Sunday, July 17, 2016

མཁན་པོ་ཀར་ཚེ་བཙོན་གྲོལ་ཐོབ་པའི་གཏམ་བཟང་།

ཉེ་བའི་ཆར་སྤྱི་ཚོགས་དྲྭ་བའི་ཐོག་གཏམ་བཟང་ཞིག་ཡོད་པ་དེ་ནི་རང་དགོན་གྱི་ཆོས་གྲོགས་མཁན་པོ་ཀར་ཚེ་ལགས་བཙོན་ཁང་གི་དུས་བཀག་ཚང་ནས་གནས་སྐབས་གློད་གྲོལ་གཏང་ཡོད་པའི་གནས་ཚུལ་དེ་རེད། ད་ནང་ཞོགས་པ་སྔ་བོར་ཁ་པར་གྱི་ཏིར་སྒྲ་རྒྱུན་མི་ཆད་པ་ཞིག་ཡོད་པ་དེ་ནི་རྒྱལ་གཅེས་བོད་དོན་ལས་འགུལ་ཁང་དང་། སློབ་ཕྲུག་རང་བཙན་ཚོགས་པ། གཞན་ནོར་ཝེ་དང་ཨ་རིའི་རླུང་འཕྲིན་ཁང་སོགས་ནས་མཁན་པོ་ཀར་ཚེའི་སྐོར་རེད་འདུག ལོ་གཉིས་ཡར་སྔོན་མཁན་པོ་འཇུ་བཟུང་བྱས་པའི་སྐབས་སུ་ངས་ཀྱང་ཁོང་གི་གནས་སྟངས་སྐོར་མང་དག་ཞིག་རང་དོན་བློས་གཏང་གིས་གཏམ་དཔེར། རི་བོང་གླག་གིས་ཁུར་ཡང་། འབོད་ས་ཨ་སྔོན་གནམ་ཞེས་པའི་དཔེ་ལྟར་ཉམ་ཆུང་བོད་ལ་དཀའ་ངལ་འཕྲད་དུས་འབོད་ས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། དྲང་བདེན་དང་ཞི་བདེ་ལ་དགའ་བའི་སྟོབས་ལྡན་གྱི་རྒྱལ་ཁབ་རྣམས་ཡིན་པས་ངེད་འཇམ་དབྱངས་ཆོས་འཁོར་གླིང་ཚོགས་པ་ཡོངས་ནས་ཀྱང་ཡིག་ངག་གཉིས་ཀའི་ཐོག་ནས་མཁན་པོ་ཁོང་གི་གནས་སྟངས་གསལ་བཤད་དང་རྒྱབ་སྐྱོར་རགས་ཐབས་གང་དྲག་བྱས། སྐབས་དེ་དུས་ང་ཡང་ཧ་ཅང་སེམས་ལས་ཆེན་པོ་བྱུང་། རྒྱུ་མཚན་གང་ཡིན་ཟེར་ན། སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་ཞི་བར་གཤེགས་རྗེས་རང་རེའི་ཤུལ་ལུས་ཀྱི་སྡེ་དགོན་གཉིས་ལ་ཆོས་སྲིད་གཉིས་ཀའི་ཐོག་ནས་ཞེ་ཕུག་གི་བློ་གཏད་ས་གཅིག་པུ་ནི་མཁན་པོ་ཁོང་ཡིན་པའི་རྒྱུ་མཚན་གྱིས་ཡིན། 


ལར་ནི་དེང་སང་བོད་ནང་གི་གནས་སྟངས་དེ་ས་ཁུལ་མ་འདྲ་བ་ལ་སྲིད་ཇུས་མི་འདྲ་བའི་དབང་གིས་བོད་སྤྱི་ཡི་གནས་སྟངས་ཡོངས་རྫོགས་ས་ཁུལ་བྱེ་བྲག་པའི་ནང་དུ་སྡོམ་རྒྱག་རྒྱུ་ཧ་ཅང་དཀའ། ནང་ཆེན་ཕྱོགས་ལའང་སྲིད་ཇུས་འཇམ་རྩུབ་མི་འདྲ་བ་མང་པོ་ཞིག་ཡོད། རྒྱ་ནག་གཞུང་རང་གིས་བཤད་ཚུལ་ལ་རྒྱལ་ཁབ་ཉིན་རེའི་གསར་འགྱུར་ཞེས་བཤད་སྲོལ་ཡོད་པ་ལྟར་རེད། བོད་ལ་གནས་སྐབས་དཀའ་ངལ་ཆུང་ཚེག་རེ་འཕྲད་པའི་སྐབས་སུ་གློ་བུར་དུ་འདིར་ཕྱོགས་ནས་དེ་ཉིད་ཀྱི་རྒྱབ་ཕྱོགས་སུ་བསམ་བློ་གང་ཡང་མ་གཏང་བར། དེང་སང་གསར་འགོད་པའི་ངོ་བོ་ཞིག་གིས་ས་གནས་དེའི་མི་ཡི་མིང་ཐ་ན་སྡོད་གནས་སོགས་བཤད་གང་ཐུབ་བྱས་ན་དོན་ངོ་མར་དོ་བདག་དེ་ཉིད་ལ་ཕན་ལས་གནོད་ཆེ་བ་རེད་འདུག་བསམ། རྒྱུ་མཚན་དེར་བརྟེན་ཁ་སང་ངས་ཀྱང་གསར་འགོད་པ་སོགས་ལ་གནས་སྐབས་བདུན་ཕྲག་གཅིག་ཙམ་རིང་མཁན་པོའི་སྐོར་དེ་ཁྱབ་སྒྲག་མ་བྱས་ན་ཡག་ཚུལ་བཤད་ཀྱང་སྤྱི་ཚོགས་དྲྭ་རྒྱའི་ལས་མེད་གསར་འགོད་པ་རྣམས་ཀྱི་ཁུངས་མེད་ཀྱི་གནས་ཚུལ་དེ་རྣམས་དཔང་པོ་བྱས་ནས་ཁྱབ་སྒྲག་བྱས་ཚར་འདུག ང་རང་ཉིད་ལའང་ནོར་འཁྲུལ་མེད་པ་གཏན་ནས་མིན་ཏེ། སྔ་ལོར་མཁན་པོ་འཇུ་བཟུང་བྱས་པའི་སྐབས་སུ་བསམ་པ་བཟང་པོའི་འཕེན་བྱེད་དགེ་བས་འཕངས་ཀྱང་རྫོགས་བྱེད་སྡིག་པས་རྫོགས་ཟེར་བའི་ལུང་ལྟར་གོང་དུ་བཤད་པ་བཞིན་རླུང་འཕྲིན་དང་གསར་ཤོག་སོགས་སུ་ཁྱབ་སྒྲག་གང་ཐུབ་བྱས་པས་བོད་ལ་ཡོད་པའི་ང་ཡི་སྤུན་མཆེད་དང་། ཆོས་གྲོགས་འགའ་ལ་རྒྱ་ནག་སྤྱི་བདེ་མི་སྣས་དོ་དམ་དང་འདྲི་རྩད་འགའ་ཤས་བྱུང་འདུག་པས་ད་ལྟའི་ཉིན་ཐོ་འདིའི་བརྒྱུད་ངས་ཁྱེད་རྣམ་པ་ཚང་མ་ལ་སྙིང་གི་དཀྱིལ་ནས་བཟོད་གསོལ་ཞུ་རྒྱུ་ཡིན། ད་རེས་ངས་མཁན་པོ་ཀར་ཚེའི་སྐོར་གནས་ཚུལ་གང་ཡང་གནས་སྐབས་ངོས་ཀྱི་མིང་ཐོག་ནས་ཁྱབ་སྒྲག་མི་བྱེད་རྒྱུ་བྱས་ཡོད། 

མ་བསྐོས་ལས་ཀྱི་ཡ་ཐོད་རི་མོ་ལ།། 
བདེ་སྡུག་མ་འདྲེས་དབྱར་ཀའི་སྤངས་ལྗོངས་འདྲ།། 
ལས་དབང་ལྕི་མོས་ནོན་པའི་གངས་ཅན་པ།། 
བསམ་བཞིན་དཔྱད་ན་སྙིང་ནས་མཆི་མ་དཀུ།། 

ལྷག་པར་བསྟན་སྲིད་དམར་པོའི་འཐོར་རླུང་ཁྲོད།། 
མི་འཇིགས་ཕྱག་གིས་སྐྱབས་པའི་སྐྱེས་བུ་རྣམས།། 
དོན་མེད་སྙད་སྡང་སྲོག་ལ་རྒོལ་བའི་ཚེ།། 
དབུགས་བྲལ་བེམ་པོ་ཡིན་ཡང་མི་འགུལ་ཅི།། 

འདས་པའི་བགྲང་བྱ་ཁྱུད་འཁོར་ཟུང་ཡར་སྔོན།། 
ལུགས་ཟུང་ཕྲག་ཏུ་འདེགས་མཁན་གངས་སེང་ཞིག། 
རིགས་ངན་རྔོན་པའི་རྙི་རུ་ཚུད་པ་དེ།། 
ཁ་སང་གློད་གྲོལ་ཐོབ་པས་གློ་བ་དགའ།། 

སྤྱི་སེམས་ལ་རྒྱར་བཅངས་བའི་ཆག་སྒོ་དང་།།
འབངས་ཀྱི་བདེ་སྡུག་སྒྲོག་པའི་ནག་ཉེས་ཀྱིས།། 
གང་ཁྱེད་ཁྲི་མུན་དམ་པོས་བཅིངས་བའི་སྐབས།། 
སེམས་ཤུགས་འགྱུར་བ་མེད་དམ་ཆོས་ཀྱི་གྲོགས།  

དྲང་པོའི་སྐུ་ལ་གཡོ་སྒྱུས་ཞྭ་མོ་བཀོན།། 
ལྷག་བསམ་ཐུགས་ལ་མ་ཉེས་ཁ་ཡོགབྱས
ཁྱེད་ཀྱི་གཟེད་པའི་མི་བཟོད་དུཿཁ་དེ།།
ཁོ་བོའི་དོན་སྤྱིའི་ངོགས་སུ་ལྷང་ངེར་གསལ།། 

རིགས་བདག་སྐྱབས་མགོན་བུདྡྷའི་མཚན་ཅན་དང་།
མཁན་ཆེན་ཨ་བྷྱ་ཀ་ར་རྣམ་གཉིས་ཀྱི།། 
ཕ་རྗེས་བུ་འཇུག་ལུགས་གཉིས་མཛད་བཟང་ཅན།། 
ཁྱེད་ནི་དཀྲོང་ངེར་འགྱིངས་པའི་རྡོ་རིང་ཞིག།

མཐོན་པོའི་མིང་གི་གོ་སར་ཁྱེད་མི་དགྱེས།། 
བླ་གཟུགས་དཔོན་མ་བླ་ཡི་ཆེ་ཚུགས་མེད།། 
བསྟན་སྲིད་དམར་པོའི་རླུང་གིས་ཁྱེར་བའི་དུས།། 
ཁྱེད་ནི་དྲང་བདེན་སྒྲོག་པའི་དཔའ་བོ་ཞིག། 

ན་གཞོན་ཐལ་རྡུལ་ཁྲོད་ནས་སློབ་གསོ་བ།། 
གསེར་འཕྲུའི་རྒྱ་ཕིག་འོག་ནས་ཆོས་དཔོན་དང་། 
མགོན་མེད་ཉམ་ཐག་པ་ལ་སྐྱབས་མགོན་ཞིག། 
ཁྱེད་ནི་དུས་རབས་གསར་པའི་ཕོ་ཉ་ཡིན།། 

ཡུལ་གྱིས་བསྐལ་བའི་ཆོས་ཀྱི་མཆེད་པོ་དེས།།
ནུབ་གླིང་ས་མཐའི་ཡུལ་ནས་སེམས་འཕྲིན་གྱི།།
ལེགས་སྐྱེས་རྒྱ་སེ་དམར་པོའི་དོ་ཤལ་འདི།། 
གྲོགས་ཁྱེད་དྲན་པའི་རྟེན་གྱི་ཚུལ་དུ་ཕུལ།། 

Tuesday, June 21, 2016

ཐེངས་མ་དྲུག་པའི་རྒྱ་མཚོ་བྱིན་རླབས།


ཉེ་ཆར་ཆོས་ཚོགས་ནས་གྲ་སྒྲིག་བྱས་པ་ལྟར་ཁ་སང་དབྱར་ཉི་ལྡོག་པའི་དུས་ཚོད་འདིའི་ཉིན་མོ་དང་སྟུན་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཉེ་སར་ཡོད་པའི་རྒྱ་མཚོའི་འགྲམ་དུ་ཀླུ་སྨན་དང་མེ་ཏོག་སིལ་མ་སྣ་ཚོགས་གཞན་དཀར་གསུམ་མངར་གསུམ་ཇ་ཕུད་སོགས་ཁྱེར་ནས་མཚོ་འགྲམ་ལ་སོང་། ནམ་རྒྱུན་བྱིན་རླབས་བྱེད་ཡུལ་བྱེ་ཐང་མཚོ་འགྲམ་དུ་མཆོད་གཤམས་མདོར་བསྡུས་བྱས། མི་མང་དྲུག་བཅུ་ལྷག་ཞིག་འཛོམས་འདུག དེ་རིང་ངོས་ཀྱི་སྐད་བསྒྱུར་སླེབས་འདུག་སྟབས་སྐྱེ་འགྲོ་སེམས་ཅན་སུ་ཡིན་ཡང་འབྱུང་བ་བཞི་འདི་གལ་ཆེན་ཡིན་ཚུལ་དང་འབྱུང་བཞིའི་སྲུང་སྐྱོབས་འདི་ཚང་མའི་འགན་འཁྲི་ཡིན་པ་མ་ཟད་བོད་བརྒྱུད་གསང་སྔགས་ཀྱི་ཆོས་འདི་འབྱུང་བཞི་དང་ཉི་ཟླ་གཟའ་སྐར་སོགས་ལ་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་ཚུལ་མདོར་བསྡུས་ཞིག་བཤད། དེ་ནས་སྔ་ལོར་ཁོ་བོས་བྲིས་པའི་འབྱུང་བཞིའི་བྱིན་རླབས་དེ་དང་གཟུངས་འདུས་ནང་ཀླུ་ཡི་དཔང་སྐོང་དང་། སྡེ་བརྒྱད་གསེར་སྐྱེམས། ཆག་མེད་རཱ་གས་མཛད་པའི་ཀླུ་གཏོར་བསྡུས་པ་བཅས་བཏོན། དུང་དཀར་འབུད་པ་དང་མེ་ཏོག་སིལ་མ་མཚོ་ནང་དུ་འཐོར་བ་སོགས་བྱས་ནས་དེ་རིང་གི་རྒྱ་མཚོ་བྱིན་རླབས་དེ་ལེགས་གྲུབ་བྱུང་། ཟུར་དུ་མི་མང་མཉམ་དུ་པར་ལེན་པ་དང་དྲི་བ་དྲིས་ལན་སོགས་ཀྱིས་སོ་སོའི་རེ་འདོད་ཇི་བཞིན་བསྐང་། མི་མང་ནས་དེ་རིང་གི་མཛད་སྒོ་དེ་ཡག་རབས་བཟང་རབས་སོགས་ཀྱིས་ངོ་བསྟོད་ལུང་པ་གང་བཤད། ཆུ་ཚོད་བདུན་པའི་སྐབས་ཆོས་ཚོགས་ནང་དུ་འཆར་ཅན་ལྟར་དུ་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་མདོར་བསྡུས་ཞིག་བཏོན་ནས་དེ་རིང་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་རྣམས་གནས་སྐབས་ལེགས་གྲུབ་བྱུང་། 

ཟུར་དུ་རྒྱ་མཚོ་བྱིན་རླབས་ལས་འཕྲོས་པའི་ཉོབ་གཏམ་ཞིག་གླེང་ན་བསམ། སྤྱིར་གཏང་བོད་པའི་གསང་སྔགས་ཀྱི་ཆོས་འདི་གང་ལ་སྦྱར་ཀྱང་འབྱར་ཆོག་ཆོག སུས་འཐེན་ཀྱང་ནུར་ཆོག་ཆོག་དཔེར་ན་འགྱིག་བྱེ་རིལ་ནང་བཞིན་གཅིག་པ་རེད། ལྷག་པར་དུ་དེང་སང་བོད་པའི་བླ་སྤྲུལ་རྣམས་ཀྱིས་རང་གཟོ་དང་ཕོ་ཚོད་ཀྱིས་སངས་རྒྱས་སྐུ་དྲིན་ཅན་དེས་མི་ལོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་ནས་གང་གིས་ཐུགས་སྟོབས་དྲི་མ་མེད་པའི་ལམ་ནས་དྲངས་པའི་རང་སེམས་འདུལ་བྱེད་ཀྱི་དམ་ཆོས་ཟབ་མོ་འདི་དེང་སང་འཛམ་གླིང་གང་སར་མཐོ་དགོན་སྡེ་དང་དམའ་ཁྱིམ་ཚང་ཚུན་ཆད་ཁ་གསོ་བྱེད་ཀྱི་ཚོང་རྫས་ཞིག་ཏུ་གྱུར་འདུག་ཟེར་ཀྱང་མ་འགྲིག་པ་གང་ཡང་མི་འདུག་བསམ། རྒྱུ་མཚན་ནི། ཁོ་བོ་ལོ་ལྔ་དྲུག་ཡར་སྔོན་ནས་ཨེ་ཤ་ཡའི་ཕྱོགས་སུ་བོད་པའི་བླ་སྤྲུལ་སྤྱི་ལྟར་དཀོར་ཉུལ་བྱས་པའི་སྐབས་སུ་བླ་སྤྲུལ་རྣམས་ཀྱི་བྱེད་སྟངས་དེ་མིག་གིས་མངོན་སུམ་མཐོང་། ལྷག་པར་དུ་དངུལ་ལ་དགྱེས་པའི་བླ་སྤྲུལ་རྣམས་ཀྱིས་ལྷ་ཁང་གསར་པ་དང་། བཤད་གྲྭ་སྒྲུབ་ཁང་སློབ་གྲྭ་སོགས་གསོ་སྐྱོང་དགོས་རབ་མེད་མུག་ལུང་པ་གང་བཤད་ནས་སོ་སོའི་དགོན་པར་སྐུ་འདྲ་དང་མཆོད་རྟེན་རྙིང་པ་རིགས་ཚང་མ་དགོང་ཟས་མི་མང་འདུ་འཛོམས་ཀྱི་སྐབས་སུ་གོང་ཚད་ངེས་ཅན་མེད་པར་དངུལ་ལ་བརྗེ་བ་མ་ཟད་སོ་སོའི་ལག་གི་ཕྲེང་བ་རྙིང་པ་ཡིན་ཆོད་ཕུད་ནས་གཙོང་བའི་དུས་བསྐལ་ངན་པ་ཞིག་ཤར་འདུག དངུལ་གྱི་ཆེད་དུ་རང་གི་དྲིན་ཅན་ཕ་མགོ་ཡིན་ཀྱང་བཀོག་ནས་མི་གཙོང་བའི་ངེས་པ་ནི་མེད། ཆོས་ཚོགས་ཀྱི་དབུ་བླ་རྣམས་ཀྱིས་ཀྱང་གཡང་བུམ་དང་ཀླུ་བུམ་སོགས་བཅའ་སྒྲུབ་བྱེད། དེ་ཉིད་ལ་གོང་ཚད་མཐོན་པོའི་སྒོ་ནས་རྒྱ་རིགས་སློབ་མ་རྣམས་ལ་གཙོང་། བུམ་པའི་རྒྱུ་ཆ་ནི་མང་ཤོས་རྡོ་དང་གཡའ་མ་སོགས་ཡིན། འགའ་ཤས་ཤེལ་རྫུན་དང་འགྱིག་སོགས་ལ་བྱེད། དེ་ཉིད་མཚོ་ནང་དུ་གཡུགས་ནས་བུམ་པའི་སྣོད་བཅུད་གཉིས་ཀས་མཚོ་ནང་གི་ཉ་སྲམ་སོགས་ཆུ་གནས་ཀྱི་སྲོག་ཆག་རྣམས་ལ་ཧ་ཅང་གནོད་ཚབས་ཆེ། མ་ཟད་བུམ་པའི་རྒྱུ་ཆ་འགའ་ཤས་འགྱིག་དང་ཤེལ་སོགས་ཡིན་ན་ཁོར་ཡུག་གཏོར་བཤིགས་ལ་དེ་བས་ཐུ་ས་ཞིག་མེད། 
ངོ་མ་མཚོ་བྱིན་རླབས་ཞིག་བྱེད་བསམ་ན་གཟུངས་འདུས་ནང་དུ་བཞུགས་པའི་ཀླུའི་དཔང་ཀོང་མདོ་དང་། ཉེས་པ་ཀུན་སེལ་གྱི་མདོ། དག་པ་གསེར་མདོ། སྨེ་བདུན་སྐར་མདོ་སོགས་བཀླག། མ་ཟད་ཡེ་ཤེས་སྐར་མདའི་གཟུངས་གྲངས་མང་དང་ཆགས་མེད་རཱ་གས་མཛད་པའི་ཀླུ་གཏོར་དང་། དེ་བཞིན་ཁོང་གིས་མཛད་པའི་གཏོ་འབུམ་རྣམས་སུ་ས་བདག་འཁྲུག་བཅོས་ཆེན་མོའི་བཅའ་ཐབས་དང་ལྷན་ཐབས་དེ་བཞིན་ཧ་སཱ་གརྦྷའི་བཅའ་ཐབས་སོགས་ལག་ལེན་གནད་དུ་ཁེལ་བ་གནང་ན་ལེགས།
དེ་ལྟར་མ་ལྕོགས་ནའང་གནུབས་བན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་སྡེ་བརྒྱད་གསེར་སྐྱེམས་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཀླུ་གཏོར་དང་ཀླུ་བསངས་བཏོན་ན་ལེགས། རྫས་ལ་ཡུ་བ་མེད་པའི་མེ་ཏོག་སིལ་མ་དཀར་སེལ་དམར་ལྗངས་གང་མང་དང་། དཀར་གསུམ་མངར་གསུམ་དུག་རིགས་དང་དམར་ཟས་སོགས་དང་མ་སྦག་པའི་རིགས་ཆུ་ནང་དུ་གཏོར། སྔ་ནས་གྲ་སྒྲིག་བྱས་ཟིན་པའི་རྒྱ་གར་སོགས་ནང་པའི་གནས་ཆེན་ཁག་ནས་བླངས་པའི་ས་སྣ་དང་ཆུ་སྣ་སོགས་ཀྱང་ཆུ་ནང་དུ་བླུགས། མཇུག་ཏུ་བསམ་ལྷུན་ནང་ནས་ཨོ་རྒྱན་འབྱུང་བཞིའི་དབང་བསྡུད་ལེའུ་ཚན། ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིསཿསོགས་ཚིག་རྐང་དྲུག་པོ་ཉིད་མི་མང་དང་མཉམ་དུ་གྲངས་མང་སྐྱོར། མ་ཟད་ཀུན་མཁྱེན་འཇིག་མེད་གླིང་པའི་གསུངས་བྱིན་རླབས་ཅན། གསོལ་འདེབས་བསམ་པ་མྱུར་འགྲུབ་མ་དང་། དུས་ཚོད་ལོང་ཁོམས་བྱུང་ན་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེས་མཛད་པའི་བསྐལ་ངན་དུས་ཀྱི་གཡོ་འཁྲུག་བཟློག་པའི་ཐུགས་དམ་རྒྱུད་བསྐུལཞེས་པ་ཉིད་ཀྱང་བཏོན་ན་ཆུ་བྱིན་རླབས་གཅིག་པུ་ཙམ་མ་ཡིན་པར་འབྱུང་བཞིའི་བྱིན་རླབས་ཡོངས་རྫོགས་སྟབས་གཅིག་ཏུ་འདུས་པས་བྱིན་རླབས་ཀྱི་ཚན་ཁ་ཧ་ཅང་ཆེ། གཙོ་བོ་ནི་རྒྱུ་དུས་ཀྱི་ཀུན་སློང་རྣམས་ནོར་དང་སྦྱིན་བདག་ངོ་སྲུང་གི་རྗེས་སུ་མ་འབྲངས་བར་ཅི་ནས་གལ་ཆེའོ།། 

Tuesday, June 14, 2016

འདི་ལོའི་སྒེར་མཚམས་ལ་བསྡད་པའི་སྐབས་སུ་ཚོར་སྣང་།

ཉེ་བའི་ཆར་ལས་མེད་སོས་དལ་གྱི་ཚུལ་དུ་མཚམས་ལ་ཁ་གཡར་ནས་ཐག་ཉེར་ཡོད་པའི་དགེ་ལུགས་བླ་མ་ཡེ་ཤེས་ལགས་ཀྱི་ཆོས་ཚོགས་Vajrapani Institute གསང་བདག་སློབ་གཉེར་ཁང་དུ་བདུན་གསུམ་རིང་ལ་སྐྱིད་ཉལ་བྱས་ནས་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། སྔ་ལོར་རྙིང་མའི་ཆོས་ཚོགས་པདྨ་འོད་གསལ་གླིང་ལ་ཟླ་བ་གཅིག་ལ་བསྡད། སང་ལོར་ས་སྐྱ་པའི་ཆོས་ཚོགས་ཞིག་ནང་དུ་རེ་བ་བྱེད་བཞིན་ཡོད། གུས་པར་མཚོན་ན་ནམ་རྒྱུན་དུས་ཚོད་གང་ཁོམས་མཚམས་ཀྱི་ཚུལ་དུ་རང་གཅིག་པུར་ལྷོད་དལ་ངང་འདུག་རྒྱུ་འདི་ཧ་ཅང་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། སོས་དལ་བྱས་ནས་བསྡད་པའི་སྐབས་སུ་རིང་ནས་བསྙེན་པའི་ལྷག་པའི་ལྷ་མཆོག་ཕུར་པ་རྡོ་རྗེ་གཞོན་ནུའི་བསྙེན་ཐུན་དང་། བར་གསེང་སྐབས་སུ་དཔེ་བལྟས་དང་དཔེ་ཆའི་ནང་དོན་རྣམས་ཤར་སྒོམ་རེ་བྱེད་ཁུལ་བྱས། ཐུན་གྱི་དངོས་གཞི་རང་རེ་བཀའ་བརྒྱུད་པའི་རྣལ་འབྱོར་པ་རྣམས་ཀྱི་ལུགས་སྲོལ་བླ་སྒྲུབ་ཟབ་མོས་གདམས་ངག་མོས་གུས་ཀྱི་རླུང་གིས་བསྐུལ་བའི་ཉམས་རྟོགས་ཀྱི་མེ་ཆེན་འབུད་ཅིང་དོན་གཉིས་ཀྱི་གཡོས་སྦྱོར་གཟབ་པའི་ལམ་བཟང་འདིར་ཉམས་ལེན་གྱི་གཞུང་ཤིང་རང་བྱས་ནས་བསྡད། ད་རེས་བདུན་གསུམ་རིང་ཟས་རིན་དང་ཁང་གླ་སོགས་ཀྱི་སྦྱིན་བདག་གུས་པའི་ཆོས་ཚོགས་འཇམ་དབྱངས་ཆོས་འཁོར་གླིང་ནས་ཨ་སྒོར་གཅིག་སྟོང་མ་ཟིན་ཙམ་ཞིག་ནར་གཏོང་གནང་འདུས་པས་གུས་པས་སྙིང་ཐག་པ་ནས་དཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་རྗེ་མི་ལ་རས་པའི་ཞལ་ནས། 
བྲག་ལ་སྒོམ་པའི་སྒོམ་ཆེན་དང་།། 
འཚོ་བ་སྦྱོར་བའི་ཡོན་བདག་གཉིས།། 
འཚང་མཉམ་དུ་རྒྱ་བའི་རྟེན་འབྲེལ་ཡིན།། 
རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན།། 


ཅེས་གསུངས་པ་ལྟར་གུས་པས་ཀྱང་སྨོན་དེ་ལྟར་བྱེད་རྒྱུ་ཡིན། 

Sunday, May 22, 2016

ས་ག་ཟླ་བའི་ཚེས་པ་བཅོ་ལྔ་ཉིན་མོ།


ཉིན་མོ་འདི་ནི་ནང་པ་ཡོངས་རྫོགས་ཀྱི་ཆེས་དུས་ཆེན་ཞིག་ཡིན། དེ་ནི་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་པ་དང་། མྱ་ངན་ལས་འདས་པ། སྐུ་འཁྲུངས་པ་སོགས་དུས་ཆེས་གསུམ་འཛོམས་ལ་ངོས་འཛིན་བྱེད་ཀྱི་ཡོད། འཇམ་དབྱངས་ཆོས་འཁོར་གླིང་ཆོས་ཚོགས་ནས་ཀྱང་ཁ་སང་ནས་གྲ་སྒྲིག་བྱས་པ་ལྟར་ཚུལ་ཁྲིམས་ཀྱི་དྲི་བསུང་འཐུལ་བའི་བདུག་སྤོས་དང་། ཉོན་མོངས་ཀྱི་ཚ་གདུང་འཇོམས་པའི་བདུད་རྩི་སོགས་ཀྱི་ཕྱི་ནང་གི་མཆོད་གཤམས་རང་འཁོས་འབྱོར་ཚོད་དང་ལྷག་པར་དུ་ཚོགས་རྫས་རྣམས་མ་ཚང་བར་མེད་པར་བཤམས་བཀོད་བྱས། དེ་རིང་ནི་རེས་གཟའ་སྤེན་པའི་ཞོགས་པ་ཆུ་ཚོད་བཅུ་ནས་བཅུ་གཅིག་བར་མི་མང་ལྷན་སྒོམ་རྒྱག་རྒྱུ་དེ་ཡིན་སྟབས་སྒོམ་ཚར་བ་དང་མཉམ་དུ་མི་གྲངས་ལྔ་བཅུ་མ་ཟིན་ཙམ་དང་ལྷན་གནམ་ཆོས་འོད་དཔག་མེད་ཀྱི་ཚོགས་བསྡུས་ཀརྨ་པ་བཅུ་བཞི་པ་ཐེག་མཆོག་རྡོ་རྗེས་མཛད་པ་དེ་ཉིད་དབྱིན་སྐད་ཐོག་ཏུ་འདོན་བཅུགས། ཚོགས་ལྷག་གོང་དུ་བཟང་སྤྱོད་སྨོན་ལམ་མགོ་ནས་མཇུག་བར་དབྱིན་སྐད་དུ་མཉམ་འདོན་བྱས། ཚོགས་རྣམས་ཕམ་རྒྱལ་མེད་པར་མི་མང་ལ་བཀྱེས་ནས་ཚོགས་ལྷག་དང་ཆད་བརྟན་བསྔོ་སྨོན་བཀྲ་ཤིས་སོགས་ཀྱིས་མཐར་དབྱུངས། མི་མང་རྣམས་ཚོགས་ལ་རོལ་བཞིན་ཕན་ཚུན་ཁ་བརྡས་ལྷིང་འཇག་ཏུ་ཡོད་པའི་ཆོས་ཚོགས་དེ་ནི་ཅོང་ཀའི་ཁྱུ་ཚོགས་འུར་རྡོས་སྐྲོག་པ་ནང་བཞིན་ཀུ་ཅོས་ཡོངས་སུ་ཁེངས་པར་གྱུར། ཉིན་རྒྱབ་མི་རྣམས་ཀྱིས་ཕན་ཚུན་གྱེས་བྲལ་གྱི་ལག་འཇུ་དང་། འཐམ་འཁྱུད། ཕྱག་རྒྱ་སོགས་ཅི་རིགས་ཀྱིས་དེ་རིང་གི་མཛད་སྒོ་དེ་ཡག་རབ་དང་བཟང་རབ་སོགས་ཀྱིས་ངོ་བསྟོད་ས་སྟེང་དུ་མི་ཤོང་བ་ཙམ་རེ་བཤད་རེས་བྱས་ནས་རང་གནས་སུ་དེངས། ང་ནི་སང་ཉིན་ནས་བཟུང་བདུན་གསུམ་རིང་སེན་ཊེའི་ཁུའུ་རོོའུསུ་ལ་མཚམས་འདུག་རྒྱུ་དེ་ཡིན།

Friday, May 20, 2016

བལ་ཡུལ་ནས་ཟླ་གམ་འབྱོར་བའི་ཉིན་མོ།


བལ་ཡུལ་ནས་ཆོས་གྲོགས་ནུབ་རི་བ་མཁན་པོ་ཨོ་རྒྱན་འོད་ཟེར་ལགས་ནས་དགེ་འདུན་པའི་དགུན་ཁའི་ན་བཟའ་ངོས་ཀྱི་གྲོང་སྐད་དུ་ཟླ་གམ་ཞེས་འབོད་སྲོལ་ཡོད་པའི་གྲྭ་ཆས་དེ་ད་ལྟ་རང་འབྱོར་སོང་། ང་ནི་བོད་ཀྱི་སྲོལ་རྒྱུན་གྱི་རིགས་ལ་ཧ་ཅང་དགའ་བོ་ཡོད། ལྷག་པར་དུ་དགེ་འདུན་པའི་ན་བཟའི་རིགས་དཔེར་ན་འདུལ་བ་ནས་གསུངས་པའི་མཁོ་བའི་ཡོ་བྱད་བཅུ་གསུམ་སོགས་ཉར་ཚགས་བྱེད་རྒྱུ་ལ་ཧ་ཅང་ནས་དགའ་བོ་ཡོད། མ་ཟད་ངོས་ཀྱི་སྐྱེ་ཡུལ་བོད་ཁམས་ནང་ཆེན་པའི་གྲྭ་ཆས་ཡ་མ་ཟུང་ཐེབ་ཆག་དཔེར་ན་པགས་པའི་སྨད་གཡོགས་དང་། ཡུ་ནུའི་འགག་རིང་། ཆོོས་ཆེན་རྒྱ་གསེར་སྟོད་འགག ཐུར་ཞྭའམ་རྫོགས་ཆེན་ཉི་ཞྭ་རྩེ་རིང་མ། ཤིང་གི་ཕོར་པ། ཤིང་གི་གཟར་བུ་དང་གཞོང་པ། རྫ་ཡི་ཁོག་མ་སོགས་སྐབས་སྐབས་སུ་ཡིད་ལ་འཁོར་གིན། ནམ་ཞིག་ངེས་པར་ཅན་གྱིས་ནང་ཆེན་པའི་གྲྭ་ཆས་ནང་གསེས་བོད་ལྷམ་ཡུ་བ་ཕྲུག་དང་ཐག་གང་རུང་གིས་ཤན་བཏབས་ཅིང་ལྷམ་མགོ་དང་ལྷམ་མཐིལ་སོགས་ཀོ་བས་རྒྱན་ཅིང་ལྷམ་སྣ་ནས་ངར་གདོང་གི་ཐད་སོའི་བར་སྟོང་སྐུད་དཀར་དམར་གྱིས་འཇའ་བཏབས་ནས་མཛེས་ཆོས་སུ་བཟོས་པའི་ལྷམ་སྒྲོག་དང་བཅས་པ་ཞིག་འདིར་ལེན་ཐུབ་པའི་འབད་རྩོན་བྱེད་མུས་ཡིན། ང་སྐྱེ་སའི་གྲོང་བསེབ་དེས་ནང་གོང་གི་ལྷམ་དེ་འདྲ་བ་བཟོ་ཤེས་མཁན་གཅིག་ཀྱང་མེད། ཕ་ཞིང་གཤེགས་གཙོར་བྱས་པའི་མི་འགའ་ཡིས་རོང་པའི་བོད་ལྷམ་ཐེབ་ཆག་ཐག་གི་ཡུ་བ་བྱས་པ་བཟོ་མཁན་མི་ཉུང་བ་ཞིག་ཡོད་ཀྱང་ང་གཙོས་གཞོན་སྐྱེས་རྣམས་ནས་ལྷམ་དེ་ལ་སྤྲང་ལྷམ་སྐྱ་ཐོ་མ་ཞེས་འབོད་ནས་ཧུས་ཐུག་ན་མ་གཏོགས་མི་གྱོན། ད་དུང་དྲན་ཡུལ་ལ་ལྷང་ངེར་ཡོད་པ་ཞིག་ལ་ཕལ་ཆེར་སྤྱི་ལོ་1977 ནང་སྐོར་ཞིག་ལ་ང་ཡི་ཨ་ཞང་བླ་མ་དགེ་འཕེལ་སྡེ་དགེ་ནས་ནང་ཆེན་ལ་ནང་མི་གཞིས་སྐོར་ལ་ཕེབས་པའི་སྐབས་སུ་ང་ལ་ཕྲུག་ལིང་ཚེ་ཆ་གཅིག་ཆེ་ཆུང་ལ་ཁམས་པའི་བླ་རྒན་ཞིག་གི་སྣབས་འབྱིད་ས་ཙམ་ཞིག་གནང་བྱུང་། ང་དགའ་ཐག་ཆོད་ནས་ཕ་འདས་པོའི་སར་སོང་ནས་ད་རེས་ང་ལ་ཕྲུག་ལྷམ་ཡག་པོ་ཞིག་ཚེམ་དགོས་པས་ཐབས་ཤེས་གནང་རོགས་ཞུས་པས་ཕ་ནས་ཀྱང་དགའ་སྤྲོའི་ངང་ནས་ཁས་ལེན་བྱས་ནས་ཨ་ཞང་ནས་གནང་བའི་ཕྲུག་སྣབ་ཕྱེས་ཙམ་གཉིས་དེ་གསེར་ལས་ལྷག་པར་བྱས་ནས་དུད་ཚང་དེ་ལ་གལ་ཆེན་གྱི་ཅ་དངོས་ཉར་སྣོད་ཤིང་སྒམ་ཀོ་ཤན་མ་ཞིག་ཡོད་པ་དེས་ནང་དུ་བཅུག་སོང་། ངས་ག་དུས་ཡིན་ཀྱང་ཕ་རྒན་ལ་ང་ཡི་ལྷམ་དེ་བཟོ་དགོས་ཞེས་དྲན་གསོས་བྱས་པ་ནི་ཐེངས་མ་གཅིག་ག་ལ་ཚད། ཉིན་གཅིག་ཕ་རྒན་ནས་གྲོང་པ་འདིས་ནང་དུ་ལྷམ་ཡག་པོ་བཟོ་ཤེས་མཁན་མེད། དེ་རིང་ང་འགྲིག་ལ་རུ་ཁག་ལ་འགྲོ་ནས་ལྷམ་བཟོ་མཁས་པ་མི་རྒན་ལུག་ཡག་ངེད་གཉིས་ཤག་པོ་ཡིན་པ་མ་ཟད་བདེ་སྐྱིད་ལྷ་མོའི་གཟའ་ཟླ་ཆུང་བ་དེ་ཡིན་པས་ང་ཚོའི་སྤུན་མཆེད་ཀྱང་རེད། ངས་ཁོང་ལ་ལྷམ་འདི་ཡག་པོ་ཞིག་བཟོ་མཇུག་དགོས་ཁྱེད་རང་ནས་རང་ཉིད་བོད་ཡིག་ཀློག་བྱང་བའི་ཆེད་དང། ང་ཚོའི་མི་ཚང་གི་རྐྱེན་སེལ་རིམ་འགྲོ་གཉིས་ཀའི་ཆེད་དུ་པདྨ་བཀའ་ཐང་ཚར་བཅུ་ཐོན་ཤོག་ཟེར་ངས་ཀྱང་དང་ལེན་བྱས། དེ་ནས་ཕ་རྒན་ནས་འབྲལ་མེད་དུ་གལ་ཆེའི་མཚོན་སྲུང་ནང་བཞིན་སྐེ་ལ་བཏགས་པའི་བོད་བཟོའི་ལྡེའུ་མིག་དེས་ཤིང་སྒམ་ཀོ་ཤན་མ་ཆག་རོ་དེ་སྒོ་ཕྱེ་དུས་ཨ་ཞང་ནས་གནང་བའི་ཕྲུག་མི་རྒན་གྱི་སྣབས་ཕྱིས་ཙམ་གཉིས་དེ་ཀོ་སྒམ་ཆག་རོའི་ཟུར་ནས་བྱི་བ་འཛུལ་ནས་ཕྲུག་རྩབ་ཧྲལ་གཏང་ཟོས་ཚར་ནས་མི་འདུག ཕ་རྒན་འདས་པོ་ངེད་གཉིས་ནི་སེམས་སྡུག་གིས་ངུ་ལ་ཁད་དུ་གྱུར། ཕ་རྒན་ནས་ཆིག་ལབ་ཀྱིས་འདི་ལྟར་ཟེར། ལི་ལི་རོག་པོའི་ཁ་ལ་རྒྱག་རྒྱུའི་སྡུག་བྱི་དེ་ཚོས་ཨ་ཉོག་གི་ལྷམ་བཟོ་བྱས་དེའང་ཟོས་བཞག་གདའ་ཨོ་ཧོ། ཟེར་ཞོར་ཁ་ཚུར་སྐོར་ནས་ང་ཡི་མགོ་ལ་བྱིལ་བྱིལ་བྱེད་བཞིན་སེམས་སྡུག་མ་བྱེད་དང་ཨ་ཕས་གང་མགྱོགས་ཕྲུག་ལྷམ་ཞིག་ཐབས་ཤེས་བྱེད་ཡོང་ཟེར།

Sunday, May 15, 2016

ལོ་གཅིག་འཁོར་བའི་ཆོས་ཚོགས་ཀྱི་མཛད་སྒོའི་ཉིན་མོ།

ཁ་སང་གི་ཉིན་མོ་དེ་ནི་ཆོས་ཚོགས་འདི་གསར་དུ་ཉོས་ནས་ལོ་གཅིག་འཁོར་བའི་དུས་དྲན་མཛད་སྒོ་དེ་ཡིན། ཞོགས་པ་རེས་གཟའ་སྤེན་པར་རྟག་པར་ཆུ་ཚོད་བཅུ་ནས་བཅུ་གཅིག་བར་མི་མང་དང་ལྷན་དུ་སྒོམ་རྒྱག་གི་ཡོད་པས་དེ་རིང་གི་ཉིན་མོ་འདིར་ཁེལ་འདུག
མི་གྲངས་ཉི་ཤུ་ལྷག་ཙམ་ཞིག་ལ་སྒོམ་ཇི་ལྟར་བྱེད་དགོས་མིན་རང་ལུགས་བཀའ་བརྒྱུད་པའི་འཇོག་སྒོམ་ཐོག་ནས་ངོ་སྤྲོད་སྐར་མ་བཅོ་ལྔ་ཙམ་བྱས་ནས་སྒོམ་མཉམ་དུ་བྱས། ཆུ་ཚོད་བཅུ་གཅིག་ཐོག་ཆོས་ཚོགས་ཀྱི་ལས་བྱེད་རྣམས་ནས་སྔ་ནས་གྲ་སྒྲིག་བྱས་ཟིན་པ་ལྟར་མི་མང་དང་ལྷན་དུ་ཐུགས་སྤྲོའི་བྱེད་སྒོའི་ལས་རིམ་ལ་འཇུག འཇམ་དབྱངས་ཆོས་འཁོར་གླིང་གི་ཚོགས་མི་དང་སློབ་མ་གྲོགས་ཕོ་མོ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་སོགས་མི་མང་ཕལ་ཆེར་བཞི་བཅུ་ལྷག་ཙམ་ཞིག་འཛོམས་འདུག དེ་རིང་གི་མཛད་སྒོ་འདིར་ཚེ་འདིར་བཀའ་དྲིན་ཆེས་གཞལ་དཀའ་བའི་ཆོས་ཚོགས་འདི་ཉོ་མཁན་གཏོང་ཕོད་ཅན་གྱི་སྦྱིན་བདག་ཆེན་མོ་རྡེའུ་ར་ལགས་ལ་བླ་སློབ་ཡོངས་ནས་བཀའ་དྲིན་རྗེས་དྲན་གྱི་དྲན་གསོ་ཞུས། ལྷག་པར་དུ་ཆོས་ཚོགས་ཀྱི་སློབ་སྟོན་པ་སྨན་པ་ཁ་སེན་རྡེའི་ར་ལགས་ནས་ཆོས་ཚོགས་འདིའི་ཐོག་མཐའ་བར་གསུམ་དུ་ཕྱག་ལས་རྒྱུན་སྐྱོང་གནང་བ་ལ་མེ་ཏོག་དང་ཤོག་ལིང་ཁ་གཏགས་སོགས་ཕུལ་ཞིང་མི་མང་ནས་དགའ་བསུའི་ལེགས་གསོལ་ཞུས། ཆོས་ཚོགས་ཀྱི་སྐད་བསྒྱུར་བྱམས་པ་དང་གཞན་གཞས་དང་སྒྲ་སྙན་ལ་མཁས་པ་འགའ་ནས་དེང་དུས་ཀྱི་རོལ་ཆ་དང་གླིང་བུ་སོགས་ཀྱིས་མི་མང་གི་ཐུགས་སྤྲོ་གཉིད་ལས་སད་པར་བྱས། སོ་སོའི་ཁུར་བའི་ཤ་མེད་ཀྱི་ཟས་རིགས་གང་འདོད་ལོངས་སུ་སྤྱད་ནས་སྔ་དྲོ་ཆོས་ཀྱི་སྒོམ་དང་ཕྱི་དྲོ་མི་མང་རྣམས་ཁ་ལ་ཟས་ཞིམ་དང་། རྣ་བ་རུ་སྒྲ་སྙན་སོགས་དབང་པོ་སྒོ་ལྔའི་བདེ་བ་ལ་ལོངས་སུ་མཉམ་སྤྱད་བྱས། བོད་ཀྱི་ཁ་རྒྱུན་དུ། ཟ་སྐྱིད་ཆོས་གསུམ་ཞེས་པའི་ཚིག་འདི་ཉིན་མ་གཅིག་ལ་མཉམ་དུ་ལོངས་སྤྱོད་རྒྱུ་བྱུང་བས་ངོས་ཀྱང་དགའ་བོ་བྱུང་། ལུང་པ་འདིའི་མི་རྣམས་ལས་ཀའི་བྲེལ་ཟིང་གི་རྐྱེན་པས་མི་ཐུག་འཕྲད་ཀྱི་དུས་ཚོད་ཆེས་དཀོན་པའི་རིགས་རྣམས་ལ་མི་མང་མཉམ་འཛོམས་ཀྱི་ཐུགས་སྤྲོའི་སྐབས་སུ་བཟང་པོའི་ཞོར་དུ་ཇ་ཆང་གི་དཔེ་ལྟར་རིང་ནས་སྙིང་དུ་གནག་པའི་འདོད་དོན་གྲོགས་པོ་དང་གྲོགས་མོའི་འབྲེལ་བའི་གོ་སྐབས་ཀྱང་ཡག་ཤོས་ཞིག་ཡིན་ཚོད་སྣང་། ཉིན་རྒྱབ་ཆུ་ཚོད་གསུམ་མ་ཟིན་ཙམ་ནས་མཛད་སྒོ་གེགས་མེད་མཐར་ཕྱིན་གྱིས་ལེགས་གྲུབ་བྱུང་། ངས་ཀྱང་གློ་བུར་དུ་ལྷགས་པའི་གསར་པ་ཟུར་བཅར་བ་རྣམས་ལ་སོ་སོའི་འདོད་བློ་དང་མཐུན་པར་གང་དགོས་ལེགས་གྲུབ་ཞུས། ལུང་པ་འདིའི་གོམས་སྲོལ་ལྟར་འཐམ་འཁྱུད་དང་། ལག་འཇུ། ཕྱག་རྒྱ་སོགས་ཅི་རིགས་ཀྱིས་གྱེས་བྲལ་བྱས་ནས་དེ་རིང་གི་མཛད་སྒོ་དེ་རེ་ཞིག་མཇུག་སྒྲིལ་བྱས། 

ས་མཐར་ཁྱི་སྡོམ་བཞིན་འཁྱམས་ནས།། 
བགྲང་བྱ་བཅུ་ཕྲག་གཉིས་རིང་ལ།། 
མངར་སྐྱུར་བྱེ་ཐང་གི་ཁྲོད་ན།། 
ཡར་མེད་རྐང་རྗེས་ཞིག་བཞག་ཡོད།། 

སྔུན་བསུ་རྒྱབ་སྐྱོར་དང་བྲལ་བའི།། 
ནར་བུ་འཁོས་མེད་ཀྱི་བུ་ལ།། 
མཆོག་གསུམ་ཐུགས་རྗེ་ཡི་ཉི་མ།། 
མ་བོས་མགོ་ཐོག་ཏུ་ཤར་བྱུང་། 

བགྲང་བྱ་ཧྲིལ་པོ་ཡི་དུས་ཆེན།། 
སྐྱིད་པའི་དགའ་སྟོན་གྱི་དར་དཀར།། 
མི་ནུབ་མཁའ་དབྱིངས་སུ་སྤུར་ནས།། 
བཀྲ་ཤིས་མཛད་སྒོ་དེ་གྲུབ་སོང་།




Sunday, May 8, 2016

ཨ་མའི་དུས་ཆེན་ཉིན་མོ།


དེ་རིང་ནི་འཛམ་གླིང་རྒྱལ་སྤྱིའི་ཨ་མའི་དུས་ཆེན་གྱི་ཉིན་མོ་དེ་རེད། ངོས་ཀྱི་དྲིན་ལྡན་མ་ལོ་དེ་གུང་ཕྲན་དམར་པོའི་རླུང་འཚུབ་ཀྱི་ཁྲོད་ནས་ང་བྱིས་པ་སྙོམ་ལག་མ་རྒྱས་བའི་ཟླ་བ་གསུམ་ཙམ་གོང་རྐྱེན་འདས་སུ་སོང་། དེ་ནི་ང་ཡི་མི་ཚེར་སོས་མེད་ཀྱི་སྙིང་ལ་རྨ་ཁ་ཆེན་པོ་ཞིག་རེད་འདུག ཡིན་ནའང་རི་གཟར་གྱི་གྱེན་ནས་ཤོར་བའི་རྦབ་རྡོ་ནི་སུས་ཀྱང་མི་ཁེག་པ་ལྟར་ལུས་རྟེན་འདིར་ལས་དབང་གིས་མ་མེད་དྭ་ཕྲུག་ཁེར་རྐྱང་དུ་ལུས་དགོས་པ་ཉམ་ཆུང་ཁོ་བོས་མགོ་ཐོག་ཏུ་ཁེལ་བ་འདིའང་བཅོས་མེད་ཀྱི་སྔོན་ལས་ངན་པ་ཞིག་ཡིན་པར་བསམ། གང་ལྟར་དེ་རིང་ནི་འཛམ་གླིང་ཨ་མའི་དུས་ཆེན་གྱི་ཉིན་མོ་འདིར་ངོས་ཀྱི་ལུས་ཀྱི་སྐྱེས་མ་དྲིན་ལྡན་མ་དངོས་སུ་མེད་ཀྱང་ལས་ཀྱིས་བསྐོས་པའི་ཨ་མ་ཀུན་བཟང་དབང་མོ་ལ་ཤོག་ལིང་ཀར་ཊི་དང་མཉམ་དུ་ཤེལ་དཀར་ཕྲེང་བ་ཞིག་བཅས་ལག་བཏགས་སུ་སྤྲད་ནས་ངེད་གཉིས་རྒྱ་མཚོའི་འགྲམ་དུ་སྤྲོ་སེང་ལ་ཁྱུག་ཙམ་སོང་། དགུང་མོ་ངོས་ཀྱི་ཁྱིམ་འཚེས་རྒན་པོ་སིའི་ཊེན་ཧྥེང་ནང་མི་མཉམ་དུ་དགུང་ཟས་མཉམ་བཟའ་བྱས་པས་ཧ་ཅང་སྐྱིད་པོ་བྱུང་། 

ལུས་ཀྱི་སྐྱེད་མ་དམར་པོའི་རླུང་འཚུབས་ཀྱིས་ཁྱེར་ཡང་།། 
ལས་ཀྱི་བསྐོས་པའི་དྲིན་ཅན་ཨ་མ་ཞིག་རྙེད་སོང་། 
ཤི་གསོན་གཉིས་ཀྱིས་བསྐྱངས་བའི་ས་མཐའ་ཡི་བུ་ཆུང་།།
དེ་རིང་ཨ་མའི་དུས་ཆེན་བསུ་བ་རུ་སླེབས་ཡོད།། 

དམར་པོའི་འཐབ་རྩོད་ཁྲོད་ཀྱི་ཨ་མ་ཡི་འོ་རྒྱལ།།
ཟླ་གསུམ་ཙམ་ལས་མ་ལོན་བུ་ཆུང་ང་བསྐྱུར་ནས།། 
སྡུག་གི་མུན་པའི་ཀློང་ནས་གསོན་བྲལ་དེ་བྱས་དུས།། 
ངུས་པའི་་གདོང་གི་མིག་ཆུ་ད་དུང་ཡང་སྐམ་མེད།། 

མ་མེད་ས་མཐའི་བུ་ཆུང་ཁེར་རྐྱང་དུ་གྱུར་དུས།། 
ངོ་གདོང་གཉེར་མས་ཁེངས་བའི་བོད་མོ་འགའ་མཐོང་སྐབས།། 
དྲིན་ཅན་ཨ་མའི་ཞལ་རས་ལྷང་ལྷང་དུ་དྲན་ནས།། 
སྐྱོ་བའི་མིག་ཆུ་ཤོར་བ་ཉུང་ཉུང་ཞིག་མིན་ནོ།། 

ས་སྟེང་ཨ་མའི་དུས་ཆེན་རེ་རེ་ཡི་སྐབས་སུ།། 
ས་མཐའི་བུ་ཆུང་སེམས་ལ་རྨ་ཁ་རེ་བཟོས་སོང་།
བརྩེ་བའི་སྙིང་གི་ནོར་བུ་དྲིན་ཅན་གྱི་ཨ་མ།། 
ད་ལྟ་འཛམ་གླིང་ས་ཆ་གང་འདྲ་རུ་བཞུགས་ཡོད།། 

སྔ་ལོ་ཨ་མའི་དུས་ཆེན་སྐབས་ལ་བྲིས་པའི་གོང་གི་རྩོམ་ཐུང་དེ་སྐད་བསྒྱུར་བྱམས་པ་ནས་དབྱིན་ཡིག་བསྒྱུར་ནས་བོད་དབྱིན་གཉིས་ངོ་དེབ་ཐོག་ཏུ་བཞག་པས་མི་མང་པོ་ནས་དགའ་རྟགས་དང་མཆན་འདེབས་སོགས་བྱས་འདུག།