང་དུ་བསྡད་པའི་ཉིན་མོ།

མཛེས་སྡུག་ལྡན་པའི་ཀི་ལི་ཧྥོ་ཉའི་ཡུལ་ལྗོངས། 
ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་རྨི་ལམ་ཞིག་གི་རྐྱེན་པས་གཉིད་དཀྲོགས་བྱུང་བས་ཡར་ལངས་ནས་ཁྲུས་ཁང་ནང་དུ་སོང་བས་ནམ་ལང་མི་འདུག ཚུར་ཉལ་སར་ཡོང་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་། འོག་ཁང་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ་བཞིན་པའི་སྐབས་སུ་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་རྒྱ་གར་ཀོ་ལི་སྒར་གཞིས་ཆགས་ནས་ངོས་ཀྱི་གྲོགས་པོ་བསྟན་འཛིན་རིན་ཆེན་ཁོང་རེད་འདུག ཁོང་ནས་གསུངས་ན་གཞིས་ཆགས་ཀྱི་ཚོགས་ཁང་ཕྱེད་ཀ་ཙམ་ཚར་ནས་དེང་སང་སྒེའུ་ཁུང་རྒྱག་བཞིན་པའི་སྒང་ཡིན་གསུངས་བྱུང་། དེ་ནས་ཐོག་ཁར་ཡོང་ནས་ཡུན་རིང་འཛུལ་ཞུགས་མ་ཐུབ་པའི་ཁ་བརྡའི་དྲ་རྒྱ་ནང་དུ་སོང་བས་གནས་ཚུལ་གསར་པ་ཞིག་ལ་ཀར་ལུ་རིན་པོ་ཆེའི་སྐོར་རེད་འདུག དེ་ནི་ཉིན་ཁ་ཤས་སྔོན་ནས་གདོང་དེབ་ཀྱི་ནང་དུ་མཐོང་རྒྱུ་ཡོད་པའི་དབྱིན་ཇིའི་སྐད་ཐོག་ནས་ཁོ་རང་ཆུང་ཆུང་སྐབས་སུ་ཕ་གྲོངས་ནས་བཟུང་དཀའ་ངལ་འཕྲད་སྟངས་དང་མ་ཟད་ཁོ་རང་ལ་དམིགས་བསལ་གྲྭ་ཆུང་སྐབས་སུ་མཚན་མཐུན་ཆགས་སྤྱོད་བཙན་གཡེམ་བྱས་པའི་དཀའ་ངལ་ལ་བརྟེན་ནས་ད་ལྟ་དགོན་པའི་གྲྭ་པ་བླ་མ་རྣམས་ལ་ཡིད་ཆེས་མེད་ཅེས་སྡུག་སྐད་དང་བཅས་གསུངས་འདུག་པ་དེར་དྲ་གྲོགས་རྣམས་ཁ་ཤས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་བ་དང་། ཁ་ཤས་ཀྱིས་སྨ་འབེབས་ཀྱི་མཆིལ་ཞགས་འཕེན་བཞིན་འདུག ངོས་ནས་ཀྱང་དེ་ཡི་སྐོར་ལ་བསམ་ཚུལ་ཐུང་ཙམ་ཞིག་བཀོད་ནས་ངལ་གསོ་བྱས་ནས་བསྡད་པ་ཡིན། དགོང་མོར་སུ་སིན་ནས་ཁ་སང་ཀོ་རི་ཡའི་ཚོང་ཁང་ནང་ནས་ཉོས་པའི་མོག་མོག་དེ་བཙོས་བྱུང་བས་རྒྱག་ཚད་ཟོས་ནས་ཡོའི་ཊུབ་ནང་གི་གཞས་པ་སྐད་གྲགས་ཅན་ཤེར་བསྟན་དང་ཚེ་དབང་ལྷ་མོ་སོགས་ནས་མཉམ་གཞས་གཏང་བའི་༼མཐུན་སྒྲིལ་གྱི་རང་སྒྲ་༽ཞེས་པ་དེ་ལ་བལྟས་པས་རང་ཡུལ་ཁ་བྲལ་ནས་མི་ལོ་བཅུ་བཞི་ཏག་ཏག་འགྲོ་བའི་ས་མཐའི་ཁེར་རྐྱང་ང་དང་ང་འདྲ་བའི་བོད་རིགས་རྣམས་ལ་ཤ་ཚ་ནས་སེམས་ནང་སྐྱོ་སྣང་ཞིག་དང་། བསྟན་དགྲ་རྒྱ་མིའི་སྡུག་རྩུབ་དང་དྲག་གནོན་ཇི་ལྟར་བྱས་ཀྱང་སེམས་ལ་འགྱུར་བ་མེད་པ་མདོ་སྟོད་སྨད་ཀྱི་གཞིས་ལུས་རྒྱལ་གཅེས་དཔའ་བོ་དེ་རྣམས་ཀྱི་སྙིང་སྟོབས་དེ་ལ་བསམ་ནས་སེམས་ལ་སྤོབས་པ་ཞིག་བཅས་ཡོང་གི་འདུག གཞས་དེ་ཉན་རྗེས་མར་སར་གན་སྐྱལ་དུ་ཉལ་ནས་བཙན་བྱོལ་བོད་མིའི་ནང་གི་གཞས་དང་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱི་གཞས་ཀྱི་སྐོར་ལ་འདིང་ཞིག་རྒྱབ་པ་ཡིན། ལར་ནི་བཙན་བྱོལ་བོད་ནང་གི་གཞས་པ་རྣམས་ཀྱིས་གཞས་ཚིགས་སུ་ད་ལྟ་རང་བོད་རང་བཙན་དགོས། རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག ཧོས་ཅིང་ཐོ་ཁ་སྐྱག་པས་ཆོད་སོགས་གང་ཟེར་ནའང་བཙོན་ཁང་ལ་འགྲོ་རྒྱུ་ཕར་ཞོག ཐ་ན་སྐད་ཆ་ཙམ་ཡང་འདྲི་མཁན་མེད་ཀྱང་། གཞས་ཚིགས་སུ། ཁྱེད་རང་དྲན་ནས་ང་ཤི་གྲབས་བྱས་སོང་། ཞེས་པ་ལྟར་དུ་རེད། བོད་ནང་ལ་ཡོད་པའི་གཞས་པ་རྣམས་ལ་གཞས་ཚིག་དུམ་རེ་ལ་མི་ཚེའི་སྲོག་དབུགས་དང་བརྗེ་དགོས་པའི་དུས་སྐབས་སུ། གཞས་ཚིགས་སུ། ངེད་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཁྱེད་གདོང་མཆིལ་མས་རླན་ནས་སྒུག་ཡོད་ཅེས་པ་ལྟར་དུ་རེད། གཞས་ཚིག་དེ་གཉིས་ཀྱི་ལྕི་ཡང་ལ་བསམ་བློ་གཏང་བཞིན་བསྡད་ཡོད་པའི་སྐབས་སུ་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཉི་ཡོག་ལ་ཡོད་པའི་ངོས་ཀྱི་གྲོགས་པོ་དགེ་ལུགས་པའི་བླ་མ་འཕགས་སྐྱབས་རིན་པོ་ཆེ་རེད་ཁོང་ནས་ནམ་རྒྱུན་ང་གཉིས་ཚར་དུས་མེད་པའི་འཆར་ཅན་གྱི་མཚར་གཏམ་དེ་རེད། དེ་ནས་ངོས་ཀྱི་ཆོས་གྲོགས་པདྨ་ལགས་དང་མཉམ་དུ་གནམ་སྐར་སྒེའུ་ཁུང་ནས་སྐད་ཆ་མང་པོ་ཞིག་ལབ་གླེང་བྱས་ཞིང་ཉལ་སར་སོང་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཁྱུག་ཙམ་བྱས་ནས་གཉིད་དུ་ཡུར།

Wednesday, December 7, 2011

ཨོ་གཤང་ནས་ལྷམ་གོག་སྤྲད་པའི་ཉིན་མོ།

ཨོ་ཤང་ནས་སྤྲད་པའི་ལྷམ་གོག་དང་ཁ་སྤུ་གཞར་བྱེད།
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ལངས་ནས་ཞོག་འདོན་རྣམས་ཚར་བར་བྱས། ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་སྟབས་བདེ་ཞིག་ཟོས་ནས་གཟུགས་པོ་སྦྱོང་བརྡར་ཆུ་ཚོད་གཅིག་ཙམ་བྱས་ནས་རིན་ཆེན་གཏེར་མཛོད་ནང་ཐུགས་སྒྲུབས་བར་ཆད་ལམ་སེལ་གྱི་འགྲེལ་བཤད་ལ་དཔེ་མཇལ་བྱས། ཉིན་གུང་ཆུ་ཚོད་དང་པོའི་སྐབས་སུ་སུ་སིན་ལ་ཁ་པར་གཏང་བས་མོ་རང་གློ་བུར་དུ་སླེབས་བྱུང་བས་མོ་རི་ནའི་རྒྱ་མཚོའི་འགྲམ་དུ་འཆམས་འཆམས་ལ་ཁྱུགས་ཙམ་སོང་བས་གློ་ཁུག་ནང་གི་ཁ་པར་གྱི་ཏིར་སྒྲ་དེ་ནི་ཨ་ཧྥི་རི་ཀ་ནས་ཡིན་པའི་ངོས་ཀྱི་དགེ་ཕྲུག་ཨོ་གཤང་རེད་འདུག ཁོང་ནས་ངོས་ལ་འཕྲད་དགོས་ཡོད་ཟེར་བས་ངེད་གཉིས་ཤར་རྒྱགས་ཁོ་རང་གི་ནང་ལ་སོང་བས་ཁོ་རང་ནས་སྤྲད་ཆོག་ཆོག་བྱས་ནས་སྒམ་ཞིག་ཟུར་ལ་ཡོད་པ་དེ་བླངས་ནས་སྤུས་མོ་ཐང་དུ་བཙུགས་ནས་གུས་ཞབས་དང་བཅས་པས་སྤྲད་བྱུང་། ལམ་སང་ཁ་འབྱེད་དུས་ཀོ་ལྷམ་དམར་པོ་སྤུས་གཙང་ཞིག་དང་། ཁ་སྤུ་གཞར་བྱས་ཞིག་བཅས་འདུག་ཁ་སྤུ་གཞར་བྱས་དེ་ནི་ང་ལ་མེད་དུ་མི་རུང་བའི་ཅ་ལག་ཞིག་ཡིན། ངས་ནི་ཁོང་ལ་དེ་འདྲའི་ཅ་ལག་མང་པོ་ག་རེ་བྱས་ནས་ཉོས་པ་ཡིན་ང་ལ་ཧ་ཅང་ལྷམ་མང་པོ་ཡོད་ཞེས་བཤད་དུས། ཁོང་རང་ནི་ནམ་རྒྱུན་ང་ཚོའི་རྩེད་མོ་ཟེར་ས་ཡིན་པ་མ་ཟད་ཧ་ཅང་ཁ་བདེ་བོ་ཞིག་ཡིན་སྟབས་ལམ་སང་འདི་ང་ཡི་དགེ་རྒན་གྱི་རྐང་པ་ལ་ལྷམ་གྱི་མཆོད་པ་ཕུལ་བ་ཡིན། ཁྱོད་རང་ལ་ལྷམ་མང་པོ་ཡོད་པ་ངས་ཤེས་ཀྱི་ཡོད་ཡིན་ནའང་སང་ཉིན་ནས་བཟུང་སྟེ་ངོས་ཀྱི་ལྷམ་དེ་གྱོན་དགོས་ཞེས་ཁ་ཤོབ་ཀྱི་ཚུལ་དུ་བཤད་བྱུང་། ངས་ཀྱང་ཐུགས་རྗེ་ཟེར་བ་དང་ཆབས་གཅིག་ཏུ་ཤར་རྒྱག་མོ་རིའི་ཎའི་རྒྱ་མཚོའི་འགྲམ་དུ་སྤྲོ་སེང་ལ་སོང་། ཉིན་མོ་འདི་ནི་གཟའ་ལྷག་པ་ཡིན་སྟབས་མི་རྣམས་ཕལ་ཆེར་ལས་ཀའི་བྲེལ་ཟིང་གིས་རྒྱ་མཚོའི་འགྲམ་དུ་མི་ཐལ་ཐོལ་ལས་མཐོང་རྒྱུ་མི་འདུག་ཀྱང་། སུ་སིན་ངེད་གཉིས་རྒྱ་མཚོའི་འགྲམ་གྱི་ཕ་བོང་གི་ཐོག་ཏུ་སྒོམ་བརྒྱབ་ནས་ཆུ་ཚོད་ཕྱེད་ཀ་ཙམ་ལ་བསྡད་པས་རྒྱབ་ལོགས་ནས་རྒྱ་མཚོའི་རྦ་རླབས་ཀྱི་ཤག་སྒྲ་དེས་སེམས་ལ་ཚོར་བ་མ་འདྲ་བ་ཞིག་འདུག དེ་ནས་ཀོ་རི་ཡའི་ཚོང་ཁང་ཞིག་ནང་སོང་ནས་རྒྱ་ལུགས་ལྟར་དུ་བཟོས་པའི་མོག་མོག་ཤོག་སྒམ་གཉིས་ཉོས་ནས་ནང་དུ་སླེབས་སུ་སིན་ནས་ཐུག་པ་ཞིམ་པོ་ཞིག་བསྐོལ་བྱུང་བས་དེ་འཐུང་བཞིན་པའི་སྐབས་སུ་ཀིམ་ཡང་སླེབས་བྱུང་མོ་རང་ནས་ཀྱང་ཞིམ་ཞིམ་ལྟར་དུ་ཐུག་པ་དེ་འཐུང་བྱུང་། དེ་ནས་གློ་ཁུག་ནང་ནས་ཡང་སྐྱར་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཉི་ཡོག་ལ་ཡོད་པའི་བུ་མོ་སྐལ་བཟང་རེད་འདུག མོ་རང་ནི་རྒྱ་གར་ལྷོ་ཕྱོགས་བེ་ལུ་ཀོ་པའི་གཞིས་ཆགས་ནས་ཡིན་པའི་སྐྱེ་དམན་ཡ་རབ་ཞིག་རེད། མོ་རང་གི་གསུངས་པ་ལྟར་དུ་བྱས་ན་ཨ་རིའི་ཤོག་གུ་མ་འགྲིག་ནས་ཁྲིམས་ཁང་ནང་དུ་ཡོད་སྟབས་དེ་ལ་མོ་རྒྱག་རོགས་ཞེས་ཟེར། མོ་སང་ཉིན་ཞོགས་པ་བརྒྱབ་ན་ཡག་ཚུལ་དང་འབྲེལ་སེམས་གསོ་སོགས་སྐད་ཆ་ཉུང་ཙམ་བྱས་ནས་ཐོག་ཁར་སོང་ནས་ཟིན་བྲིས་ཀྱི་ལས་ལ་ཞུགས་ནས་ཉར་སར་སོང་ནས་གཉིད་དུ་ཡུར། 

Tuesday, December 6, 2011

མི་སི་ཀོའི་ཟ་ཁང་ནས་རྒྱུ་མ་ཟོས་པའི་ཉིན་མོ།

གནམ་སྔོན་པོ་ཐང་དུ་ལྷུང་པ་ལྟ་བུའི་ཀི་ལི་ཧྥོ་ཉའི་རྒྱ་མཚོའི་ཟུར་ཞིག
འདིས་ཉིན་མོ་ཞོགས་པ་ཆུ་ཚོད་བརྒྱད་པ་ཙམ་ལས་ལང་ཐུབ་མ་སོང་། གང་ཡིན་ཞེ་ན་ད་དགོང་ངོས་ཀྱི་སྤུན་མཆེད་ཆེ་བ་བསམ་གཏན་ཤེས་རབ་ལ་ཁ་པར་ནང་ནས་སྐད་ཆ་མང་པོ་བཤད་ནས་མཚན་མོ་ཆུ་ཚོད་གཉིས་པའི་སྐབས་སུ་གཞི་ནས་གཉིད་དུ་ཡུར་བ་ཡིན། ཐབ་ཚང་དུ་སོང་ནས་ཞོགས་ཟས་སྟབས་བདེ་བོ་ཞིག་བཟོས་ནས་ཟོས། ཉིན་གུང་སྐབས་སུ་ངོས་ཀྱི་ཁྱིམ་མཚེས་རྣམས་ནས་ཁྱི་རེ་ཁྲིད་ནས་རྐང་ཐང་དུ་འགྲོ་བ་མཐོང་བས་ངོས་ཀྱང་ལོའི་ཎ་དང་ཀོ་ཀོ་གཉིས་ཁྲིད་ནས་ཕྱི་ལོགས་སུ་སོང་བས་གནམ་གཤིས་ཧ་ཅང་སྐྱིད་པོ་འདུག ཕྱི་ལོགས་སུ་ཁྱི་གཉིས་དང་ལྷན་དུ་སྐར་མ་སུམ་ཅུ་སོང་ནས་ཁྱི་རྣམས་ནང་དུ་བཅུག་ནས་འགྲམ་དེར་མི་སི་ཀོའི་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་དེར་ནམ་རྒྱུན་བོད་ཟས་འདྲ་བོ་གཙོང་རྒྱུ་ཡོད་སྟབས་ཤར་རྒྱག་དེར་སོང་། མི་སི་ཀོའི་ཟ་མ་མང་ཆེ་ཤོས་བཟོ་སྟངས་བོད་ཟས་དང་འདྲ་བོ་རང་འདུག་སྟབས་ངོས་ནི་སྔར་ནས་ཟ་མ་དེ་རྣམས་ལ་དགའ་བོ་ཡོད། དེ་རིང་ངོས་ལ་དགོས་པ་དེ་ནི་རྒྱུ་མ་རེད། ངོས་ནི་ཁམས་ནང་ཆེན་ཡུལ་འབྲོག་འདྲེས་མའི་ས་ཆ་ཞིག་ཏུ་མཚར་སློང་བྱུང་བ་ཞིག་ཡིན་སྟབས་འབྲོག་ཟས་ཤ་དང་རྒྱུ་མ་ལ་ཧ་ཅང་དགའ་བོ་ཡོད། ལྷག་པར་དུ་ངོས་ཀྱི་དྲིན་ཆེན་ཕ་འདས་པོ་དེ་རྒྱུ་མ་རྒྱངས་རྒྱུ་ལ་ཧ་ཅང་མཁས་པ་མ་ཟད་ང་ཚོའི་གྲོང་བསེབ་ཀྱི་མི་རྣམས་ཁོང་གི་རྒྱུ་མ་ལ་མི་དགའ་མཁན་གཅིག་ཀྱང་མེད། དེར་བརྟེན་ངོས་ཀྱང་རྒྱུ་མ་ཟ་རྒྱུ་ལ་ཧ་ཅང་ནས་དགའ་བོ་ཡོད། མི་སི་ཀོའི་རྒྱུ་མ་བྲོ་བ་ཕལ་ཆེར་བོད་པའི་རྒྱུ་མ་གཅིག་པ་རེད། རྒྱུ་མ་མཐོ་དོ་ཙམ་ཞིག་ལ་ཨ་སྒོར་གསུམ་ལས་མི་དགོས་སྟབས་ཨ་སྒོར་དྲུག་གིས་རྒྱུ་མ་བེ་ཐུམ་ཞིག་ཉོས་ནས་གློ་བུར་དུ་ནང་དུ་སོང་ནས་བྲོ་བའི་ཆེད་དུ་སྨན་སྣ་དང་། ཟས་དུག་གི་ཆེད་དུ་བྱིན་རླབས་སོགས་བཏབས་ནས་བཙོས། ཅུང་མ་འགོར་བར་བློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་རླངས་འཁོར་ཁ་ལོ་བ་སུ་སིན་རེད་འདུག ཁ་སང་དུས་ཆད་བྱས་ནས་དེ་རིང་ཉིན་གུང་ཆུ་ཚོད་དང་པོའི་སྐབས་སུ་ཕྱི་ལོགས་སུ་འགྲོ་དགོས་ཡོད་སྟབས་ངས་རྦད་དེ་བརྗེད་འདུག མོ་རང་ནས་ཟེར་ན་ང་སྐར་མ་ལྔ་ཡི་ནང་ལོགས་སུ་དེར་འབྱོར་གྱི་ཡོད་འགྲོ་ཆེད་གྲ་སྒྲིགས་བྱོས་ཞེས་ཟེར་ངས་ནི་རྒྱུ་མ་ཚ་བོ་དེ་རླངས་པ་ཕ་ལེ་སྔོན་ལ་བཞག་ནས་བསྡད་ཡོད། ནམ་རྒྱུན་ཁོང་ཚོའི་ང་ལ་བསླབ་བྱ་འདི་རྒྱག་གི་ཡོད། ཁྱོད་རང་ཁ་ལག་ཨོར་གེན་ནིག་ཟ་དགོས་རེད་མི་སི་ཀོའི་ཟ་མ་ཡག་པོ་ཡོད་མ་རེད་ཅེས་ཡང་ནས་བཤད་ནས་ལྷག་པར་དུ་ཤ་དང་རྒྱུ་མ་མང་པོ་ཟ་ན་ཡག་པོ་མེད་ཚུལ་ཉབ་ཉོབ་ལུང་པ་གང་ཙམ་བཤད་ཀྱི་ཡོད། དེ་ནས་ངས་བསམ་པར་ད་ཡིན་ན་སུ་སིན་གནས་སྐབས་མ་ཡོངས་བའི་ཐབས་ཤེས་བྱས་ནས་ཁ་པར་གཏང་། སུ་སིན་ཁྱེད་རང་སྐར་མ་ཉི་ཤུའི་ནང་ནས་ཡོང་ན་གང་འདྲ་འདུག་ང་ད་ལྟ་གཟུགས་པོ་འཁྲུ་དགོས་ཡོད་ཅེས་བཅད་པས། མོ་རང་ནས་ཨོ་ཁེ། ཟེར་བས་ལམ་སང་རྒྱུ་མ་ཚ་བོ་དེ་གྲངས་མ་བཅུག་པར་ཁྱི་ལྟོག་ཟས་ལ་འཕྲད་པ་ནང་བཞིན་ཟོས་པས་ཧ་ཅང་ཞིམ་པོ་བྱུང་། སུ་སིན་ལ་རྫུན་དུ་མི་འགྱུར་བའི་ཆེད་དུ་མགྱོགས་པོ་གཟུགས་པོ་དེ་ཡང་བཀྲུས་ནས་འོག་ཁང་དུ་སོང་བས་སུ་སིན་སླེབས་སོང་བས་ངོས་གཉིས་སྐད་གྲགས་ཅན་གྱི་ཁར་མེལ་རྒྱ་མཚོའི་འགྲམ་ལ་མཆམ་འཆམ་ལ་སོང་། གྲངས་ངར་འདི་འདྲ་ཡོད་ས་ནས་བུ་མོ་མཛེས་མ་ལོ་ཆུང་རྣམས་ནུ་ཤུབ་དང་གསང་ཁེབ་ལས་མ་གཏོགས་གང་ཡང་མེད་པར་དམར་ཧྲང་དུ་འགྲོ་བ་དང་། ཁ་ཤས་དབུགས་བྲལ་བེམ་པོ་བཞིན་དུ་བྱེ་མའི་ནང་དུ་གན་རྐྱལ་དུ་ཉལ་བ། ཁ་ཤས་ལོ་ཆུང་བུ་དང་བུ་མོ་ཟུང་ཟུང་ལག་གདངས་སྦྲེལ་ནས་འགྲོ་བ། ཁ་ཤས་ནས་ཁྱི་ལ་པོ་ལོ་འཕེན་ནས་ཁྱི་རྣམས་པོ་ལོའི་རྗེས་སུ་རྒྱུགས་རྩལ་ལེན་པ་སོགས་ཆ་ལུགས་ཡ་མ་ཟུང་གི་སྤྱོད་པ་ཅན་ཤ་སྟག་འདུག ངོས་གཉིས་ནི་ཆུ་མཚམས་སུ་ཡར་འགྲོ་མར་འགྲོ་ཅུང་ཙམ་བྱས་པས་གནམ་གཤིས་གྲངས་མོ་འདུག་པས་མ་བཟོད་ནས་ལམ་སེང་ཚིག་ཇ་འཐུང་ས་ཞིག་ནང་སོང་ནས་ཚིག་ཇ་རེ་རེ་མངག་ནས་སྐད་ཆ་བཤད་མགོ་ཚུགས་པ་དང་ལྷན་དུ་ཁ་པར་གྱི་སྒྲ་ཞིག་ཡོད་པ་དེ་ནི་པོར་ལེན་གྱི་ངོས་ཀྱི་དགེ་ཕྲུག་གཉའ་ནང་བ་ཤེས་རབ་སྐལ་ལྡན་རེད། ཁོང་ནས་བདེ་ཆེན་ཞིང་སྒྲུབས་ཀྱི་དཔེ་ཆ་ོངོས་ཀྱི་ཁ་འདོན་ནང་དུ་ལུས་ཡོད་པ་དེ་ཡི་སྐོར་རེད། དེ་ནས་ཚིག་ཇ་རེ་འཐུང་ཞིང་ནང་དུ་ལོགས། ཚར་དུས་མེད་ཀྱང་། འགྲུབ་དུས་མེད་པའི་འཆར་ཅན་གྱི་ཁ་འདོན་ནག་ལྷེབ་ལྷེབ་དེ་འགོ་བཟུང་ནས་གཉིད་ལ་ཡུར་བཞིན་ཆུ་ཚོད་གཅིག་ཙམ་ནང་ནས་ཚར་སོང་། ཁ་པར་གྱི་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་ཆོས་ཚོགས་ཀྱི་ཚོགས་གཙོ་ཧར་ཌིའི་རེད་མོ་རང་ནས་གསུང་ན་གཟའ་ཕུར་བུའི་ཉིན་གུང་ཟ་མ་དང་བསྟུན་ནས་ཆོས་ཚོགས་ཀྱི་འཚོགས་འདུ་ཡོད་ཅེས་གསུངས་སོང་། བློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ལྡི་ལི་ཀོ་ལི་གྱིས་ནང་ལ་ཡོད་པའི་ངོས་ཀྱི་ཚ་མོ་ཆེ་བ་ཆོས་དབྱིངས་དབང་མོ་རེད། མོ་རང་ཟླ་བ་གཅིག་སློབ་གྲྭའི་གུང་སང་སྐབས་སུ་རྡ་རམ་ས་ལ་གྲོགས་མོའི་ནང་དུ་འགྲོ་གི་ཡིན་ཅེས་གསུངས་སོང་། དེ་ནས་དགོང་ཟས་སུ་ཐུག་པ་ཞིག་འཐུང་ནས་ཉིན་ཐོའི་ཟིན་བྲིས་ཀྱི་ལས་ལ་ཞུགས་ཞིང་ཉལ་སར་སོང་ནས་གཉིད་དུ་ཡུར།